རྒྱ་བོད་ཡིག་སྒྱུར་ལས་འཇལ་བྱེད་ཀྱི་མིང་གི་སྒྱུར་ཐབས་སྐོར་གླེང་བ།

ཕུན་ཚོགས་ཉི་སྒྲོན། 

འཇལ་བྱེད་ཀྱི་མིང་ནི་མི་དང་བྱ་དངོས་དེ་བཞིན་བྱ་བྱེད་ཀྱི་ཁ་གྲངས་དང་བོངས་ཚད་མཚོན་པའི་སྡེ་ཚན་གྱི་མིང་ཡིན་ཞིང་། རྒྱ་བོད་སྐད་ཡིག་གང་ཞིག་ཡིན་རུང་སོ་སོར་མང་ཉུང་ལ་མ་ལྟོས་པར་འཇལ་བྱེད་ཀྱི་མིང་མི་ཉུང་བ་ཞིག་ཡོད་པས། དེ་ནི་རྒྱ་བོད་སྐད་ཡིག་གི་ཁྱད་ཆོས་ཤིག་ཏུ་གྱུར་ཡོད། རྒྱ་ཡིག་ཏུ“量词”ཞེས་པ་བོད་ཡིག་ཏུ་འཇལ་ཚད་དང་། འཇལ་ཚིག ཚད་ཚིག་སོགས་འགྱུར་མི་འདྲ་བ་མི་ཉུང་བ་ཞིག་ཡོད་ཀྱང་། བོད་ཀྱི་བརྡ་སྤྲོད་ཀྱི་མིང་དང་ཚིག་གི་ཁྱད་པར་ལ་གཞིགས་ན། དོན་གྱི་ངོ་བོ་ཙམ་སྟོན་པ་མིང་དང་། དོན་གྱི་ཁྱད་པར་སྟོན་པ་ཚིག་ཏུ་གསུངས་པས། ནམ་རྒྱུན་བརྡ་སྤྲོད་སྨྲ་བ་མང་པོས名词ལ་ཆོས་ཅན་བརྗོད་པའི་མིང་དང་། 动词ལ་བྱ་བ་བརྗོད་པའི་མིང་། 形容词ལ་ཆོས་བརྗོད་པའི་མིང་ཞེས་ལོ་ཙཱ་བྱེད་བཞིན་ཡོད། འདི་ལྟར་ན་རྒྱ་ཡིག་གི“词”ཞེས་པ་བོད་ཡིག་ཏུ་མིང་དུ་བསྒྱུར་ན་འཚམ་པར་མཐོང་བས། འདིར“量词”ལ་འཇལ་བྱེད་ཀྱི་མིང་ཞེས་སྤྱད་པ་ཡིན། གཤམ་དུ་རྒྱ་བོད་ཡིག་རིགས་གཉིས་ཀྱི་འཇལ་བྱེད་ཀྱི་མིང་གི་ཁྱབ་རྒྱ་དང་། སྤྱོད་སྟངས། ཁྱད་ཆོས། དབྱེ་བ་སོགས་གཤིབ་སྡུར་དང་སྦྲགས་མདོར་ཙམ་གླེང་བར་བྱའོ། །
རྒྱ་བོད་སྐད་ཡིག་གི་འཇལ་བྱེད་ཀྱི་མིང་གི་ཁྱབ་རྒྱ་དང་སྤྱོད་སྟངས།
    «དེང་རབས་རྒྱ་ཡིག་གི་འཇལ་བྱེད་མིང་གི་མིང་མཛོད»དུ་འཁོད་པའི་འཇལ་བྱེད་མིང་གི་གྲངས་འབོར་ལ་བསྡོམས་རྩིས་བརྒྱབ་ན། དེབ་དེར་ཁྱོན་འཇལ་བྱེད་ཀྱི་མིང629ཡོད་པ་ལས། ཆོས་ཅན་བརྗོད་པའི་འཇལ་བྱེད་ཀྱི་མིང583ཡོད་པ་དེས་འཇལ་བྱེད་མིང་གི་བསྡོམས་འབོར་གྱི92.7%བཟུང་བ་དང་། བྱ་བ་བརྗོད་པའི་