ས་སྐྱ་ལེགས་བཤད་ལས་བཤེས་གཉེན་བསྟེན་ཚུལ་གྱི་སྐོར་བཤད་པ།

ས་སྐྱ་ལེགས་བཤད་ནི་བོད་གངས་ཅན་སྤྱི་ལ་བཀའ་དྲིན་བླ་ན་མེད་པའི་པཎྜི་ཏ་ཆེན་མོ་ས་པཎ་ཀུན་དགའ་རྒྱལ་མཚན་མཆོག་གིས་མཛད་པ་རེད། རྩོམ་ལུས་ཚིགས་བཅད་དུ་གྲུབ་ཅིང་ཚིག་སྦྱོར་བབ་ཆགས་ལ་ནང་དོན་གཏིང་ཟབ་པའི་དོན་རྣམས་དཔེ་ཡིས་གསལ་བར་བྱས་ནས་དཀའ་མོ་སླ་མོར་བཏང་ཡོད། ཡིད་ལ་འཛིན་བདེ་ཞིང་གོ་སླ་བས་ཆོས་གྲྭ་སོགས་འགྲིམ་ནས་སློབ་གཉེར་གྱི་སྐལ་བ་མ་ལྡན་པའི་སྐྱེ་བོ་རྣམས་ཀྱིས་ཀྱང་གོ་ནུས་ཕྱིར་བློ་ཁ་དམའ་བའི་སྐྱེ་བོ་རྣམས་ལའང་དཔེ་ཀློག་གི་གོ་འབྱེད་ཡོད། བསྟན་བཅོས་རང་ལས། “འཚོ་བྱེད་ཟས་སུ་སྒྲོ་བཏགས་ནས། །སྨན་གྱིས་ནད་ཆེན་གསོ་བ་ལྟར། །འཇིག་རྟེན་ལུགས་ཀྱི་རྗེས་འབྲངས་ནས། །བདག་གིས་དམ་པའི་ཆོས་འདི་བསྟན། །”ཞེས་གསུངས་པ་ལས་རྣམ་པ་མི་ཆོས་དང་ངོ་བོ་དམ་པའི་ལྷ་ཆོས་སུ་བརྗོད་པར་བསྟན་བཅོས་རང་གི་གསུང་ལས་ཀྱང་རྟོགས་ཐུབ། གཞན་ཡང་བསྟན་བཅོས་རང་ལས། “ཤེས་བྱ་ཀུན་ལ་རབ་སྦྱངས་པས། །ཐམས་ཅད་མཁྱེན་པ་ཐོབ་བྱའི་ཕྱིར། །དེས་ན་བདག་གི་བསྟན་བཅོས་འདི། །རྫོགས་པའི་སངས་རྒྱས་ཐོབ་ཕྱིར་བྱས། །”ཞེས་པས་བསྟན་བཅོས་འདི་ཉིད་མཛད་པའི་མཐར་ཐུག་གི་དམིགས་ཡུལ་ལམ་རང་ལུགས་མཐར་ཐུག་དེ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་ཡིན་པ་གསལ་པོར་བརྗོད་ཡོད། དེ་འཐོབ་པར་སྐྱེས་བུ་ཆེ་འབྲིང་ཆུང་གསུམ་གྱི་ཐུན་མོང་གི་ལམ་གྱི་རིམ་པ་བགྲོད་པར་བསྟེན་ནས་འགྲོ་དགོས་ལ། སྐབས་སུ་བབ་པའི་བརྗོད་བྱར་ས་སྐྱ་ལེགས་བཤད་ལས་བཤེས་གཉེན་བསྟེན་ཚུལ་གྱི་སྐོར་བཤད་པ་ལ་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་དང་། སྟེན་བྱེད་སློབ་མའི་མཚན་ཉིད། སློབ་མས་དགེ་བའི་བཤེས་གཉེན་ཇི་ལྟར་བསྟེན་པའི་ཚུལ། དེ་བསྟེན་པའི་ཕན་ཡོན་དང་། མ་བསྟེན་པ་ཡི་ཉེས་དམིགས་བཅས་རིམ་པ་ལྔའི་སྒོ་ནས་འཆད་པར་བྱ།
གཅིག དགེ་བའི་བཤེས་གཉེན་གྱི་མཚན་ཉིད་བསྟན་པ།

