ཁོག་པ་བཤལ་བའི་འཁྲུལ་སོ་གསུམ་དང་འགོག་ཐབས་གསུམ།

སྟོན་དགུན་དུས་ནི་ཁོག་པ་བཤལ་ཚད་མང་བའི་དུས་ཚིགས་ཡིན་ཞིང་། ལོ་ན་རྒན་པའི་ལུས་པོའི་ནུས་པ་ཉམས་པ་དང་ཕོ་རྒྱུའི་ནུས་པ་ཉམས་པ། ནང་གི་ཁོར་ཡུག་གི་དོ་མཉམ་བྱེད་ནུས་ཉམས་པ། ཕྱི་ནས་ཡོང་བའི་འབུ་ཕྲ་སྐབས་དང་བསྟུན་ནས་འཛུལ་སླ་བ། རྒྱུ་མའི་འབུ་ཕྲ་ཚོགས་པ་དོ་མི་མཉམ་པར་གྱུར་བ་བཅས་ཀྱིས་ཁོག་པ་བཤལ་བ་མ་ཟད། སྨན་རྫས་ལ་བརྟེན་ནས་དུས་ཐོག་ཏུ་དྲག་སྐྱེད་ཡོང་བའི་ཕན་འབྲས་ཐོན་དཀའ་བ་རེད། དེར་བརྟེན་རྒན་པ་ཚོས་ཁོག་པ་བཤལ་བའི་གནས་ཚུལ་འབྱུང་བ་སྔོན་འགོག་བྱེད་དགོས།

རྒན་པར་ཁོག་པ་བཤལ་ཚད་མང་བའི་རྒྱུ་རྐྱེན།

གཅིག དུས་ཚིགས་ཀྱི་འགྱུར་ལྡོག གནམ་གཤིས་ཇེ་འཁྱག་ཏུ་ཕྱིན་པ་དང་རྒན་པའི་ལུས་པོའི་འཕྲོད་ནུས་ཇེ་ཞན་དུ་ཕྱིན་ནས་ཕོ་རྒྱུའི་ནུས་པ་འཁྲུག་ནས་ཁོག་པ་བཤལ་བ་རེད།

གཉིས། བཟའ་བཏུང་གི་གོམས་གཤིས་ངན་པ། གལ་ཏེ་རྒན་པ་རྣམས་ཀྱིས་སྣུམ་ཆེ་བ་དང་འཁྱག་པ་སོགས་འཇུ་དཀའ་བའི་ཟས་རིགས་ཟོས་ན། རྒྱུ་མར་ཟུག་གཟེར་སློང་བ་དང་ཁོག་པ་བཤལ་སྲིད།

གསུམ། ནད་དུག་འགོས་པ། ད་ལྟ་ནི་ནད་དུག་འགོས་སླ་བའི་དུས་ཚིགས་ཡིན་ཞིང་། རྒན་པའི་རིམས་འགོག་ནུས་པ་ཇེ་ཞན་དུ་སོང་བའི་རྐྱེན་གྱིས་ནད་དུག་འགོས་སླ་བ་དང་། ཕོ་རྒྱུའི་གཉན་ཚད་དང་ཁོག་པ་བཤལ་བའི་གནས་ཚུལ་ཚབས་ཆེན་ཐོན་གྱིན་ཡོད།

བཞི། གཅོང་ནད་ཕོག་པ། རྒན་པས་གཅོང་ནད་སྨན་བཅོས་བྱེད་པའི་སྨན་འཐུང་ན་རྒྱུ་མའི་བྱེད་ནུས་ལ་ཤུགས་རྐྱེན་ཐེབས་སྲིད་པ་དང་ཁོག་པ་བཤལ་བ་རེད།

ལྔ། རྒྱུ་མའི་འབུ་ཕྲ་ཚོགས་པ་དོ་མི་མཉམ་པ། ལོ་ན་ཇེ་མཐོར་སོང་བ་དང་བསྟུན་ནས། རྒན་པའི་རྒྱུ་མའི་འབུ་ཕྲ་ཚོགས་པ་དོ་མི་མཉམ་པར་འགྱུར་སྲིད་ཅིང་། ཟས་འཇུ་བའི་ནུས་པ་ཇེ་ཞན་དུ་སོང་ནས་ཁོག་པ་བཤལ་བ་རེད།