འཇལ་བྱེད་ཀྱི་མིང46ཡོད་པ་དེས་འཇལ་བྱེད་མིང་གི་བསྡོམས་འབོར་གྱི7.3%བཟུང་ཡོད་ཅེས་འཁོད་ཡོད། བོད་ཡིག་ལ་ཁྱོན་འཇལ་བྱེད་ཀྱི་མིང་ཇི་ཙམ་ཡོད་མེད་ཀྱི་བསྡོམས་རྩིས་ཤིག་མེད་རུང་། རྒྱ་ཡིག་དང་བོད་ཡིག་གཉིས་བསྡུར་ན། རྒྱ་ཡིག་ཏུ་འཇལ་བྱེད་ཀྱི་མིང་ཧ་ཅང་མང་བ་དང་། བོད་ཡིག་ཏུ་འཇལ་བྱེད་ཀྱི་མིང་ལྟོས་བཅས་ཀྱིས་ཅུང་ཉུང་བར་སྣང་སྟེ། དེ་ཡང་། རྒྱ་ཡིག་ཏུ། 一条鱼、一个人、一只羊、一块砖、一件事ལྟ་བུར་མཚོན་ན། མི་དང་། སྲོག་ཆགས། བྱ་དངོས་སོགས་མི་འདྲ་བར་དེ་མཚུངས་ཀྱི་འཇལ་བྱེད་ཀྱི་མིང་ཡང་མི་འདྲ་བ་རེ་ཡོད་ཀྱང་། བོད་ཡིག་ཏུ་འདི་ལྟར་མིན་པར། ཉ་གཅིག མི་གཅིག ལུག་གཅིག ས་ཕག་གཅིག དོན་དག་གཅིག་བཅས་ཚང་མར་གྲངས་གཅིག་གིས་མཚོན་པ་ལས། རྒྱ་ཡིག་ཇི་བཞིན་ཕུན་སུམ་ཚོགས་པོ་མེད། འོན་ཀྱང་། བོད་ཡིག་ཏུའང་འཇལ་བྱེད་ཀྱི་མིང་ཡོད་དོ་ཅོག་ལ་གཅིག་དང་གཉིས་ཞེས་གྲངས་ཀྱིས་འཇལ་བྱེད་ཀྱི་མིང་མཚོན་པ་འབའ་ཞིག་མིན་ཏེ། དཔེར་ན། ཞོལ་རྡོ་རིང་ཕྱི་མའི་ལྷོ་ངོས་ཀྱི་ཡི་གེར། ལོ་ཅྀག་ཅྀང་རྟག་དུ་དཔྱ་དར་ཡུག་ལྔ་ཁྲི་ཕུལ་ཏེ་ཞེས་པར་དར་གྱི་འཇལ་བྱེད་ཀྱི་མིང་ལ་ཡུག་ཅེས་སྤྱད་ཡོད་པ་དང་། ཆབ་འགག་རྟ་མགྲིན་གྱིས་བརྩམས་པའི«བོད་ཡིག་གི་རྡོ་རིང་ཞིབ་འཇུག»ཅེས་པར“纳绢缯五万匹为寿”ཞེས་དེ་མཚུངས་སུ་རྒྱ་ཡིག་ཏུ་བསྒྱུར་ཡོད་པས། དེ་ལས་བོད་ལ་སྔ་མོ་ནས་འཇལ་བྱེད་ཀྱི་མིང་ཡོད་པ་རྟོགས་པར་མ་ཟད། འཇལ་བྱེད་ཀྱི་མིང་ཕུན་སུམ་ཚོགས་པོ་ཡོད་པའང་རྟོགས་ནུས། དེ་བཞིན«མི་ལ་རས་པའི་རྣམ་མགུར»དུ། “ཁྱེད་རང་དབང་བའི་ནོར་སེ་གཅིག་གམ། ནས་ཕུལ་གང་ངམ། མར་ཉག་གཅིག་གམ། གོས་དར་རྐྱང་སྣ་གཅིག