སྤྱིར་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་ལ་མང་ཡང་མདོ་སྡེ་ལས། “བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བརྟེན། །”ཞེས་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་དང་། ཤེས་རབ་ཀྱི་ཆ་སོགས་ཟུར་མི་འདྲ་བ་དུ་མ་ནས་ཚད་མཐོན་པོའི་སྒོ་ནས་མཚན་ཉིད་བཅུ་ལྡན་དུ་གསུངས་ཡོད། ཡིན་ནའང་ས་སྐྱ་ལེགས་བཤད་ལས་སྤྱོད་པ་དང་ཡོན་ཏན་ལྡན་ཚུལ་དེ་རབ་བྱེད་གཉིས་པ་ཡ་རབས་བརྟག་པ་དང་རབ་བྱེད་དང་པོ་མཁས་པ་བརྟག་པ་ཅེས་རབ་བྱེད་མི་འདྲ་བ་རུ་དབྱེ་ནས་སོ་སོར་བསྟན་ཡོད། དེ་མ་ཟད་ཡུལ་དུས་ལ་བལྟས་ནས་བཤེས་གཉེན་གྱི་ཚད་གཞི་ལ་ཅུང་ཙམ་གུ་ཡངས་སམ་ཚད་གཞི་ཇེ་དམའ་རུ་བཏང་བའི་སྣང་ཚུལ་མཆིས་ཏེ།“ཡོན་ཏན་ཀུན་རྫོགས་སྐྱེ་བོ་བསྟེན། །ཡང་ན་ཐ་མལ་འགྲོགས་པ་བདེ། །བུམ་པ་ཆུ་ཡིས་གང་བའམ། །ཡང་ན་སྟོང་བ་ཁུར་བ་སླ། །”ཞེས་པས་རབ་ཡིན་ན་ཡོན་ཏན་ཀུན་རྫོགས་ཀྱི་སྐྱེ་བོ་རང་གི་དགེ་བའི་བཤེས་གཉེན་དུ་བསྟེན་པར་འོས་ལ། འོན་ཏེ་སྙིགས་མའི་དུས་འདིར་འདི་འདྲའི་སྐྱེ་བོ་ཤིན་ཏུ་རྙེད་པར་དཀའ་བས། “ཡོན་ཏན་ཀུན་ལྡན་དཀོན་པ་ལྟར། །ཡོན་ཏན་ཅི་ཡང་མེད་པའང་དཀོན། །སྐྱོན་དང་ཡོན་ཏན་འདྲེས་པ་ལས། །ཡོན་ཏན་གཙོ་ཆེ་མཁས་པས་བསྟེན། །”ཞེས་གཙོ་བོ་ཡོན་ཏན་རང་ལས་ལྷག་པ་ལྡན་པ་ཞིག་རང་གི་དགེ་རྒན་དུ་བསྟེན་པའང་ཆོག་པར་གསུངས།

གཞན་ད་དུང་དགེ་རྒན་བསྟེན་པ་ལ་ལོ་ཚད་སོགས་གཙོ་བོར་མི་འཛིན་པ་ལེགས་བཤད་དམ་གནས་ལུགས་ཅན་གྱི་གཏམ་ཡོད་མེད་དེ་ཚད་གཞི་རུ་འཛིན་དགོས་པ་བསྟན་ཡོད་དེ། “ལེགས་བཤད་བྱིས་པ་དག་ལས་ཀྱང་། །མཁས་པ་རྣམས་ནི་ཡོངས་སུ་ལེན། །དྲི་ཞིམ་འབྱུང་ན་རི་དྭགས་ཀྱི། །ལྟེ་བ་ལས་ཀྱང་གླ་རྩི་ལེན། །”ཞེས་སྐྱེ་བོ་མཆོག་དམན་བར་མ་གང་འདྲ་ཞིག་ཡིན་ཡང་དེའི་ཡོན་ཏན་གྱི་ཆ་རྣམས་ལེན་པར་བྱ་བ་ནི་ཤིན་ཏུ་གལ་ཆེ་བར་འདོད། མདོར་ན། དགེ་རྒན་བསྟེན་པའི་སྐབས་སུ་མདོ་སྡེ་ལས་གསུང་པ་ལྟར་སྐྱོན་ཀུན་ཟད་ཡོད་ཏན་ཀུན་ལྡན་ཞིག་རྙེད་མ་ཐུབ་ཀྱང་། གཙོ་བོ་རང་ཉིད་གོང་འཕེལ་དུ་འགྲོ་བའི་ཆེད་དུ་གཞན་དག་གི་ལེགས་ཆ་ཚང་མའམ་ཆ་ཤས་ཙམ་མ་གཏོགས་མེད་ཀྱང་། དེ་དག་བླངས་ཏེ་རང་ཉིད་ཀྱི་སྐྱོན་ནམ་མི་ལེགས་པའི་ཆ་ལ་བསྒྱུར་བཅོས་གཏོང་དགོས་པ་བསྟན་ཡོད་དེ། “མཁས་པ་ཡོན་ཏན་དཔག་མེད་ཀྱང་། །གཞན་གྱི་ཡོན་ཏན་ཆུང་ངུའང་ལེན། །དེ་ལྟར་རྒྱུན་དུ་སྤྱད་པ་ཡིས། །མྱུར་དུ་ཐམས་ཅད་མཁྱེན་པར་འགྲོ། །”ཞེས་གསུངས་པ་བཞིན་དུ་རང་ལས་ཡོན་ཏན་ལྷག་པ་ཞིག་ལས་ཡོན་ཏན་གྱི་ཆ་རྣམས་ལེན་དགོས་པ་བསྟན་ཡོད། དེ་བས་ཐོག་མའི་དུས་ཀྱི་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་དམ་ཚད་གཞི་དང་བསྡུར་ནས་ཅུང་ཙམ་གུ་ཡངས་སམ་ཚད་གཞི་ཇེ་དམའ་རུ་བཏང་ཞིང་། ཆ་ཡོངས་སུ་རྫོགས་པ་ནས་ཚད་གཞི་རུ་མ་སོང་ཡང་ཆ་རེ་རེ་ནས་ཡོན་ཏན་གྱི་ཆ་ལ་བལྟས་ནས་ལེན་རུང་བ་བསྟན་ཡོད།
གཉིས། སྟེན་བྱེད་སློབ་མའི་མཚན་ཉིད།

སྟེན་བྱེད་སློབ་མའི་མཚན་ཉིད་ལ་ལམ་རིམ་དུ། “འཕགས་པས་གཟུར་གནས་བློ་ལྡན་དོན་གཉེར་བ་ཉན་པོ་སྣོད”ཅེས་གསུངས་ཡོད་དེ། འདི་ལྟ་བུའི་སྣོད་ལྡན་ཞིག་དཀའ་བས། བསྟན་བྱ་དགེ་བའི་བཤེས་གཉེན་གྱི་ཚད་གཞི་བསྟན་པའི་ཤུགས་ནས་སྟེན་བྱེད་སློབ་མའི་ཚད་གཞི་ལའང“གཞན་གྱི་ཡོན་ཏན་ཆུང་ངུའང་ལེན”འདོད་ཀྱི་བསམ་པ་དང་། ཕྱོགས་རིས་སུ་མ་སོང་བ་ལེགས་བཤད་ཡིན་ཕྱིར་བྱིས་པའི་ངག་ལས་ཀྱང་ལེན་འདོད་ཀྱི་བློ་དགོས་པ་སོགས་གཟུར་གནས་དང་དོན་གཉེར་ཡོད་དགོས་པའི་གནས་ལུགས་སོགས་བསྟན་ཡོད། ངེས་པར་བློ་དང་ལྡན་པའི་སྐྱེས་བུ་ཞིག་ཡིན་དགོས་པའི་ཚད་གཞིར་མི་འཇོག་པ་ནི་སྔོན་གྱི་བསྟན་བཅོས་ལས་སློབ་མའི་ཚད་གཞིར་འཛིན་པ་ལས་ཅུང་ཙམ་གུ་ཡངས་སུ་ཕྱིན་པའོ། །

སློབ་མ་རང་ཉིད་ཀྱི་ངོས་ནས་བསླབ་པར་བྱ་བའི་གནས་དེ་ལ་བསླབ་འདོད་དང་ཤེས་འདོད། བསླབ་པར་བྱ་བའི་གནས་དེར་བསླབ་རུང་བ་ཡིན་མིན་སོགས་ཤེས་འདོད་མེད་པ་དང་གཟུར་གནས་མིན་པའི་སློབ་མ་ནི་སྣོད་ཁ་སྦུབ་དང་སྣོད་དྲི་མ་ཅན་ལྟ་བུར་གྱུར་པས་སློབ་མའང་སློབ་མ་ཚད་ལྡན་དུ་མ་སོང་བ་རྟོགས་ཐུབ། དེ་བས་དགེ་རྒན་དང་སློབ་མ་སོ་སོར་མཚན་ཉིད་དང་ཚད་གཞི་འཇོག་པ་འདིས། སློབ་གསོ་ཡང་དག་པ་གཏོང་བ་ལ་དགེ་སློབ་གཉིས་ཆ་ནས་ཚད་གཞི་ལེན་དགོས་པའི་གནས་ལུགས་ར་སྤྲོད་བྱས་ཡོད་པའང་རྟོགས་ཐུབ།
