དྲན་ངོགས་ཀྱི་ཕ་ཡུལ།
གངས་ཆབ་ལྷ་སྲས།
ཆུང་དུས་ངུ་སྐད་ཅ་ཅོ་འདོན་སའི་ཡུལ། །
དར་དུས་ལང་ཚོ་ལྷོད་ཀྱིས་གྲོལ་སའི་ཡུལ། །
རྒས་དུས་ཨ་དཀར་རུས་པ་འཐོར་སའི་ཡུལ། །
བསིལ་ལྡན་གངས་ཀྱི་ལུང་པ་ཡང་ཡང་དྲན། །
མི་ཡུལ་འདུ་འཛི་རྒོད་པོའི་འཚང་བར་གྱི།།
ཞེ་སེམས་ཀློང་ན་འཁྱིལ་བའི་དྲན་པ་དེས། །
མུ་མཐའ་མེད་པའི་རྒྱང་རིང་བས་མཐའ་ནས། །
ཕ་ཡུལ་དྲན་པའི་གཞས་ཤིག་ངག་ལས་ཤོར། །
གོམ་ཆུང་རྡོག་པས་རི་ལུང་རྐང་རྗེས་ཕབ། །
རྫི་གླུ་སྙན་མོས་མི་སེམས་དབང་མེད་བརྐུས། །
རྟ་ནོར་ལུག་གསུམ་སྲོག་བཞིན་འཚོ་དུས་སུ། །
ཕ་ས་འབྲོག་ཡུལ་མཛེས་སྡུག་འབུམ་གྱིས་ཕྱུག།
སྟག་ཤར་དར་མའི་རླུང་རྟ་དགུང་དང་མཉམ། །
སྨན་ཆུང་མཛེས་མའི་ལང་ཚོའི་མེ་ཏོག་རྒྱས།།
རྒན་གཞོན་བར་གསུམ་མཐུན་པའི་ཨ་ལོང་སྦྲེལ། །
རྡོག་རྩ་གཅིག་སྒྲིལ་བསྐྱོད་པའི་ངང་ཚུལ་དྲན།།
ན་ཆུང་བྱིས་པའི་དབྱངས་གསལ་ངག་ལ་བྱང་།།
དགེ་རྒན་དམ་པས་ཤེས་བྱས་ལམ་སྟོན་གནང་། །
ཁྱིམ་བདག་ཕ་མས་སློབ་གྲྭའི་ངག་བཞིན་བཀུར།།
དཔུང་པ་གཅིག་ཏུ་གཤིབ་པའི་དེ་དུས་དྲན།།
མེས་པོ་དམ་པ་ཀུན་གྱིས་གཙུག་ཏུ་བཀུར། །
རང་སྲོལ་རྣལ་མ་ཚེ་ནོམ་ཉག་གཅིག་འཛིན། །
ཕ་སྐད་མ་ཡིག་རྒྱན་ཆ་རབ་ཏུ་དགའ།།
ཡོད་ཚད་རྨོངས་པ་མིན་པའི་དུས་དེ་དྲན།།
མཐོ་དམན་མེད་པའི་འདྲ་མཉམ་འཚོ་བའི་ནང་། །
ཁྲིམས་མཐུན་གསེར་གྱི་ཉི་མའི་གཟི་འོད་འཆར། །
ནང་འཁྲུག་ནད་ངན་མིང་ཙམ་ཐོས་རྒྱུ་དབེན། །
ཞི་བདེ་འོད་ཀྱིས་བཏེགས་པའི་དུས་དེ་དྲན། །
ང་རང་སྔོ་ལྗང་ཡངས་མོའི་པང་ཁུད་ཀྱི།
མེ་ཏོག་སྣ་ཚོགས་དེ་ཡི་རུམ་ནས་གཉིད། །
ལུག་ཆུང་འབའ་སྒྲ་ལྷན་དུ་སད་ཡོང་བའི། །
བརྗེད་ཐབས་མེད་པའི་ལོ་ཟླ་དེ་ཚོ་དྲན། །
ལྟོགས་ན་སྦྲང་དཀར་རྩམ་པའི་རྫི་བྲོ་ཡོད། །
སྐོམ་ན་འོ་ཞོ་མངར་མོའི་རོ་བཅུད་ཡོད། །
གྲང་ན་རྩག་ཧྲུལ་སྐྱ་བོའི་དྲོད་ཁོལ་ཡོད། །
འཇིགས་སྣང་སྤུ་ཙམ་མེད་པའི་དུས་དེ་དྲན། །
སུན་ན་རྩེད་རོགས་མང་པོའི་དགོད་སྒྲ་ཡོད། །
གཉོམ་ན་ཕ་མ་བཟང་པོའི་བྱམས་བརྩེ་ཡོད།།
ངུས་ན་མིག་ཆུ་འབྱི་མཁན་རྫི་རོགས་ཡོད། །
བདེ་སྐྱིད་ཁོ་ནས་བརྟས་པའི་ཆུང་དུས་དྲན། །
སྟོད་ཀྱི་གངས་རིའི་གཟི་མདངས་ཤོར་མེད་ལ།།
སྨད་ཀྱི་མཚོ་མོ་སྦགས་ཀྱིས་བརྙས་མེད་ཅིང་།།
བར་གྱི་རྩྭ་ཐང་མིག་གི་དཔྱིད་ཤར་པས།།
ལོངས་སྤྱོད་མཛོད་དུ་གཏམས་པའི་དུས་དེ་དྲན།།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注