དུད་འགྲོ་ཚེ་འཛུགས་གཅིག་ཀྱང་མིག་གིས་མ་མཐོང་བ་ལ་ད་འདི་འདྲ་ཟེར་བ”ལྟ་བུར་འཇལ་བྱེད་ཀྱི་མིང་ཤིན་ཏུ་ཕུན་སུམ་ཚོགས་པོ་སྤྱད་ཡོད་པ་དང་། ང་ཚོས་ནམ་རྒྱུན་སྤྱད་དང་སྤྱོད་མུས་ཡིན་པའི་སྐད་ཆའི་ཁྲོད་ཀྱི་ཐལ་བ་སྤར་གང་དང་། ལྷམ་ཆ་གཅིག མི་མགོ་བདུན། སྐྲ་ཉག་མ་གཅིག འབྲུ་རྡོག་གཅིག ཆུ་ཐིགས་པ་གཅིག མེ་ཏོག་ཚོམ་བུ་གཅིག སྨན་ཐུན་གཅིག རྨོན་གཡག་དོར་གཅིག དཔེ་ཆ་ཚར་གཅིག སྣམ་བུ་བུབས་གཅིག་སོགས་ལྟ་བུར་ཡང་འཇལ་བྱེད་ཀྱི་མིང་ཤིན་ཏུ་སྣ་ཁ་མང་པོ་ཡོད་པ་རྟོགས་ཐུབ། གཞན་ཡང་། རྒྱ་ཡིག་ཏུ་མིའམ་སྲོག་ཆགས། དེ་བཞིན་བྱ་དངོས་སོ་སོར་སྤྱད་པའི་འཇལ་བྱེད་ཀྱི་མིང་ཚང་མ་མི་འདྲ་བ་ཤ་སྟག་ཏུ་མ་ངེས་ཏེ། དཔེར་ན། 一条鱼、一条狗、一条裤子、一条项链、一条街ལྟ་བུར་སྤྱད་པའི་འཇལ་བྱེད་ཀྱི་མིང་ནི་གཅིག་པར་འཁུམས་པས། ང་ཚོས་ནམ་རྒྱུན་རྒྱ་བོད་ཡིག་སྒྱུར་ཁྲོད་ཀྱི་འཇལ་བྱེད་ཀྱི་མིང་ལོ་ཙཱ་བྱེད་སྐབས། རང་སྣང་གང་ཤར་གྱིས་གཅིག་དང་གཉིས་སོགས་གྲངས་ཁོ་ནས་འཇལ་བྱེད་ཀྱི་མིང་མ་མཚོན་པར། རྒྱ་ཡིག་གི་འཇལ་བྱེད་ཀྱི་མིང་གཞིར་བཟུང་སྟེ་བོད་ཡིག་ཏུའང་དེ་མཚུངས་ཀྱི་འཇལ་བྱེད་ཀྱི་མིང་ཡོད་མེད་ལ་བསམ་བློ་བཏང་སྟེ། བོད་ཡིག་ཏུ་མ་ཡིག་གི་དོན་དང་འདྲ་བའི་འཇལ་བྱེད་ཀྱི་མིང་ཡོད་ན། ངེས་པར་དུ་བོད་ཡིག་གི་འཇལ་བྱེད་ཀྱི་མིང་གཞིར་བཟུང་ནས་ལོ་ཙཱ་བྱེད་དགོས།
རྒྱ་བོད་འཇལ་བྱེད་ཀྱི་མིང་གི་ཁྱད་ཆོས།
    རྒྱ་བོད་སྐད་ཡིག་གང་ཞིག་ཡིན་རུང་། རང་སོ་སོར་འཇལ་བྱེད་ཀྱི་མིང་མི་ཉུང་བ་ཞིག་ཡོད་ཀྱང་། དེ་དག་གི་གྲུབ་ཚུལ་དང་སྤྱོད་སྟངས་ལ་འདྲ་བའི་ཁྱད་ཆོས་ཡོད་པར་མ་ཟད་མི་འདྲ་སའང་ངེས་ཅན་ཡོད་པ་སྟེ། དཔེར་ན་རྒྱ་ཡིག་ཏུ། 一双鞋、一双袜子、一双眼睛、一双手ལྟ་བུར་མཚོན་ན། ཆ་ཡིན་པ་ཕལ་ཆེ་བར་双ཞེས་སྤྱོད་པ་བཞིན་བོད་ཡིག་ལའང་དེ་མཚུངས་ཀྱིས་ལྷམ་ཆ་གཅིག་དང་རྐང་ཤུབས་སམ་ཨུ་སུག་ཆ་གཅིག་ཅེས་རྗོད་བཞིན་ཡོད་པས། སྦྱོར་ཚུལ་སྤྱིར་ན་གཅིག་འདྲ་ཡིན་ཡང་། མིག་དང་ལག་པ་གཉིས་ལ་མིག་ཆ་གཅིག ལག་པ་ཆ་གཅིག་ཅེས་མི་ཟེར་བར། མིག་ཟུང་ངམ་ལག་ཟུང་དང་མིག་གཉིས་སམ་ལག་པ་གཉིས་ཞེས་རྗོད་བཞིན་ཡོད། དེ་མིན一亩地ལྟ་བུར་མཚོན་ན་རྒྱ་ཡིག་བཞིན་ས་ཞིང་མུའུ་གཅིག་ཅེས་འཇལ་བྱེད་ཀྱི་མིང་ཡང་གཅིག་འདྲར་སྤྱོད་པ་ཡོད་ལ། 二十头牛ལྟ་བུར་ཕྱུགས་མགོ་གྲངས་ཉི་ཤུ་ཞེས་རྒྱ་ཡིག་གི头དང་བོད་ཡིག་གི་མགོ་གྲངས་གཉིས་ཐད་སྒྱུར་བྱས་པ་བཞིན་འཇལ་བྱེད་ཀྱི་མིང་གཅིག་འདྲར་སྣང་བས། དེའང་མི་རིགས་སོ་སོའི་དབར་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་ཐུབ་པའི་རྟགས་སུ་སྣང་།

སྤྱིར་ན་རྒྱ་བོད་སྐད་ཡིག་གཉིས་ཀྱི་བརྡ་སྤྲོད་ཀྱི་ཁྱད་པར་དང་། སྐད་ཆའི་འགྲོ་ལུགས་མི་འདྲ་བའི་དབང་གིས་རྒྱ་ཡིག་ལྟར་ན་འཇལ་བྱེད་ཀྱི་མིང་ཕལ་ཆེ་བ་མིང་གི་སྔོན་དུ་སྦྱར་ཏེ། “གྲངས+འཇལ་བྱེད་ཀྱི་མིང+མིང”གི་རྣམ་པ་ཤས་ཆེ་བ་ཡིན། དཔེར་ན། 一座桥、一架飞机、一辆汽车、一支笔、一口井ལྟ་བུ་ཡིན་ཞིང་། བོད་ཡིག་ལྟར་ན་འཇལ་བྱེད་ཀྱི་མིང་ཕལ་ཆེ་བ་མིང་གི་རྗེས་སུ་སྦྱར་ཏེ། “མིང+འཇལ་བྱེད་ཀྱི་མིང+གྲངས”ཀྱི་རྣམ་པ་ཤས་ཆེ་བ་ཡིན། དཔེར་ན། མར་ཉག་གཅིག ས་ཞིང་མུའུ་གཅིག ལྷམ་ཆ་གཅིག སློབ་ཐུན་གཅིག་ལྟ་བུས་མཚོན། གཞན་ཡང་རྒྱ་ཡིག་ཏུ་མི་དང་སྲོག་ཆགས་བྱ་དངོས་སོགས་གང་ཞིག་ཡིན་རུང་སོ་སོར་འཇལ་བྱེད་ཀྱི་མིང་རེ་དངོས་སུ་ཡོད་ཀྱང་། བོད་ཡིག་ཏུ་འཇལ་བྱེད་ཀྱི་མིང་ལྟོས་བཅས་ཀྱིས་ཉུང་བས་འཇལ་བྱེད་ཀྱི་མིང་མང་པོ་གྲངས་ཀྱིས་མཚོན་བཞིན་ཡོད་དེ། ཕལ་ཆེ་བ“མིང+གྲངས”ཀྱི་རྣམ་པ་ཤས་ཆེ་བ་ཡིན། དཔེར་ན། གོང་དུ་གླེང་བ་བཞིན་དུ། རྟ་གཅིག མི་གཅིག