མཚོ་སྔོན་པོ་དང་མཚོ་དར་སྐོར་གྱི་རྒྱུན་ཤེས་ཕྲན་ཚེགས།

ནོར་དཔལ་རྒྱལ་གྱིས་བརྩམས།

༼གསལ་བཤད།  འདིར་མིང་དང་ཐ་སྙད་ཡི་གེ་མཛོད་རྣམས་སུ་མང་པོ་མེད་ལ་ངག་ཐོག་ཏུ་ཡོད་པ་རྣམས་ལ་རྟགས་“ ”འདི་བཀོལ་ཡོད།  བོད་རང་ལ་འདི་བཀོལ་སྲོལ་མེད་ལ།  ཡིག་མགོ་དང་ཚེག་ཤད་ཀྱིས་མ་ཆོག་པ་མེད་པས་རྒན་པ་རྣམས་དགྱེས་པོའང་མེད་མོད།  གཅིག་ཏུ་ན་རང་ལ་ནོར་མེད་ཀྱི་གདེང་ཚོད་མེད་པ་དང་།  གཉིས་སུ་ན་ཇི་བཞིན་བརྡས་ཐིངས་པར་མ་བྱས་ན་དེའི་ཚབ་ཏུ་འབྲི་བའི་ཐ་སྙད་མ་ཤེས་ཤིང་།  གསུམ་དུ་ན་དཔྱོད་འདོད་ལ་བལྟ་བདེ་བ་དང་ཐོས་འདོད་ལའང་བདེ་ཁྱད་དུ་བཀོལ་པ་ཡིན།  བྱ་རིགས་འགའ་ཞིག་གི་མིང་གཉན་ཚོགས་ཀྱི་དེབ་ལ་ཟུར་ལྟ་བྱས་པ་ལགས།  མཚོ་མིང་ལའང་ཡི་གེ་འདྲ་མིན་མང་ཡོད་ཀྱང་བར་སྐབས་ལྔ་བ་ཆེན་མོའི་གསུང་ལྟར་ཡིན།༽

ང་ཚོ་ཚང་མར་མཚོ་སྔོན་པ་ཟེར་ཡང་མཚོ་སྔོན་པ་ཡིན་ན་མཚོ་སྔོན་པོར་ཆ་རྒྱུས་ཡོད་པ་ཞིག་མིན།  ཐ་ན་མཚོ་ཁ་པ་མང་པོར་ཡང་མཚོ་རྒྱུས་ཡོད་པ་ཉུང་ཉུང་ཡིན།  ད་ལྟ་མི་ཚོས་རང་རང་གི་གནས་ཡུལ་གཙོས་པའི་ས་རྒྱུས་ཆུ་རྒྱུས་འཆད་པ་དང་འབྲི་བའི་རླབས་རྒྱུན་ཞིག་འཕྱུར་གྱིན་ཡོད།  ཕྲན་བུ་ཡང་ཡུལ་རྒྱུས་ལེན་པ་དང་དེ་ལུགས་འཆད་པར་ཅུང་དགའ་མོས་ཆེ་བ་ཞིག་གི་ཆ་ནས་དང་།  མཚོ་ཁར་མི་ལོ་དྲུག་ཅུ་རྩ་གྲངས་ལྷག་ཅིག་འཚོ་སྡོད་མྱོང་གསུམ་བྱས་ཀྱང་ཉིན་ལྟར་མཚོ་ལ་བྱ་ར་བྱས་པ་ཤོབ་ཏུ་ཆེ་ཡང་།  རྒན་རབས་པ་ཚོའི་མཐོང་ཐོས་མྱོང་གསུམ་ཡང་ཅུང་རེ་ཡོད་ལ།  ལན་མང་པོར་མཚོ་ལ་ཞིབ་ལྟ་བྱེད་པར་ཡང་ཆེས་དགའ་བའི་མི་ཞིག་ཡིན་པས་ན་ཁ་བརྡ་ཞིག་གི་ཚུལ་དུ་མཚོ་དར་ཁོ་ནའི་ཆགས་གནས་ལྷུང་གསུམ་གྱི་གནས་སྟངས་བྲི་བར་བྱའོ།།  མཚོ་སྔོན་པོར་མཚོ་དར་ཙམ་ལས་གླེང་འོས་ཤིག་མེད་པ་མིན་ཡང་ནུས་ཚོད་ཅིག་གཞན་དུ་འབྲི་བརྩིས་ཡོད་པས་ན་འདི་ནི་ནང་གསེས་ཤིག་ཡིན་ལགས།

༡. མཚོ་དར་འཛིན་དུས་དང་ལྷུང་དུས།

