ཨ་མདོའི་ཡུལ་སྐད་ལས་རྒྱུན་སྤྱོད་མིང་བརྡ་ཁག་ཅིག་གི་ཡི་གེ་དག་མོ་ཇི་ལྟར་འབྲི་ལུགས་དང་དེའི་སྒྲ་གཟུགས་འགྱུར་སྟངས་སྐོར་ལ་རོབ་ཙམ་དཔྱད་པ།

(ཁག་དང་པོ)
ཀུན་ཁྱབ་ཀླུ་བྱམས། 

       དཀར་ཡོལ། བཏུང་ཕོར་གྱི་མིང་། ཨ་མདོའི་ཡུལ་གྲུ་འགའི་སྐད་དུ། ཀར་འོལ་ཞེས་དང་། ཡུལ་གྲུ་འགའི་སྐད་དུ། ཀར་རོལ་ཞེས་པའི་གདངས་ཐོན། ཆང་དཀར་ཡོལ(ཀར་འོལ། ཀར་རོལ)ནང་ན་ལྟེམ་ལྟེམ་ལྟེམ། ཇ་དཀར་ཡོལ་གང་འབྱངས་ཟེར་བ་ལྟ་བུ། དེས་ན། ཨ་མདོའི་ཡུལ་གྲུ་འགའི་སྐད་དུ། དཀར་ཡོལ་ལ་ཀར་འོའུ་ཞེས་པའི་གདངས་ཐོན་ཚུལ་ནི། ཡིག་རྙིང་བཞིན་དུ་སྡེ་ཚན་གཅིག་ནང་གསེས་ཀྱི་མིང་གཞི་འ་ཡ་གཉིས་གཅིག་ཚབ་གཅིག་ཏུ་སྦྱར་བས་ཡིན་ཏེ། དཔེར་ན། ངོ་འོག་ལ་ངོ་ཡོག ལ་འོག་ལ་ལ་ཡོག འོབས་ལ་ཡོབས། འོང་ལ་ཡོང་། འུ་བུ་ཅག་ལ་ཡུ་བུ་ཅག ལྗོན་ཤིང་ཡོ་འབོག་ལ་འོ་འབོག རྣ་བ་འོན་ལ་རྣ་བ་ཡོན། རྟའི་ཡོབ་ཆེན་ལ་རྟའི་འོབ་ཆེན་ཟེར་ཞིང་། «རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མི་ལ་རས་པའི་རྣམ་མགུར»གྱི་ལྡེབ127པར། མར་པ་ལོ་ཙཱའི་བུ་རྒྱུད་ལ། །གཏམ་སྙན་མང་པོའི་འོང་སྒོ་ཡོད།། ཅེས་ཡོང་སྒོ་ལ་འོང་སྒོ་བྲིས་ཡོད་པ་ལྟ་བུས་མཚོན། མཚོ་སྔོན་ཡུལ་ཤུལ་གྱི་སྐད་དུ། དེང་དུས་ཀྱང་གང་ན་ཡོད་ཅེས་པར་གང་ན་འོད་ཅེས་ཟེར་བ་ཐོས། དེ་ལྟར་ཡོལ་གྱི་ཚབ་ལ་འོལ་བྲིས་པས་དཀར་འོལ་དུ་གྲུབ་ཅིང་། ཨ་མདོའི་ཡུལ་སྐད་དུ། འོལ་ལ་འོའུ་སྒྲ་ལྟ་བུའི་གདངས་ཐོན་ཏེ། བྱ་འོལ་བ་ལ་བྱ་འོའུ་སེར་བའམ་འོའུ་སེ་ར་ཟེར་བ་ལྟ་བུ། བོད་པ་ཚོའི་སྐེར་འདོགས་པའི་གའུ་ཞེས་པ་ལ་ག་འུའམ་ག་བུའུ་ཞེས་པའི་གདངས་འདྲ་ཞིག་ཐོན་ཕྱིར། དཀར་འོལ་ལ་ངག་ཏུ་བརྗོད་བདེ་ཕྱིར་སྔོན་འཇུག་ད་མེད་པའི་ཚུལ་དུ་ཀར་འོའུ་དང་ཀར་བོའུ་ཞེས་པའི་གདངས་ཐོན་པ་ཡིན་ཚུལ། སྔོན་བྱོན་མཁས་པའི་གསུང་དུ་གླང་ཆེན་ཐལ་དཀར་