ཕོར་པ་གཅིག་ལྟ་བུར་མཚོན་ན། འཇལ་བྱེད་ཀྱི་མིང་ཤུགས་བསྟན་ལྟ་བུར་གྱུར་ཏེ་འཇལ་བྱེད་ཀྱི་མིང་གི་དོན་ཕལ་ཆེ་བ་གྲངས་ཀྱིས་སྟོན་བཞིན་ཡོད། རྒྱ་ཡིག་གི一桶水、一碗茶ལྟ་བུར་མཚོན་ན། བོད་ཡིག་ཏུ་དེ་འབྲེལ་གྱི་འཇལ་བྱེད་ཀྱི་མིང་མེད་པས། ཆུ་ཟོམ་གང་། ཇ་ཕོར་པ་གང་ཞེས་འཇལ་བྱེད་ཀྱི་མིང་ཕལ་ཆེ་བ་མིང་ངམ་བྱ་དངོས་གང་དེས་ཚབ་བྱས་ཏེ་དོན་སྟོན་བཞིན་ཡོད། དེ་མིན་རྒྱ་བོད་སྐད་ཡིག་གང་ཞིག་ཡིན་རུང་། གྲངས་རྐྱང་པ་སྟོན་པའི་འཇལ་བྱེད་ཀྱི་མིང་ཕུད་གཞན་གྲངས་མང་པོའམ་འབོར་ཆེན་པོ་སྟོན་པའི་འཇལ་བྱེད་ཀྱི་མིང་ཡང་སྤྱོད་བཞིན་ཡོད་པ་དཔེར་ན། 一群羊ལ་ལུག་ཁྱུ་གཅིག་དང་། 一堆垃圾 གད་སྙིགས་ཕུང་གང་ལྟ་བུ་དང་། རྒྱ་ཡིག་ཏུ་འཇལ་བྱེད་ཀྱི་མིང་ཁག་གཉིས་སམ་ཁག་གསུམ་བསྡེབས་ནས་སྤྱོད་པ་དཔེར་ན། 天上飘着朵朵白云ལྟ་བུར་བོད་ཡིག་ཏུའང་དེ་མཚུངས་ཀྱིས་མཁའ་དབྱིངས་སུ་སྤྲིན་དཀར་ཚོམ་བུ་ཚོམ་བུར་རྒྱུ་བཞིན་འདུག་ཅེས་ལོ་ཙཱ་བྱས་ན་འཐུས་པས། ང་ཚོས་ནམ་རྒྱུན་ལོ་ཙཱ་བྱེད་སྐབས་མ་ཡིག་གི་མིང་དང་ཚིག་གི་ཁྱད་ཆོས་དང་འགྲོས་ལ་བསྟུན་ནས་བོད་ཡིག་ཏུ་དོན་མ་ནོར་མ་འཕྱུགས་མ་ཆད་མ་ལྷག་མ་ཟློས་པར་ལོ་ཙཱ་བྱེད་དགོས་ལ། བོད་ཡིག་གི་བརྡ་སྤྲོད་དང་སྐད་ཆའི་འགྲོས་དང་བསྟུན་རྒྱུ་ནི་ཨ་ཅང་བརྗོད་མེད་ལགས།
    སྤྱིར་ན་རྒྱ་ཡིག་གི་འཇལ་བྱེད་ཀྱི་མིང་ལ་མཚོན་ན། 一头牛、一头驴、一头猪ལྟ་བུའི་སྒོ་ཕྱུགས་ཕལ་ཆེ་བར་འཇལ་བྱེད་ཀྱི་མིང头སྤྱོད་བཞིན་ཡོད་པས། འཇལ་བྱེད་ཀྱི་མིང་གི་སྤྱོད་སྟངས་ལ་སྤྱིར་ན་ཆོས་ཉིད་ཡོད་པར་སྣང་ཡང་། 一匹马、一只羊ཞེས་འགའ་རེར་འཇལ་བྱེད་ཀྱི་མིང་མི་འདྲ་བ་སྤྱོད་བཞིན་ཡོད་པས། ང་ཚོས་རིགས་འགྲེ་སྟེ་སྤྱོད་སྟངས་འཕྱུགས་མི་ཉན་ལ། དེ་བས་ཀྱང་ལོ་ཙཱ་བྱེད་སྐབས་གཟབ་གཟབ་བྱེད་དགོས།
