རྩོམ་པ་པོ། : འོད།
དྲན་སྣང་རི་ཟོམ་ནས་འཁྲིགས་པ་སྨུག་པའི་སྐྱོ་དབྱངས།།
མཆི་མའི་ཆར་ཐིགས་ཀྱིས་འཇིག་པ་ལྗོན་པའི་སེམས་རྩ།།
བརྩེ་བ་སྙིམ་གང་གིས་བཏེགས་པའི་འཇིག་རྟེན་ལྡུམ་ར།།
ལས་སྐལ་དགུང་སྔོན་གྱི་གཏད་སོའི་མིག་ཟུང་འདི་ཡིན།།
དབྱངས་གསལ་སྐྱེད་ཚལ་ན་འཕྱོ་བའི་ངག་རིག་འདབ་ལོ།།
དགའ་སྐྱོའི་ཚོར་ངོགས་ནས་བཟི་བའི་གཡུ་སྦྲང་གཞོན་ནུ།།
ཆུང་འདྲིས་དཔྱིད་རླུང་ལ་བསྐུར་བའི་སེམས་འཕྲིན་མེ་ཏོག།
མི་ཚེའི་དབྱངས་འགྲོས་ལ་བརྒྱུས་པའི་བརྩེ་བ་འདི་ཡིན།།
ལེགས་ཚོགས་པད་ཚལ་གྱི་བཤེས་གཉེན་བརྩེ་བའི་ཉི་འོད།།
རྟེན་བཟང་སྐྱེད་སྲིང་གི་ཡབ་ཡུམ་དགེ་བའི་འབྱུང་གནས།།
ལྷག་བསམ་རུས་དཀར་གྱི་བརྩིགས་པ་རང་རྒྱུད་ལྷུན་པོ།།
རྣམ་དཀར་ཞག་སྒྲོན་གྱིས་གསལ་བའི་དྲིན་ཆེན་འདི་ཡིན།།
གངས་རིའི་འཛུམ་ཁོང་ལ་བསྙལ་བའི་རིག་པའི་ཕ་མཁར།།
སྣོད་བཅུད་མཚར་སྡུག་གིས་འཁྱིལ་བའི་སེམས་ཀྱི་ལོག་མལ།།
སྤྲིན་པའི་རྒྱང་གཞས་ལ་བཅོལ་བའི་རེ་བའི་གཤོག་ཟུང་།།
འཚོ་བའི་ལྡེབས་རིས་ལས་རྙེད་པའི་གསེར་ཟམ་འདི་ཡིན།།
དཔའ་མཛངས་གཡུ་བྱུར་གྱིས་སྤྲས་པ་མེས་པོའི་ཐབས་ཤེས།།
ཤེས་བྱའི་སྙིང་སྟོབས་ཀྱིས་བསྒྲིན་པ་རིགས་ཀྱི་སྒལ་ཚིགས།།
འཆམ་མཐུན་སྒྲོ་གུར་གྱིས་བརྐྱངས་པ་དུས་གསར་བློ་ཁོག།
ཡིད་སེམས་ལྟེང་ཀ་ནས་འཕྱུར་བའི་རླབས་ཕྲེང་འདི་ཡིན།།
སེམས་མགུར་དྲིལ་ཆུང་གིས་འཁྲོལ་བའི་གཞོན་པའི་དབྱངས་རྟ།།
མཛའ་གཅུགས་རྨི་ལམ་ལ་བསྐུངས་པའི་ལང་ཚོའི་ཕྱེ་ལེབ།།
འཆར་ཡན་བསིལ་རླུང་གིས་སྤྲུགས་པའི་ངག་རིག་བསུང་ཞིམ།།
གཞོན་པའི་སྣང་ཚུལ་ལ་མཛེས་པའི་མདུན་ལྗོངས་འདི་ཡིན།།
སྐྱ་རེངས་སྙིང་གཏམ་གྱིས་བླགས་པའི་སྐར་མའི་ཤུགས་གླུ།།
གསོམ་དཀར་ངང་རྒྱུད་ལ་དྲངས་པའི་བརྩེ་ཆང་མཐའ་མ།།
དགོང་ཀའི་སེམས་མལ་ན་འཁྱག་པའི་གྲིབ་སོའི་དངན་པ།།
གཙང་འགྲམ་ཁེར་ཧྲེང་གིས་སྲུང་བའི་ཁ་ཆད་འདི་ཡིན།།
སྨྱུག་རྩེའི་འཇའ་གུར་ལ་བསྲིངས་པའི་མེ་ཏོག་འཁྲིགས་ན།།
ཟླ་གང་མཛེས་སྡུག་གིས་བརྟོལ་བའི་ཡིད་བརྙན་འཛུམ་ཡོང་།།
དྭངས་གསལ་སྙན་ཚིག་གི་བདུད་རྩིའི་ལང་ཚོའི་དཔལ་འདི།།
བསམ་གཞིག་སྟོན་རླུང་གིས་དེད་པའི་འཆར་རྟོག་དེ་ཡིན།།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注