མཚོ་རྒན་མ་ཁྲི་ཤོར་རྒྱལ་མོ།  ལྷ་མོ་སྟོང་གི་བླ་མཚོ། གཏེར་གྱི་བདག་པོ། མཛོད་ཀྱི་བདག་པོ། གཡང་གི་བདག་པོ་ཞེས་བསང་བརྩི་བ་དང་། ལྔ་པ་ཆེན་མོས་མཚོ་སྔོན་པོའི་བསང་མཆོད་བསྡུས་པ་རུ་ཡང་། ཁྲི་ཤོར་རྒྱལ་མོར་གནས་པའི་མཚོ་སྨན་བསངས།། ཞེས་ལྔ་པ་ཆེན་མོས་ཁྲི་ཤོར་དང་རྒྱལ་མོ་གཉིས་ཀ་ས་གནས་ཀྱི་འདོད་པར་བསྟུན་ཡག་མཛད་པ་ལྟར་གྱི་མཚོ་ཁྲི་ཤོར་རྒྱལ་མོའི་ན་བཟའ་བཞེས་སྟངས་ལ། མཚོ་དར་འཛིན་པའམ་ཆགས་དུས་ཀྱི་བཤད་ཚུལ་མང་ཤོས་ཀྱིས“དུས་ཆེན་ལ་ཆགས་ཤིང་དུས་ཆེན་ལ་འཕེན”་ཟེར་ལ། དགུ་མ་ཟུག་གི་བར་དུ་འགྲམ་དར་མི་འཛིན་ཟེར་ཚུལ་ཡང་ཡོད། ཁ་ཅིག་བཅུ་གཅིག་པའི་བཅོ་ལྔར་དར་ཆགས་པ་དང་ནམ་ལངས་དུས་དཀར་ཆགས་སེ་ཡོད་ཟེར་མཁན་ཡོད་ཀྱང་ཕྲན་བུས་མཉམ་དེ་འདྲ་མ་བཞག་ལ། དེ་འདྲའི་དོན་དངོས་ཤིག་ལའང་མ་འཕྲད་པས་རྣར་ཡང་མི་འགྲོ། མཚོ་དར་འཕེན་ཆགས་གང་ཡང་རླུང་བུས་དར་དེ་ཕར་ཚུར་འཁུར་བའམ་གཡེང་སྟེ་འགྲོ་བས་ལན་རེར་ནངས་མོ་དར་ཡོད་ན་ཉིན་གུང་ནས་རྒྱང་རིང་ལ་བུད་འགྲོ་བ་དང་། དགོང་ཁའམ་མཚན་མོ་མེད་ནའང་ནངས་མོ་མཐོང་ཚོད་ནས་ཚུར་ཚུར་སླེབས་ཏེ་འོང་བ་དུས་ཡུན་གང་འཚམ་རེར་འགྲིབ་སྟེ་འདུག་པའམ། ཉིན་འགའ་རེར་ཡོད་པ་གློ་བུར་གཞན་ལ་དེངས་འགྲོ་བ་ལྟ་བུ་མང་བ་དེར་འཁྲུལ་བ་ཡིན་ནམ་སྙམ། གང་ལྟར་བོད་ལོའི་བཅོ་ལྔར་གཞུང་རུབ་ཚར་དགོས་ཞེས་ཀུན་གྱིས་འདོད་མོད་དེའང་མཐའ་གཅིག་ཏུ་མིན། ཡ་མཚན་པའི་གནས་ཤིག་དར་ཆགས་དུས་དང་འཕེན་དུས་ལ་ཁྱད་པར་ཆེན་པོ་ཡོད་དེ། དར་འཕེན་དུས་ཚུར་འོང་བའི་དར་དེ་ཕལ་ཆེར་འཕེན་ངེས་པ་དང་ཆགས་དུས་ཚུར་འོང་བའི་དར་དེ་ཕལ་ཆེར་རྐང་སྒྲིག་པ་ལྟ་བུའི་ཁྱད་པར་མཐོང་།དེར་མ་ཟད་རྒྱ་རྩིས་དང་བོད་རྩིས་ལ་མཐོ་སྒང་གི་གནས་བབ་དང་མཐུན་མིན་གྱི་ཐད་རེག་ལས་ཆེན་པོ་ཡོད་པ་ངའི་ཉམས་མྱོང་ཡིན། དཔེར་ན༢༠༢༤ལོར་རྒྱ་རྩིས་བོད་ལོའི་ནང་དར་མ་ཆགས་པས་ཚང་མས་ད་ལོར་མཚོ་དར་འཛིན་བགྱི་མིན་ནམ་ཞེས་གླེང་གཞི་ཆེན་པོར་གྱུར། བོད་རྩིས་ལྟར་གྱི་བོད་ལོ་སྟེ་རྒྱ་རྩིས་ཟླ་དང་པོར་དར་ཆགས་ཟིན་པ་ལྟ་བུ་རེད། དེ་འདྲའི་ལོ་ཡང་ཐེངས་གཅིག་མིན་པར་མཐོང་རྒྱུ་འདུག་ལ་ཚང་མ་བོད་རྩིས་ཟླ་ལྷག་ཡོད་པའི་ལོ་ཡིན་མིན་མ་ངེས་མོད། གང་ཡང་མཚོ་ཁ་པ་ཚང་མས་མཚོའི་ན་བཟའ་བཞེས་དང་འཕུད་ཅེས་དོ་སྣང་ཆེན་པོ་བྱས་དང་བྱེད་ཀྱིན་པ་ཞིག་ཡིན།  