རྒྱ་བོད་འཇལ་བྱེད་ཀྱི་མིང་གི་དབྱེ་བ།
    རྒྱ་བོད་ཀྱི་འཇལ་བྱེད་ཀྱི་མིང་གང་ཡིན་རུང་། འཇལ་བྱེད་ཀྱི་མིང་གང་དེ་དངོས་པོའི་མིང་དང་བྱ་བའི་མིང་གི་སྦྱོར་སྟངས་ལ་གཞིགས་ནས། ཆོས་ཅན་བརྗོད་པའི་འཇལ་བྱེད་ཀྱི་མིང་དང་། བྱ་བ་བརྗོད་པའི་འཇལ་བྱེད་ཀྱི་མིང་། དབྱིབས་དང་བཟོ་ལྟ་སྟོན་པའི་འཇལ་བྱེད་ཀྱི་མིང་སོགས་དབྱེ་བ་མང་པོ་ཞིག་ཏུ་འབྱེད་ཆོག་པ་སྟེ། དཔེར་ན། 一把镰、一座桥、一朵花ལྟ་བུ་ཟོར་བ་གཅིག་དང་། ཟམ་པ་གཅིག མེ་ཏོག་རྐང་གཅིག་ཏུ་ལོ་ཙཱ་བྱེད་བཞིན་ཡོད་ཅིང་། དེ་དག་ནི་འཇལ་བྱེད་ཀྱི་མིང་སྦྱར་ནས་དངོས་པོའི་གྲངས་ཚད་སྟོན་པ་ཡིན་པས། ཆོས་ཅན་ནམ་དངོས་པོ་བརྗོད་པའི་འཇལ་བྱེད་ཀྱི་མིང་དུ་བཞག་ན་ཆོག་ཅིང་། 说一遍、看一眼、吃一顿ལྟ་བུ་ཐེངས་གཅིག་ཤོད། ཐེངས་གཅིག་བལྟས། ཐེངས་གཅིག་བཟས་ལྟ་བུ་ནི་འཇལ་བྱེད་ཀྱི་མིང་སྦྱར་ནས་བྱ་བའི་གྲངས་ཚད་སྟོན་པ་ཡིན་པས། བྱ་བ་བརྗོད་པའི་འཇལ་བྱེད་ཀྱི་མིང་དུ་བཞག་ན་འཚམ་པ། 一片森林、一面墙ལྟ་བུ་ནི་དངོས་པོའི་དབྱིབས་དང་བཟོ་ལྟ་སོགས་སྟོན་པའི་འཇལ་བྱེད་ཀྱི་མིང་དུ་བཞག་ན་ཆོག་སྙམ། འདི་རིགས་ནི་ཁྱབ་ཆེ་ས་ནས་དབྱེ་བ་འབྱེད་ཚུལ་ཞིག་ཡིན་ཞིང་། གཞན་ཡང་དངོས་པོའི་ཆ་ཤས་དང་། སྣང་བརྙན། ངང་ཚུལ་སོགས་སྟོན་པའི་འཇལ་བྱེད་ཀྱི་མིང་དག་ཀྱང་དེ་བས་ཁྱབ་ཆུང་སར་བཞག་ནས་དབྱེ་བ་ཞིབ་ཕྲ་འབྱེད་ཆོག་སྙམ། དེ་མིན་འཇལ་བྱེད་ཀྱི་མིང་ལའང་ཆེད་སྤྱོད་ཀྱི་འཇལ་བྱེད་ཀྱི་མིང་དང་ཕྱི་ནས་གཡར་བའི་འཇལ་བྱེད་ཀྱི་མིང་ཁག་གཉིས་ཡོད་པར་བསམས་ཏེ། དཔེར་ན། ཟས་ཁམ་གང་དང་། སྨན་ཐུན་གཅིག དར་ཡུག་གཅིག་ལྟ་བུ་ནི་བོད་རང་གི་ཆེད་སྤྱོད་ཀྱི་འཇལ་བྱེད་ཀྱི་མིང་ཡིན་པ་དང་། 一尺布སྟེ་རས་ཁྲེ་ཙེ་གང་དང་། 两公尺毛料སྟེ་ཐེར་མ་སྤྱི་ཁྲེ་དོ་ཞེས་པའི་ཁྲེའམ་ཁྲེ་ཙེ་སོགས་ཀྱི་འཇལ་བྱེད་ཀྱི་མིང་ནི་ཕྱི་ནས་གཡར་བའི་འཇལ་བྱེད་ཀྱི་མིང་རེད་སྙམ།