ཁོག་པ་བཤལ་བའི་སྐབས་སུ་འཁྲུལ་སོ་འདི་གསུམ་ལ་མཉམ་འཇོག་དགོས།

འཁྲུལ་སོ་གཅིག བཀྲེས་ལྟོགས་ཀྱི་བཅོས་ཐབས་སྤྱོད་པ། རྒན་པ་མང་པོ་ཞིག་ཁོག་པ་བཤལ་རྗེས་ཡང་བསྐྱར་ཁོག་པ་བཤལ་བར་སྐྲག་ནས་རྒྱུན་དུ་བཀྲེས་ལྟོགས་ཀྱི་བཅོས་ཐབས་ལག་བསྟར་བྱེད་པ་རེད། འཚོ་བའི་ཁྲོད་དུ་མི་དར་མ་དང་ལྷག་པར་དུ་རྒན་པས་བྱེད་ཐབས་འདིའི་རིགས་དང་ལེན་བྱེད་མི་རུང་། ཁོག་པ་བཤལ་བའི་སྐབས་སུ། མིའི་ལུས་པོར་མཆིན་པའི་མངར་ཆ་དབྱེ་ཕྲལ་བྱེད་དགོས་པ་དང་ཐ་ན་ཚིལ་དང་སྤྲི་དཀར་རྫས་ཟད་གྲོན་བྱས་ནས་ཁྲག་མངར་གྱི་གར་ཚད་དང་ནུས་ཚད་ཟད་གྲོན་རྒྱུན་འཁྱོངས་བྱེད་དགོས། རྒན་པ་ཚོས་ལྷག་ཏུ་ཟ་མ་བཀག་སྡོམ་བྱེད་མི་རུང་། རྒྱུ་མཚན་ནི་ཁོ་ཚོར་མཆིན་པའི་མངར་ཆ་འདང་ངེས་ཤིག་གསོག་འཇོག་བྱས་ནས་མངར་ཆར་བསྒྱུར་མེད་པ་དང་། གལ་ཏེ་ཁྲག་མངར་དམའ་དྲགས་ན་རྔུལ་ཆུ་བཞུར་བ་དང་སྙིང་འཕར་བ། ངོ་མདོག་སྐྱ་བོར་འགྱུར་བ། མགོ་ཡུ་འཁོར་བ་སོགས་ཀྱི་ནད་རྟགས་འབྱུང་སྲིད། ཁོག་པ་བཤལ་བ་ཚབས་ཆེ་ན་གློག་འབྱེད་རྫས་འཁྲུག་པར་བྱེད་པ་དང་། ཐ་ན་སེམས་དང་ཀླད་པའི་ཁྲག་རྩའི་ནད་བསླངས་ནས་ཚེ་སྲོག་ལ་ཉེན་ཁ་བཟོ་སྲིད། གཞན་ཡང་ཁོག་པ་བཤལ་བའི་སྐབས་སུ། ཟ་མ་བཀག་སྡོམ་བྱས་པ་དེས་ད་དུང་ལུས་པོའི་འཚོ་བཅུད་མི་འདང་བ་དང་རྒྱུ་མའི་ནད་འགྱུར་ཉམས་གསོ་བྱ་རྒྱུ་ནར་འགྱངས་བྱས་ནས་འཚོ་བཅུད་དང་བེད་སྤྱོད་བྱ་རྒྱུ་ཇེ་ཉུང་དུ་བཏང་སྟེ་འཁོར་རྒྱུག་ངན་པ་ཆགས་ཀྱིན་ཡོད། དེར་བརྟེན་ཁོག་པ་བཤལ་སྐབས་ཟ་མ་བཀག་སྡོམ་བྱེད་མི་རུང་བར་མ་ཟད། ད་དུང་འཚོ་བཅུད་ཕུན་སུམ་ཚོགས་ཤིང་འཇུ་སླ་བའི་ཟས་རིགས་འོས་འཚམ་གྱིས་ཁ་གསབ་བྱས་ནས། ཟས་རིགས་ཉུང་ངུ་ཐེངས་མང་པོར་བཟའ་བ་དང་དལ་བུར་ལྡད་པ། དལ་མོར་མིད་པ་བཅས་བྱས་ཏེ་འཚོ་བཅུད་ལུས་ཕུང་གིས་འཇུ་བ་དང་སྡུད་ལེན་བྱེད་པར་རམ་འདེགས་བྱེད་དགོས།