མཚོ་དར་ཆགས་དཀའ་བའི་ལོ་དེར་ད་ལོར་“གླང་བོ་ཆེར་ཕྲུ་གུ་ཡོད་དམ”་ཞེས་པའི་བཤད་སྟངས་ཤིག་ཡོད།  བཤད་ཚུལ་ལྟར་ན་གླང་པོ་ཆེ་སྦྲུམ་མ་ཡིན་པའི་ལོར་མཚོ་དར་མི་ཆགས་ཟེར་གྱིན་འདུག  རྩ་བའི་ཆར་དེ་ནི་དཔེར་མི་སྲིད་པ་ཞིག་ཡིན་པས་ན་དེང་གི་མི་ཚང་མ་དགོད་ཀྱིན་ཡོད།  དོན་དུ་སྐྱག་རྫུན་རེད་བསམ་པས་རེད།  འོན་ཀྱང་ཕྲན་བུས་བསམ་ན་དེར་འདང་རྒྱག་དགོས་པ་ཞིག་རེད།  གཅིག་ཏུ་ན་ཡ་ཐོག་གི་ཆར་འདི་ཀའི་མཚོ་ལྷོར་གླང་ཆེན་གྱི་འགྱུར་རྡོ་ཐོན་པ་ལ་སོགས་ཀྱིས་གླང་ཆེན་ཡོད་པའི་གཏམ་རྒྱུད་ཡོད་སྲིད་པ་དང་།  གཉིས་སུ་ན་བསྐལ་པའི་ཆར་གླང་གི་ལོ་ཞིག་ལ་མཚོ་དར་མ་ཆགས་པའི་མྱོང་གཏམ་འདྲ་ཡོད་སྲིད་ལ།  དེ་ནི་ཕལ་ཆེར་ལོས་ཡིན་སྙམ་པའི་རྟོགས་པ་འཆར་ཏེ།  ལོ་སྐོར་བཅུ་གཉིས་ལས་གླང་ནི་མོ་ཡིན་པ་ཚང་མས་ཤེས་གསལ་ལྟར།  ལོ་དེའི་གླང་བེའུ་མ་ཡིན་འདུག་གི་ཀུ་རེའམ་མཚར་འཛིན་དེ་གྲགས་པས་ཁྱབ་པས་རྒྱུན་འབྱམས་སུ་སོང་བ་ཞིག་ཡིན་པ་དང་།  ལོ་བདག་ཡིན་པའི་གླང་མོ་དེ་“བེའུ་མ”་སྟེ་སྦྲུམ་མ་ཡིན་ན་དྲོ་དགོས་པའི་རང་དབང་ལོས་ཡོད་ཀྱི་སྙོམ་འཇོག་ཅིག་དང་འདྲའོ་སྙམ།

མདོར་ན་མཚོ་དར་བོད་ཟླ་བཅུ་གཅིག་པའི་ནང་མགོ་བརྩམས་ཏེ་ཟླ་བཅུ་གཉིས་པའི་བཅོ་ལྔའམ་ཟླ་མཇུག་གི་གཡས་གཡོན་དུ་གཞུང་རུབ་འགྲོ་ལ།  དུས་ཚིགས་དང་འབྲེལ་བའི་བོད་ཀྱི་དམངས་གླུ་ལས།  ཟླ་བཅུ་བའི་ཕག་ན་བཅུ་གཅིག་ཡོད། ། ཙག་བསེར་བུའི་ཁ་ན་གསུང་སྙན་ཡོད། ། མཚོ་སྔོན་པོས་ན་བཟའ་མནབ་བགྱི་རེད། །ལྟ་བུ་དང་།  བོད་ཟླ་གཉིས་པའི་ཟླ་དཀྱིལ་ཙམ་ནས་གསུམ་པའི་བཅོ་ལྔ་བར་འཕང་ཚར་འགྲོ་བར་ཀུན་གྱིས་ངོས་འཛིན་བྱེད་ཀྱིན་ཡོད།

༢. མཚོ་དར་འཛིན་དུས་ཀྱི་རྣམ་པ་དང་གནས་སྟངས།

བོད་ཀྱི་དམངས་གླུ་ལ་ཡི་ལས།  རས་དར་ལྗང་འདྲ་གི་མཚོ་ལྗང་།། གོས་མང་ནག་འདྲ་གི་རྨ་བྱ།། དར་ཁ་དར་ཆགས་དུས་ཁ་འགྲིག་རེད།།དར་ཡུག་ཆགས་དུས་ཡང་འགྲིག་རེད།། བྱ་རྨ་བྱས་རྨ་ཡུལ་བརྒྱུད་རན་རེད།། ཞེས་པ་ལྟར།  “འགྲམ་དར”་ཕྲ་མོ་ཆགས་པ་ནས་རིམ་པས་ཇེ་འཐུག་དང་ཞེང་ཚད་གང་འཚམ་ཆགས་བཞིན་ཆག་གྲུམ་མང་པོ་འབྱུང་ལ།  “སོབ་རྒྱུག”་པའམ་“སོབ་འཁྱུག”་ཅེས་“ཆབ་ཞིག”་དང་འདྲེས་མ་ལྟེམས་ལྟེམས་མེར་མེར་གྱི་རྣམ་པར་ཡོད་པ་གསོ་རིག་གཞུང་གི་མངལ་གནས་“མེར་མེར་པོ”་ཞེས་པའང་ཡིད་ལ་ཝལ་གྱིས་འཆར། ལན་རེར་རླུང་བསེར་བུ་འཇམ་རྩུབ་གང་རུང་གིས་དཀྲུགས་དཀྲུགས་བྱས་པ་ལྟར་རླབས་ཕྲན་བུས་གཡོ་བསྐྱོམས་བྱེད་ཅིང་། དེ་ལ་“དབལ་ཞོགས་བརྒྱབ”་ཟེར་ཚུལ་ཡང་ཡོད། དབལ་འདི་“དབལ་འཐས”་ཞེས་ལྷགས་པའི་དབལ་གྱིས་ཆུ་འཐས་པར་བྱས་པའི་བརྡ་ཞིག་ཡིན་པས་“དབལ་རུག”ཀྱང་ཟེར་མཁན་ཡོད། ད་དུང་“དབལ་འཇང”་ལ་སོང་ཞེས་པ་དབལ་གྱིས་འཐས་པ་འཐུག་ཚད་དང་སྲ་ཚད་ཀྱང་ངེས་ཅན་ཡོད་པར། ང་ཚོས་མགར་བས་འཇང་རྡུང་བྱས་པ་ལྟར་གྱི་ཚད་ཀྱི་དཔེས་བསྟན་པ་རེད།  “ཆབ་ཞིག”་གམ་“དར་ཞིག”་(འདིར་སི་ལི་མ་ཞེས་པ་དེའམ་འདོད)རྣམས་“རྐང་རུབ”་ཅེས་པའི་བར་དང་བར་དུ་སོབ་ཀྱིས་སྦྲེལ་བའི་དར་ཁ་རྒྱ་དང་ཞེང་ཆེ་ཙམ་ཆགས་ལ། དེ་ནི་དྲྭ་བར་བྲེས་ཤིང་ནངས་མོ་ཉི་ཟེར་འོག་འོད་མདངས་དམར་སེར་ཧ་ཅང་གི་མཛེས་སྡུག་ལྡན་པ་འཕྲོ་བ་ཡོད། ལན་རེར་ཁ་བ་སྲབ་མོ་བབས་ཏེ་སྟེང་ན་ཁ་བ་ཅན་གྱི་“དར་ཞིག”་དང་“དར་ཞིག”་གསར་བ་ཁ་བ་མེད་པ་འཐབ་ནས་“རྐང་རུབ”་པ་དེ། ཕྲ་དང་ཁོང་གསེང་གི་རྣམ་པའི་མཚར་སྡུག་གཞན་ཞིག་ཡིན། འདི་དག་འདྲ་པར་ལ་དགའ་བ་རྣམས་མ་གཏོགས་ཕལ་ཆེར་གྱིས་མཐོང་མི་སྲིད་པའམ་མཉམ་མི་འཇོག རིམ་གྱིས་རྐང་རུབ་རྗེས་“དར་ལིང”་ཆེན་པོའམ་“ཆབ་ལིང”་ཆེན་པོ་གུང་འགྲིག་པ་“འཁྱག་འབྱར”་ཐེབ་སྟེ་ད་གཟོད་གཞུང་རུབ་མགོ་རྩོམ། གཞུང་མ་རུབ་པའི་བར་སྟོང་ཕྲ་ལ་རིང་པོ་དེར་“མཚོའི་སྐ་རགས”་ཟེར་ལ་ཐུང་ངུའི་རིགས་ལ་“མཚོའི་ཁ་ཚུབ”་ཀྱང་ཟེར། དོན་དུ་སེར་ཀ་རིང་མོའི་རིགས་ལས་བར་སྟོང་སྒོར་དབྱིབས་ཅན་དང་ཟུར་མང་ཅན་རིགས་ལ་སྐ་རགས་ཟེར་ཚུལ་མེད་པར།  “དར་ཁུང”་དང་“ལྗང་མེར”།  “དར་དོང”་ཟེར་མཁན་ཡོད། གཞུང་ཡོངས་སུ་རུབ་པར་“མཚོ་དར་འགྲིབ”་དང་“མཚོའི་ན་བཟའ་འགྲིབ”་ཟེར། འགྲིབ་འདི་མང་ཚོགས་ཀྱིས་ན་བཟའ་ཡིན་ན་འགྲུབ་འདི་ཡིན་པར་འདོད་མོད་ཁ་རུབ་པའམ་སོས་སོང་བའི་དོན་ཡིན་པས་འགྲིབ་འདི་ཡིན། ལར་ཆུའི་དར་ལ་“ཡུག་དར”་དང་“སྔོ་གཡའ”།  “སྐྱ་དར”་ཟེར་བ་ཡོད་ཀྱང་མཚོ་དར་ལ་ཡུག་དར་དང་སྔོ་གཡའ་ལས་སྐྱ་དར་ཆགས་རྒྱུ་མེད་པའམ་ཡོད་ཀྱང་དོ་སྣང་བྱུང་མེད། དཔེར་ན་བོད་ཀྱི་དམངས་གླུ་ལ་ཡི་ལས། མཚོ་ལྗང་ལོས་ཡུག་དར་འཛིན་དུས།། ཉ་གསེར་མས་མ་གོ་ཁོག་ཐུག་གིས།། དར་ཁ་ཚུབ་འདྲ་བཟིག་གཞུག་ལ་སྐྱུར།། དེ་བསྐྱུར་ནས་དེ་གས་ཅི་བྱེད་དེ།། བྱ་ངང་བའི་སེམས་ཀྱི་སྐྱོ་བ་རེད།། མཚོ་ལྗང་ལོ་ཡོད་ཀྱི་བསམ་པས་འཛིན།། ཞེས་པས་ཀྱང་ཡུག་དར་ལ་ངོས་བཟུང་བ་འདྲ། སྐྱ་དར་རམ་“དར་སྐྱ”་ནི་ཆུ་ཆེན་གྱི་དར་སྟེང་དུ་“ཞུན་ཆུ”་བླུགས་པ་བཙག་ཤུལ་གྱི་དར་སབ་སོབ་སྟེང་ནས་སྐྱ་མི་སོང་ན་མི་འདྲེད་པར་ཟེར་བ་འདྲ། བྱེ་བྲག་དར་“སྔོ་ཡུག”་ཅེས་པ་ཞིག་ཀྱང་ཡོད་ལ། དེ་ནི་“སྔོ་གཡའ”་དང་“ཡུག་དར”་གཉིས་ཀྱི་བསྡུས་ཚིག་ཀྱང་རེད། དར་སྟེང་ཁ་བ་བབས་པ་རླུང་གིས་ཕྱགས་ན་རྡུལ་དང་བྲལ་བ་དེ་ལའང་ཟེར་གྱིན་ཡོད།འཁྱགས་པ་སྤྱི་ལ་“དར་འབུར”་དང་“དར་ཧོབ”།  “དར་ཆ”ཟེར་བ་སོགས་ཡོད་ཀྱང་མཚོ་དར་ལ་དར་འབུར་ལྟ་བུ་རེ་མཐོང་བ་མ་གཏོགས་“དར་ཧོབ”་མེད་པ་འདྲ།  “དར་ཆ”་ནི་སྐམ་སར་རི་ངོས་སུ་ཆགས་མོད། མཚོ་ཁར་དར་ཆགས་ཁ་མའི་མཚོ་རླབས་དྲག་པོའི་དབང་གིས་རྟ་ཕྱུག་སོགས་འགྲམ་ངོགས་སུ་ཕ་བོང་དང་བྲག་ངོས་སུ་ཅུང་ཟད་རེ་བཅོས་པ་མཐོང་བ་དང་། དར་འཕང་བའི་ཝུར་སྤུང་སྟེང་རྦ་རླབས་ཀྱིས་ཀྱང་དུས་ཡུན་ཐུང་ངུར་དར་ཆ་བཅའོ།། མཚོའི་སྐ་རགས་སུམ་པའི་ཤུལ་དེར་ཆབ་ལིང་ཆུང་ཆུང་མང་པོ་དྲེག་པ་ལྟར་གཞོགས་གཉིས་སུ་རབ་རིབ་ཀྱིས་བསྟར་བ་ཤིན་ཏུ་རིང་པོ་བར་སྟོང་དུ་དར་གསར་བ་ཆགས་ཡོད་པ་དེར་“ཆབ་རེག”་གམ་“དར་རེག”་ཟེར་མཁན་ཡོད།  “དར་རོ”ཡིན་ཡང་སྲིད་དེ་ཤ་སྟེང་གི་དྲེག་པར་ཤ་རོ་དང་ཁ་བ་རྙིང་པར་“ཁངས་རོ”་ཟེར་བ་དང་། སེར་ཀ་ཞག་གིས་སྲེག། ཤ་རོ་སྣུམ་གྱིས་ལེན།། ཁངས་རོ་ཁངས་ཀྱིས་འཁྱེར།། ཁངས་དུག་ཁང་གིས་ལེན།། ཞེས་ཁ་དཔེར་འཇག་པས་དར་རྙིང་པ་དེར་དར་རོ་ཟེར་ཡང་ཐང་ངོ་།། མཚོ་དར་བཟུང་དང་མཚོ་དར་ཆགས།མཚོ་དར་འགྲིབ། མཚོའི་ན་བཟའ་འགྲིབ། མཚོའི་ན་བཟའ་བཞེས་སོགས་ཞེ་ས་དང་མིང་གི་རྣམ་གྲངས་ཙམ་ཡིན།  

གཞན་ཡང་མཚོ་དར་ལྷགས་པ་ཆེན་པོས་འགྲིབ་དགོས་ཀྱང་མཚོ་དར་གཞུང་རུབ་མགོ་རྩོམ་པའི་ཉིན་འགར་རླུང་ཆེན་པོ་མི་གཡུག་པའི་བཤད་ཚུལ་ཡོད།  “སྐ་རགས”་དང་“ལྗང་མེར”་“དར་དོང”་རྣམས་ལས་མཚོ་རླངས་ཆེན་པོ་སྤྲིན་ནམ་སྨུག་པ་ལྟར་ལང་ལོང་གཡོ། མཚོ་རླངས་ལས་ལྗང་མེར་ཆེ་ཆུང་དང་སྐ་རགས་ཀྱི་རིང་ཐུང་ཡང་ཕལ་ཆེར་ཚོད་དཔག་ཐུབ་པས་དེ་ཡང་ལྟད་མོ་ཞིག་ཡིན། དེས་ལན་རེར་མཚོ་འགྲམ་ལ་མཛེས་ཤིང་ལྟ་ན་སྡུག་པའི་རང་བྱུང་གི་སྒྱུ་རྩལ་གསར་བ་བསྣོན་ཏེ། རྩི་ཤིང་ཐམས་ཅད་ལ་བ་མོའི་མེ་ཏོག་དང་ཤུན་པ་གྱོན་པའམ་ལོ་འབྲས་འདྲ་མིན་འབྲི། དེ་བས་ད་དུང་ཆབ་ལིང་དང་རྡོ་ཐོག་ཏུ་རླབས་ཀྱིས་རེག་སར་ཆུའི་ཞུན་ཐིག་འགྲིལ་བའི་དར་ཆ་རིལ་བུ་མང་པོ་རྒུན་འབྲུམ་དང་སེ་འབྲུ་འམ། ཡང་ན་སྲན་ཐུག་གམ་ཅ་ལ་ལྟ་བུའི་ཆུན་འཕྱང་གི་སྟེང་དུ་བ་སྤུ་ལྟར་ཐོགས་པ་དང་། མེ་ཏོག་གི་འདབ་མ་སྤེལ་མར་སྦྲེལ་བ་ལྟར་ཆགས་པ་དེ་དངོས་གནས་ཡིད་དུ་འོང་ལ། ཉི་ཟེར་དང་བསྟུན་ན་དེ་བས་མཛེས་སྡུག་ཟད་མི་ཤེས་པའི་དགའ་སྟོན་དཔག་མེད་སྦྱིན་པ་ཡོད། ད་དུང་ཆུ་ཐིག་གིས་སྐྱེ་དངོས་ཕྲ་མོའི་སྟེང་དུ་ཤེལ་གྱི་ཚོམ་བུ་འདྲ་མིན་ཆེས་མཛེས་པའི་རྒྱན་དུ་བཀོད་དེ་མཚར་སྣང་ཡང་སྟེར། དེ་ལ་ཡང་དམངས་གླུ་ལ་ཡི་ལས།མཚོ་སྔོན་པོའི་བད་གདན་སྟེང་ལ།། གཡུ་བྱི་རུའི་ཕྲ་གདན་བཞག་ཡོད།། ཙགས་བསེར་བུར་དབང་ཞིག་ཡོད་ན།། དགུང་ཉི་མའི་དབང་ལ་མ་གཏོང་།། ཞེས་པ་ནི་འདི་ལ་ཟེར་བ་ལོས་ཡིན་སྙམ། ངས་བསམ་པའི་“བད་གདན”་འདིར་མི་ཚོས་“བལ་གདན”་དང་“བ་དན”་ལྟ་བུར་ལེན་ཡང་།དོན་དངོས་དང་བསྟུན་ན་མི་ལྟ་སྒོ་ཅན་ཞིག་གིས་བ་མོའམ་བད་དང་དར་གྱི་སྒྱུ་རྩལ་འདི་མཐོང་ནས་བླངས་པ་ཞིག་ལོས་ཡིན་འདོད་ལ། ཕྱི་རོལ་ཡུལ་གྱི་ཁ་བ་བབས་པས་མཚར་སྡུག་འདི་སྤྲོད་མི་ཐུབ་པ་ཡང་རང་བྱུང་གི་བཀོད་པའི་ཁྱད་པར་ཆེན་པོ་ཞིག་ཡིན། མཚོ་དར་ཆགས་ཚར་ཡག་མིན་པའི་དུས་ཡུན་གང་འཚམ་ནང་ངང་ངུར་དང་ངང་པ་དཀར་ཆེན། སྐྱར་མོ། སོ་བྱ། འབིགས་ལེན། གཏིང་གག་སོགས་འཁྱག་སྲོན་ཆེ་བ་འགའ་ཞིག་ཁྱུ་དང་ཁྱུ་བྱས་ནས་མི་འགྱང་བར་མཚོ་དར་འགྲིབ་པར་བློས་མ་ཆོད་པ་དང་། སྡུག་ཡུས་ཀྱིས་དར་སྟེང་དུ་མགོ་ལོང་ཁུག་ལ་བཞག་ཅིང་ཉལ་ཏེ་སྡོད་པ་མཐོང་ན་ཁོང་འདར་རྩེན་པ་ཡོད། དར་ཁ་ཡོངས་སུ་འགྲིབ་རྗེས་སང་ལོའི་དཔྱིད་དུས་ཀྱི་བར་མཐོང་དུ་མེད་པས་ཆེས་ལྷིང་འཇགས་ཀྱི་དུས་སོ།།

༣. མཚོ་དར་གནས་རིང་གི་རྣམ་པ་དང་གནས་སྟངས།