    གཞན་ཡང་། ཁ་གྲངས་ཀྱི་ངོས་ནས་དབྱེ་ན། 一件事、一本书、一幅图、一首诗、一所学校、一棵树ལྟ་བུ་ནི་གྲངས་རྐྱང་པ་མཚོན་པའི་འཇལ་བྱེད་ཀྱི་མིང་ཡིན་ཞིང་། བོད་ཡིག་ཏུའང་འདི་ལྟར་དབྱེ་བ་འབྱེད་ཆོག་ཅིང་། གཞན་རྒྱ་ཡིག་ཏུ། 群、套、批、串、派ལྟ་བུའི་གྲངས་མང་པོའམ་འབོར་ཆེན་པོ་སྟོན་པའི་འཇལ་བྱེད་ཀྱི་མིང་ཡང་མང་པོ་ཡོད་ཅིང་། དེ་དག་ཀྱང་བོད་ཡིག་ཏུ་བསྒྱུར་ན། རེ་རེ་བཞིན་དུ་ཁྱུ་དང་། ཆ་ཚང་། ཁག་གམ་སྡེབ། ཕྲེང་ངམ་ཕྲེང་བ། ཤོག་ཁག་སོགས་འཇལ་བྱེད་ཀྱི་མིང་འདྲེན་རྒྱུ་ཡོད།
    མདོར་ན། རྒྱ་བོད་སྐད་ཡིག་ཁྲོད་ཀྱི་འཇལ་བྱེད་ཀྱི་མིང་སོ་སོར་ཕན་ཚུན་འདྲ་བའི་ཆ་ཡོད་ལ་མི་འདྲ་བའི་ཆའང་མི་ཉུང་བ་ཞིག་ཡོད་ཅིང་། མ་གཞི་བོད་ཡིག་ལ་རྒྱ་ཡིག་ཇི་བཞིན་གྱི་འཇལ་བྱེད་ཀྱི་མིང་ཧ་ལས་པའི་ཕུན་སུམ་ཚོགས་པོ་མེད་ཀྱང་། བརྗོད་དོན་ཁ་གསལ་སྟོན་པར་ཤུགས་རྐྱེན་གཏན་ནས་མེད། འོན་ཀྱང་། ཡིད་གཟབ་བྱེད་དགོས་པ་ཞིག་ལ། ང་ཚོས་ནམ་རྒྱུན་ལོ་ཙཱའི་ལས་ལ་ཞུགས་སྐབས། ཐོག་མར་ང་ཚོས་བོད་ཡིག་ལ་རྒྱ་ཡིག་དང་འཚམ་པའམ་ཁ་འཕྲོད་པའི་འཇལ་བྱེད་ཀྱི་མིང་ཡོད་མེད་ལ་དོ་སྣང་ཆེན་པོ་བྱས་ཏེ། གལ་ཏེ་དེ་བསྟུན་གྱི་འཇལ་བྱེད་ཀྱི་མིང་ཡོད་ཚེ། ང་ཚོས་ཐད་སྒྱུར་རམ་དོན་སྒྱུར་གྱི་ངལ་བ་དང་དུ་མ་བླངས་པར་བོད་ཡིག་ཇི་བཞིན་སྤྱོད་དགོས་ཤིང་། གལ་ཏེ་དེ་མཚུངས་ཀྱི་འཇལ་བྱེད་ཀྱི་མིང་མེད་ཚེ། བོད་ཡིག་གི་སྐད་ཆའི་འགྲོས་དང་བརྡ་སྤྲོད་ཀྱི་ཁྱད་ཆོས་གཞིར་བཟུང་སྟེ་གང་ལ་གང་འཚམ་དང་ཅི་ལ་ཅི་འགབ་ཀྱིས་ལོ་ཙཱ་བྱེད་དགོས་སོ། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号