གསུམ། སློབ་མས་དགེ་བའི་བཤེས་གཉེན་ཇི་ལྟར་བསྟེན་པའི་ཚུལ།

དགེ་བའི་བཤེས་གཉེན་མཚན་ཉིད་ལྡན་པ་ཞིག་དང་འཕྲད་ནས། ཡང་དག་པའི་སྒོ་ནས་བསྟེན་པར་བྱ་བ་ནི་རང་ཉིད་ལེགས་ལམ་དུ་འགྲོ་བ་ལ་ཕན་ཐོགས་ཤིན་ཏུ་ཆེ་ཞིང་། བསམ་སྦྱོར་གཉིས་ཀྱི་ཆ་ནས་ལེགས་པར་བསྟེན་དགོས་ཏེ། དགེ་བའི་བཤེས་གཉེན་དམ་པ་ལ་གུས་བཀུར་ལྡན་པ་དང་། ཡོན་ཏན་གྱི་ཆ་ལ་བལྟ་བ་དང་སྐྱོན་རྟོག་སྡོམ་པ། ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསྙེན་བཀུར་བྱ་དགོས། དེ་ལ་ལེགས་བཤད་དུ། “ཡོན་ཏན་ལྡན་ལ་སྐྱོན་ཡོད་ཀྱང་། །ཡོན་ཏན་དགའ་རྣམས་ཉེ་བར་བསྟེན། །ཆར་གྱིས་མཁར་ལ་གནོད་ན་ཡང་། །འཇིག་རྟེན་པ་རྣམས་དགའ་བ་བསྐྱེད། །”ཅེས་ཡོན་ཏན་ཀུན་ལྡན་གྱི་སྐྱེ་བོ་ཤིན་ཏུ་རྙེད་དཀའ་ལ་ཡོན་ཏན་རང་ལས་ལྷག་པ་ཞིག་བསྟེན་པ་ལ་དེའི་ཡོན་ཏན་མཐོང་ཞིང་སྐྱོན་རྟོག་བསྡོམས་ནས་བསྟེན་ན་ད་གཟོད་རང་ཉིད་ལ་འཕེལ་རྒྱས་ཡོང་བ་དང་། སྐྱོན་ཙམ་མཐོང་ནས་མ་བསྟེན་ན་རང་ཉིད་རྒུད་པའི་རྒྱུ་རུ་འགྲོ་སླ་བར་བསྟན། སྦྱོར་བས་བསྟེན་ཚུལ་ལ། བླ་མ་དགྱེས་བྱེད་ཀྱི་བྱ་བ་ཀུན་ལ་འབད་དེ་མི་མཉེས་བྱེད་ཀུན་སྤང་བར་བྱས་ནས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསྙེན་བཀུར་བྱ་དགོས་ལ། “དམ་པ་གཞན་དུ་འགྲོ་ན་ཡང་། །བསྙེན་བཀུར་བྱས་ཏེ་ཉེ་བར་བཞག །ནོར་བུ་རིན་ཆེན་རྟག་མཆོད་ན། །བཀྲ་ཤིས་དཔལ་དང་བསམ་པ་འགྲུབ། །”ཅེས་བསྟན་ཡོད།
བཞི། བཤེས་གཉེན་བསྟེན་པའི་ཕན་ཡོན་དང་མ་བསྟེན་པ་ཡི་ཉེས་དམིགས།