འཁྲུལ་སོ་གཉིས། བཤལ་འགོག་སྨན་གང་བྱུང་དུ་སྤྱོད་པ། རྒན་པའི་ལུས་ཁམས་ཀྱི་ནུས་པ་བལྟོས་བཅས་ཀྱིས་ཅུང་ཞན་པ་དང་། བཤལ་མཚམས་འཇོག་པའི་སྨན་བེད་སྤྱོད་མ་བྱས་ན་རྒྱུ་མའི་གནད་དོན་ཇེ་སྡུག་ཏུ་འགྲོ་བའམ་ཞོར་སྐྱོན་གཞན་དག་འབྱུང་སྲིད། རྒན་པ་ལ་ལར་གཅོང་ནད་ཁ་ཤས་ཡོད་སྲིད་པ་དང་ནད་གཞི་དེ་དག་ཁོག་པ་བཤལ་བ་དང་འབྲེལ་བ་ཡོད་སྲིད་པས་བཤལ་འགོག་སྨན་སྤྱོད་རྒྱུར་ཤུགས་རྐྱེན་ཐེབས་སྲིད། འགོས་ནད་རང་བཞིན་གྱི་ཁོག་པ་བཤལ་བ་དང་འགོས་ནད་རང་བཞིན་མིན་པའི་ཁོག་པ་བཤལ་བའི་སྨན་བཅོས་བྱེད་ཐབས་མི་འདྲ། འགོས་ནད་རང་བཞིན་གྱི་ཁོག་པ་བཤལ་བར་སྤྱིར་བཏང་དུ་བཤལ་འགོག་སྨན་སྤྱོད་མི་དགོས། རྒྱུ་མཚན་ནི་འདིས་ནད་ཀྱི་གནས་ཚུལ་བཀབ་ནས་སྨན་པས་བརྡར་ཤ་གཅོད་པར་ཤུགས་རྐྱེན་ཐེབས་སྲིད། བཤལ་འགོག་སྨན་བེད་སྤྱོད་ཡག་པོ་མ་བྱས་ན་སྨན་རྫས་ཀྱི་གནོད་པ་འབྱུང་སྲིད་དེ། དཔེར་ན་མཆིན་པ་དང་མཁལ་མའི་ནུས་པར་གནོད་འཚེ་གཏོང་བ་དང་ཚོར་ལྷག་སྣང་ཚུལ་འབྱུང་བ་ལྟ་བུ་སོགས་དང་། ལྷག་པར་དུ་ཁོག་པ་བཤལ་བའི་རྒྱུ་རྐྱེན་གསལ་བོ་མེད་པའི་གནས་ཚུལ་འོག་གཟབ་ནན་བྱེད་དགོས།

འཁྲུལ་སོ་གསུམ། དུག་སྲིན་འགོག་སྨན་གང་བྱུང་དུ་སྤྱོད་པ། འཚོ་བའི་ཁྲོད་དུ་མི་མང་པོ་ཞིག་གིས་ཁོག་པ་བཤལ་རྗེས་རང་འགུལ་གྱིས་དུག་སྲིན་འགོག་སྨན་འཐུང་བ་རེད། དོན་དངོས་སུ་ཁོག་པ་བཤལ་བ་ནི་འབུ་ཕྲ་ལས་བྱུང་བ་ཞིག་གཏན་ནས་མིན་པས། ནད་དུག་ལས་བྱུང་བའི་ཁོག་པ་བཤལ་བའམ་ཡང་ན་གྲང་ངར་ལས་བྱུང་བའི་ཁོག་པ་བཤལ་བར་དུག་སྲིན་འགོག་སྨན་སྤྱད་ན་ནུས་པ་མི་ཐོན། གལ་ཏེ་དུག་སྲིན་འགོག་སྨན་སྤྱད་པ་ནོར་སོང་ཚེ། རྒྱུ་མའི་འབུ་ཕྲ་དོ་མི་མཉམ་པར་འགྱུར་སྲིད་ལ། དེ་ལས་ཚབས་ཆེ་བའི་ཁོག་པ་བཤལ་སྲིད།

འགོག་ཐབས་འདི་གསུམ་བློ་ལ་བརྟན་པོར་ངེས་དགོས།

གཅིག འཚོ་བཅུད་ལུགས་མཐུན་གྱིས་ཁ་གསབ་བྱེད་དགོས། ལུགས་མཐུན་གྱི་ཟས་རིགས་གྲུབ་ཆ་རྒྱུན་འཁྱོངས་བྱེད་པ་དང་འཚོ་བཅུད་འདང་ངེས་སྡུད་ལེན་ཐུབ་པར་འགན་ལེན་བྱས་ནས། ལུས་པོའི་རིམས་འགོག་ནུས་པ་ཆེ་རུ་གཏོང་དགོས། འཚོ་བཅུད་རྫས་དང་གཏེར་རྫས་ཕུན་སུམ་ཚོགས་པའི་ཟས་རིགས་འོས་འཚམ་གྱིས་བཟའ་དགོས། དཔེར་ན་སྔོ་ཚལ་དང་སིལ་ཏོག་གསར་པ་ཟོས་ནས་རྒྱུ་མའི་བདེ་ཐང་ལ་སྐུལ་འདེད་བྱེད་དགོས། ཟ་མ་བཟའ་ཐེངས་རེར་རྒྱགས་དྲགས་པ་བྱེད་མི་རུང་བར། ཕོ་བ་དང་རྒྱུ་མའི་ཁུར་བོ་ཇེ་ལྕི་རུ་འགྲོ་བ་སྔོན་འགོག་བྱེད་དགོས། འཁྱག་པ་དང་སྣུམ་ཆེ་བ། ཁ་ཚ་བའི་ཟས་རིགས་ཉུང་ཙམ་ཟོས་ནས་ཁོག་པ་བཤལ་བའི་ནད་རྟགས་ཇེ་སྡུག་ཏུ་འགྲོ་བ་འགོག་དགོས།

གཉིས། མི་སྒེར་གྱི་གཙང་སྦྲར་དོ་སྣང་བྱེད་དགོས། ལག་པ་གཙང་མར་བཀྲུ་བ་དང་། ལྷག་པར་དུ་ཟས་རིགས་ལ་རེག་པའི་སྔ་གཞུག་ཏུ་འབུ་ཕྲ་དང་ནད་དུག་འགོས་པའི་ཉེན་ཁ་ཇེ་ཆུང་དུ་གཏོང་བ་དང་ཁོག་པ་བཤལ་བར་སྔོན་འགོག་བྱེད་དགོས།

གསུམ། འགུལ་སྐྱོད་འོས་འཚམ་རྒྱུན་འཁྱོངས་བྱེད་དགོས། ལུས་པོ་འོས་འཚམ་གྱིས་འགུལ་སྐྱོད་བྱས་ན་རྒན་པའི་རིམས་འགོག་ནུས་པ་ཆེ་རུ་གཏོང་ཐུབ་པ་དང་ཕོ་རྒྱུའི་འགུལ་སྐྱོད་ལ་སྐུལ་འདེད་གཏོང་ཐུབ་མོད། འོན་ཀྱང་གལ་ཏེ་ཁོག་པ་བཤལ་བའི་ནད་རྟགས་བྱུང་ན། འགུལ་སྐྱོད་བྱེད་ཚད་འོས་འཚམ་གྱིས་ཇེ་ཉུང་དུ་གཏོང་དགོས་པ་དང་། འགུལ་སྐྱོད་དྲག་པོ་བྱེད་མི་རུང་བར་ངལ་གསོ་གང་ལེགས་བྱེད་དགོས་སོ། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号