ལ་གླང་ཆེན་ཐལ་ཀར་ཞེས་འབྲི་བ་དང་སྒོ་མཐུན་ལ། «ཀརྨ་སི་ཏུའི་སུམ་རྟགས་འགྲེལ་ཆེན»གྱི་ལྡེབ187པར། ཡུངས་ཀར་ཞེས་པའང་ཡུངས་དཀར་ནག་གི་ཟླས་ཕྱེ་བའི་ཡུངས་ཞི་དཀར་པོ་ཡིན་པས་དཀར་ཞེས་པ་ཁ་དོག་ཉིད་དུ་གོར་མ་ཆག་པས་དེ་དག་གི་གཅིག་དང་དཀར་ལ་འཕུལ་བྱེད་དོར་བའང་མིང་མཐའ་འདྲེན་ཚུལ་ཉིད་དོ། །ཞེས་གསུངས་པ་ལྟ་བུས་མཚོན། ཡུལ་གྲུ་འགའི་སྐད་དུ། དཀར་ཡོལ་ལ་ཀར་རོའུ་ཞེས་པའི་གདངས་ཐོན་པ་ནི། ཡོལ་གྱི་ཚབ་ཏུ་འོལ་ཡིག་བྲིས་པ་དེ་བོལ་ཡིག་ཏུ་གྱུར་པས་ཡིན་ལ། ཨ་མདོའི་ཡུལ་སྐད་ཁྲོད། བ་དང་འ་ཡིག་གཉིས་ཀྱང་སྐབས་འགར་བརྗེ་སྤོར་ཚུལ་དུ་འབྲི་བའམ་སྒྲ་འགྱུར་འབྱུང་དུས་མཆིས་ཏེ། བོད་ལ་འོད་ཅེས་དང་། བོད་ཡིག་ལ་འོད་ཡིག བོན་པོ་ལ་འོན་པོ། དབུགས་ལ་འུགས་ཟེར་བ་སོགས་ཀྱི་སྒྲ་ཐོན་པ་ལྟ་བུས་མཚོན། དེ་བཞིན་དུ། «སྦ་བཞེད»ཀྱི་ལྡེབ81པ་དང་ལྡེབ82པར། བློན་ཞང་འུ་རིང་བཙན་པོ་ལ་བསྐོ་བའི་གྲོས། ཞེས་སམ། ལྷ་སྲས་ཀྱིས་འུ་རིང་སྒོ་བར་དུ་ཆུ་གྲིས་བཀུམ།་་་་་་གྲི་ཁྲག་ཅན་དེ་བོར་ནས་འུ་རིང་རྒྱང་རིང་པོར་སོང་། ཞེས་ཟེར་ཏེ་བར་ཁང་དུ་བྲོས། ཞེས་བློན་པོ་ཞང་རྒྱལ་ཚ་ལྷ་སྣང་གི་བུ་དབུ་རིང་ལ་འུ་རིང་ཞེས་བྲིས་ཡོད་པ་ལྟ་བུས་མཚོན། དེས་ན་དཀར་ཡོལ་ལ་ཀར་རོལ་ཞེས་པའི་སྒྲ་ཐོན་པ་དེ་ཡང་དཀར་ཡོལ་ནས་དཀར་འོལ་དང་དཀར་འོལ་ནས་དཀར་བོལ་དུ་གྱུར་པ་ཡིན་ཙ་ན། དཀར་བོལ་ལ་མིང་མཐའི་པ་པོ་བ་བོ་ཁག་ཅིག་ལ་རྗེས་འཇུག་རང་འདྲའི་རྗེས་སུ་རང་འདྲའི་ར་དང་རོ་སོགས་ཀྱི་སྒྲ་འབྱུང་རྒྱུ་ཡོད་པའི་འགྲོས་ལྟར་བོལ་ཡིག་ལ་རོལ་སྒྲ་ཐོན་པས་ཡིན། (ཨ་མདོའི་ཡུལ་སྐད་ཁྲོད། མིང་མཐར་པ་པོ་བ་བོ་སྦྱར་བའི་ཡི་གེ་ཁག་ཅིག་ལ་སྐབས་འགར་ར་སྒྲ་དང་རོ་སྒྲ་སོགས་ཐོན་པ་ནི། ༡ རྗེས་འཇུག་རང་འདྲའི་རྗེས་སུ་རང་འདྲའི་སྒྲ་ཐོན་པའི་གྲས་ཡིན་ཏེ། དཔེར་ན། ནག་པོ་ལ་ནག་གོ་ཞེས་དང་། སྒོག་པ་ལ་སྒོག་ག