བཤེས་གཉེན་བསྟེན་པའི་ཕན་ཡོན་ཟུར་དུ་མ་དང་རྣམ་པ་དུ་མའི་ལམ་ནས་བསྟན་ཡོད་དེ། “དམན་པས་སྐྱེ་བོ་མཆོག་བསྟེན་ན། །སྐྱེ་བོ་དམ་པའི་སྤྱོད་པ་འབྱུང་། །གླ་རྩིས་བྱུགས་པའི་གང་ཟག་ལ། །གླ་རྩིའི་དྲི་ཞིམ་འབྱུང་ལ་ལྟོས། །”ཞེས་སྐྱེ་བོ་དམ་པ་བསྟེན་པའི་དགེ་མཚན་དང་དམན་པ་བསྟེན་པའི་ཉེས་དམིགས་བསྟན་ཡོད། “ཆེན་པོ་རྣམས་ལ་རྟེན་བཅས་ན། །དམན་པ་རྣམས་ཀྱང་ཆེན་པོ་ཐོབ། །ལྗོན་ཤིང་ཆེ་ལ་བརྟེན་པ་ཡིས། །འཁྲི་ཤིང་རྩེ་མོར་ཕྱིན་ལ་ལྟོས། །” “བློ་གྲོས་ལྡན་པས་ལེགས་བསྐྱངས་ན། །སྐྱེ་བོ་དམན་པའང་མཆོག་ཏུ་འགྱུར། །སློབ་ཤེས་དག་གིས་ནེ་ཙོ་ལ། །བསླབས་ན་འདོན་པ་ཤེས་པར་འགྱུར། །”ཞེས་སྐྱེས་བུ་དམ་པ་ལ་བསྟེན་པའི་དགེ་མཚན་བསྟན་ཡོད་དེ། རང་ཉིད་བློ་ལྡན་ཞིག་མིན་ཀྱང་རྟག་ཏུ་སྐྱེས་བུ་དམ་པ་ལ་བསྟེན་ན། རང་ཉིད་ཀྱང་གོང་འཕེལ་དུ་འགྲོ་སྲིད་པའི་གནས་ལུགས་དང་དགེ་མཚན་སོགས་དཔེ་དོན་གཉིས་ཀྱི་ལམ་ནས་བསྟན་ཡོད། “དམ་པ་དག་ལ་བསྟེན་པ་དང་། །མཁས་པ་དག་ལ་འདྲི་བ་དང་། །གཞུང་བཟང་པོ་དང་འགྲོགས་པ་ནི། །སུ་ལ་ཡོད་པ་རྒྱུན་དུ་བདེ། །”ཞེས་སོགས་ཀྱིས་དགེ་བའི་བཤེས་གཉེན་བསྟེན་པའི་ཕན་ཡོན་ལ་ཟུར་མང་པོ་ནས་དཔེ་སྣ་ཚོགས་ཀྱིས་ཡོན་ཏན་འཕེལ་བའི་ཚུལ་དང་མི་འགྲིབ་པའི་དགེ་མཚན་སོགས་བསྟན་ཡོད། མདོར་ན་དགེ་བའི་བཤེས་གཉེན་ལ་སྐྱོན་གཞན་ཡོད་མེད་མ་བལྟས་པ། ཡོན་ཏན་ཐམས་ཅད་བླང་ན་རང་ཉིད་གོང་ནས་གོང་དུ་འཕེལ་བའམ་རང་ཉིད་ཀྱི་སྐྱོན་འགྲིབ་པ་དང་ཡོན་ཏན་འཕེལ་བའི་དགེ་མཚན་དང་ལྡན་པ་བསྟན་ཡོད།
ལྔ། བཤེས་གཉེན་མ་བསྟེན་པ་ཡི་ཉེས་དམིགས།

བཤེས་གཉེན་མ་བསྟེན་པ་ཡི་ཉེས་དམིགས་ཀྱི་སྐོར་ལ་ལེགས་བཤད་དུ་བླུན་པོའི་སྤྱོད་ཚུལ་དུ་བསྡུས་ཏེ་གསུངས་ཡོད་ལ། “གང་ཞིག་མཁས་པ་ཡོད་བཞིན་དུ། །དེ་ལ་ཡོན་ཏན་མི་སློབ་ན། །མི་དེ་གདོན་གྱིས་བཏབ་པའམ། །ཡང་ན་ལས་ཀྱིས་མནར་བ་ཡིན། །”ཞེས་པས་བོགས་འདོན་གྱི་ཚུལ་དུ་ལེགས་ཚོགས་ཐམས་ཅད་ཀྱི་འབྱུང་གནས་ལ་རྒྱབ་ཏུ་ཕྱོགས་ན་འབྲས་བུ་སྡུག་བསྔལ་ལས་བསྐྱེད་རྒྱུ་མེད་པ་སྟེ། དགེ་རྒན་གྱི་སྐྱོན་ལ་བརྟག་ནས་ཡོན་ཏན་ལ་མ་བསྟེན་ན་རང་ཉིད་ཀྱི་སྐྱོན་འཕེལ་བ་དང་ཡོན་ཏན་འགྲིབ་པ་སོགས་གེགས་དུ་མ་དང་བསྟེན་ཚུལ་བསྟན་ཡོད། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号