ཕུན་སུམ་ཚོགས་པ་ལ་ཕུན་སུམ་ཚོགས་ག མང་པོ་ལ་མང་ངོ་། ཆུང་བའམ་ཆུང་བོ་ལ་ཆུང་ངུའམ་ཆུང་ངོ་། ཐུང་བའམ་ཐུང་བོ་ལ་ཐུང་ངུའམ་ཐུང་ངོ་། དཀར་པོ་ལ་ཀར་རོ། དམར་པོ་ལ་དམར་རོ། སེར་པོ་ལ་སེར་རོ། སྐྱུར་བོ་ལ་སྐྱུར་རོ། ཁུར་པོ་ལ་ཁུར་རོ། སྐོར་བ་ལ་སྐོར་ར། མགར་བ་ལ་མགར་ར། སྒུར་བོ་ལ་སྒུར་རོ། སྟར་བུ་ལ་སྟར་རུ། ནོར་བུ་ལ་ནོར་རུ། མཚར་བོ་ལ་མཚར་རོ། འཛེར་བུ་ལ་འཛེར་རུ། ཞར་བ་ལ་ཞར་ར། ཟོར་བ་ལ་ཟོར་ར། བྲག་གཟར་བོ་ལ་བྲག་གཟར་རོ། གསར་བུ་ལ་གསར་རུ། བསེར་བུ་ལ་བསེར་རུ་ཟེར་བ་སོགས་ཀྱིས་མཚོན། ༢ རྗེས་འཇུག་འཕྲོས་མ་རྣམས་ལ་མིང་མཐའི་པ་པོ་བ་བོ་སོགས་སྒྲ་མི་འགྱུར་བར་ཐོན་ཏེ། དཔེར་ན། མཁན་པོ་ལ་མཁན་པོ་ཞེས་དང་། གད་པ་ལ་གད་པ། དེ་བཞིན་དུ་རྒད་པོ། རྒན་པ། རྒས་པ། རྒྱལ་པོ། ཆུན་པོ། ཆེད་པོ། ལྡོམ་པོ། ཕལ་བ། བློན་པོ་སོགས་ལ་མཁན་ནོའམ་མཁན་རོ་སོགས་ཀྱི་སྒྲ་མི་ཐོན་པ་ལྟ་བུས་མཚོན་ནོ། །) དེ་ལྟར་ཨ་མདོའི་ཡུལ་སྐད་དུ། རོལ་ལ་རོའུ་སྒྲ་ལྟ་བུ་ཐོན་ཏེ། ཤིང་གཤོལ་གྱིས་ཞིང་ངོས་སུ་ཆར་ཆུའི་བཞུར་ལམ་བཏོད་པ་ལ་ཆུ་རོལ་འཐེན་ཞེས་པར་ཆུ་རོའུ་འཐེན་ཟེར་ཞིང་། ལོ་གཅིག་ལ་རྔོ་ཏོག་མ་བཏབ་པར་མལ་བསོ་རུ་བཅུག་པའི་ཞིང་གི་མིང་ལ་སློག་རོལ་ཏུ་བཞག་ཅེས་པར་ལོག་རོའུ་ལ་བཞག་ཟེར་བ། སྐུ་ཕྱོགས་ཨ་རོལ་ཚང་ལ་སྐུ་ཕྱོགས་ཨ་རོའུ་ཚང་ཟེར་བ་སོགས་ལྟ་བུས་མཚོན་ནོ། །མདོར་ན། དཀར་ཡོལ་ཞེས་པ་ནི་བོད་མདོ་དབུས་ཁམས་གསུམ་གྱིས་ཐུན་མོང་དུ་སྤྱོད་པའི་དོན་ཐོབ་ཀྱི་ཡི་གེ་ཡིན་ལ། ཀར་འོལ་དང་ཀར་རོལ་ཞེས་པ་དེ་དཀར་ཡོལ་ཞེས་པ་ལས་གྱེས་བྱུང་ངམ་སྒྲ་ཐོབ་ཀྱི་ཡི་གེ་ཡིན་པས། དེ་གསུམ་བར་གྱི་འབྲེལ་བ་ཇི་ལྟར་བྱུང་ལུགས་སྐོར་གྱི་གསང་གནད་ཤེས་པར་བྱ་རྒྱུ་དེ་གནད་ཀྱི་དོན་པོ་ཡིན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号