མཚོ་དར་ཆགས་ནས་འགྲིབ་དང་མ་འགྲིབ་ཀྱི་བར་དེར་ཉེན་ཁ་ཡང་འབྱུང་སྟེ།  དར་སྟེང་དུ་“ཞུན་ཆུ”་བླུགས་པ་འཐུང་ཕྱིར་དར་ཆད་དེ་ལྷུང་བས་ལུག་ཁྱུའམ་ཁྱུ་ཕྱེད་ནུབ་པའི་གཏམ་རྒྱུད་ཡོད་ལ་དངོས་བྱུང་ཡང་ཡོད། དེར་“ཆུ་དུར”་ལ་སོང་ཞེས་ཟེར། སྐབས་དེར་ཉ་པ་མཚོར་ལྷུང་བའང་ཉུང་ཉུང་མིན་པས་མཚོ་དར་གསར་དུ་ཆགས་དུས་མཉམ་འཇོག་ཆེན་པོ་བྱེད་དགོས་པ་ཞིག་ཀྱང་ཡིན། གཞུང་ཡོངས་སུ་རུབ་པ་དང་སྤྱང་ཀི་དར་སྟེང་བརྒྱུད་ནས་སླེབས་རྒྱུ་ཡོད་པ་དང་། གནའ་སྔོན་དགོ་ཁྱུ་དར་ལ་གཏད་ནས་གསོད་ཀྱིན་པ་མཐོང་བའི་རྒན་རབས་པ་ཡང་ཡོད། མི་ལ་མཚོན་ན་དར་སྟེང་བརྒྱུད་མཚོ་སྙིང་ལ་གནས་མཇལ་གཏོང་བ་དང་། དེ་དག་སྐ་རགས་ལ་ཐུགས་ནས་འགྲོ་ལམ་ཡག་པོ་མ་བྱུང་བའང་གོ་རྒྱུ་འདུག ཁ་བ་དང་“མཚོ་སྨུག”་གིས་“མགོ་འཁོར”་བའི་དཀའ་ཁག་ཀྱང་ཐོས་མྱོང་། འདི་གཏམ་དཔེར། སྨུག་ལང་ལོང་ནས་མགོ་འཁོར།།དར་ཧྲབ་ཧྲིབ་ཐོག་ནས་བརླ་བཅག། ཅེས་པ་མཚོ་མཇལ་པ་ཞིག་གིས་ལོས་བཞག་འདོད་དེ་འོང་། དེར་འགྲོ་མཁན་ཚོས་ས་སྒྱེ་ཕྱེད་ཙམ་རེ་དྲུད་ནས་འགྲོ་དགོས་པ་དང་བརྒྱ་ལ་ལུས་ན་ས་བརྡལ་དེ་སྟེང་དུ་སྡོད་དགོས་ཟེར། དེ་བཞིན་མཚོའི་བྱང་ནས་མཚོ་སྙིང་ལ་ཐག་རིང་བས་དར་ཞེང་ཡང་ཧ་ཅང་ཆེ་སྟབས་དར་གྱི་ངོས་ཀྱང་བལྟས་པ་ནང་བཞིན་གྱི་སྙོམ་པོ་མ་ཡིན་པར། དཔེར་ན་ལན་རེར་མཚོ་མཐའ་མི་མཐོང་པར་བཤོང་ཁུགས་ལྟ་བུར་ལྷུང་རྒྱུ་འདུག་ཅེས་གོ་མྱོང་། གནས་སྐོར་ལ་འགྲོ་མྱོངས་པ་ཚོས་མཚོ་དབུས་ཀྱི་མཚོ་དར་དེ་བས་ཡག་རབས་བཤད། དེ་ནི་བདག་གིས་མཐོང་སྐལ་མ་བྱུང་ལ་ལྟ་རུ་འགྲོ་བའི་སྙིང་སྟོབས་ཀྱིས་ཀྱང་མ་འདང་ངོ་།། ད་ལྟ་མཚོ་དར་སྲབ་མོ་ལས་མི་ཆགས་པས་མཚོ་སྙིང་ལ་འགྲོ་མཁན་ཤིན་ཏུ་ཉུང་བ་ནས་མེད་ཅེས་བཤད་ཆོག

དར་སྟེང་ནས་རིང་ཙམ་སོང་སྟེ་མཚོ་གཏེར་ཕུལ་ན་ཧ་ཅང་ཡག་པ་དང་མི་བཞེས་པ་མེད་པའི་དགེ་མཚན་ཡོད་ཅེས་གཏེར་འབུལ་མཁན་ཡང་ཡོད།  མཚོའི་དར་སྲུབས་དང་སྐ་རགས་ལྟ་བུ་ལས་མཚོ་གཏིང་ལ་བལྟས་ན་ཡ་ཐོག་མཚོ་འོག་ཏུ་ཤོར་བའི་མི་སྡེའི་གནས་སྟངས་ལྟ་བུ་མཐོང་བའི་མཚར་གཏམ་ཡང་ཡོད་དེ། དར་སྲུབས་དང་སྐ་རགས་ཕྲ་ས་ནས་ཤིན་ཏུ་གཅོམ་ཆུང་གིས་ཡུན་རིང་བལྟ་དགོས་ཟེར། དཔེར་ན་སྔར་མི་ཞིག་གིས་དེ་ལྟར་བལྟས་པས། མཚམས་ཤིག་མཐའ་ཡས་པའི་རྩྭ་ཐང་རུ་སྡེ་མང་པོས་ཁྱབ་པ་ཞིག་མཐོང་། དེར་ཁྱིམ་ཚང་ཞིག་ལ་མགྲོན་པོ་སྐྱ་མི་ཞིག་སླེབས། བུད་མེད་འཕྱོར་མོ་ཞིག་གིས་མགྲོན་བསུ་བྱེད་སྐབས་བཏག་ཁྱི་ཤོར་བས་རྟ་ལ་བཟུང་། རྟ་འདྲོག་པས་མི་ཐང་ལ་བརྡབས་ཤིང་རྟས་སྒ་དྲུད་དེ་“སྒ་ཁྲོག”་གིས་ཤོར།ལྟ་མཁན་གྱི་མི་དེ་དགོད་ཁ་ཤོར་བས་སྨུག་པ་ལྟ་བུ་མག་མོག་གིས་མི་མཐོང་བར་གྱུར་ཟེར། དེ་ནི་ཤོབ་མིན་ན་ཕལ་ཆེར་རྨི་ལམ་ཞིག་མིན་ནམ་འདོད་ཅིང་། ཉམས་མཚར་བས་ཕྲན་ཡང་ཆུང་དུས་དེ་ལྟར་ཡུན་རིང་ཙམ་རེར་བལྟས་ཀྱང་ལན་རེར་ཉ་འགའ་རེ་འགྲོ་བ་ལས་རུ་སྡེ་ལྟ་ཞོག ཆུ་གནས་གཞན་ཡང་མ་མཐོང་ལ་ཐ་ན་ཞབས་ཀྱང་མ་མཐོང་ངོ་།། འདི་བཞིན་བདག་ལྟའི་མཐོང་འདོད་ཅན་ནི་བྱིས་བློ་ཡིན་ལ་མ་མཐོང་བ་ནི་སྣང་བ་མ་དག་པས་རེད་ཅེས་འགྲེལ་སླ་མོ་རྒྱག་ངེས་ཡིན། མཚོའི་དར་འོག་ཏུ་སྒྲ་འདྲ་མིན་གྲག་པའང་ཡོད་དེ་ལ་ལས་མཚོ་གླང་གི་རྭ་དར་ལ་དྲུད་པའི་སྒྲ་ཡིན་ཟེར། ལ་ལས་དར་དམ་དུམ་མཚོ་འོག་ཏུ་ཁུར་བ་དར་ལ་བརྡར་བའི་སྒྲ་ཡིན་ཟེར། ལ་ལས་དར་སྲུབས་སམ་སེར་ཀ་དང་སྐ་རགས་གང་རུང་ལས་དབུགས་ཤོར་བ་དར་འོག་རྒྱུ་བའི་སྒྲ་ཡིན་ཟེར་ལ་ཕལ་ཆེར་དབུགས་ཤོར་བ་འདི་ཡིན་ལས་ཆེའོ།། མཚོ་དར་ཆགས་ནས་རིང་ཙམ་འགོར་ཏེ་ཟླ་གཉིས་པ་ཙམ་ནས་“དར་རེག”་ཞུ་བའི་“བུལ་ཏོག”་ཕོན་ཆེན་ཡོད་པ་ལེན་མཁན་ཡང་ཡོད། བུལ་ཏོག་ནི་སྨན་དང་པགས་པའི་ཟ་བདར་ལ་བཀོལ་མཁན་ཡོད་པས་ཡིན། མཚོ་འཁོར་ན་ཆུ་དཀོན་པས་མཚོའི་དར་ཆུ་ལ་ཚྭ་མི་བྲོ་བས་ལུག་མཚོ་ཁར་བསྐོར་མཁན་ཡོད་ཅིང་ལོབས་ན་ལུག་ལ་བཟང་རབས་ཟེར། མཚོ་ལུག་དར་ཁར་བུད་ནས་ཕྱིར་མ་ཚུད་པར་ལུག་ཁྱུར་ཡོང་བ། སྲམ་མཚོ་ཁར་བུད་ནས་ཕྱིར་མ་ཚུད་པའི་མཚར་ཞད་འདྲེས་མའི་འུད་གཏམ་རྙིང་བ་གོ་རྒྱུ་ཡོད་མོད་དངོས་བྱུང་གི་མཐོང་ཐོས་ཅི་ཡང་མེད། ལོ་འགའ་ཞིག་གི་སྔོན་རྟ་ཕྱུག་གི་བར་གང་རུང་དུ་ཉའམ་སྲོག་ཆགས་ཆེ་རབ་ཅིག་ཡོད་པར་འུར། དེ་དུས་བཀག་རྒྱ་མེད་པས་ཕྲན་བུས་བསྟུད་མར་ཉིན་གཉིས་ལ་སྒུག་ཀྱང་མ་མཐོང་། འདི་དག་ཕལ་ཆེར་རྫུན་གཏམ་ཡིན་པ་འདྲའོ།། སྨིག་རྒྱུ་ཡང་ཡ་མཚན་པ་ཞིག་ཡིན། ལན་རེར་མཚོ་སྟེང་ཕྱུགས་ཟོག་གིས་གང་བསྡད་ཡོད་པ་འདྲ་བ་དང་། མཚོ་དར་ཡལ་ནས་མེད་པ་ལྟ་བུ། མཚོ་སྙིང་དང་མཚེར་བ་རིའི་དབྱིབས་འདྲ་མིན་སྣ་ཚོགས་སུ་འགྱུར་བ། སྔ་མོར་རི་བོ་ཐམས་ཅད་ལ་བུ་ག་ཡོད་པ་ལྟ་བུའི་མཚར་སྣང་མང་པོ་འབྱུང་བ་དེ་ནི་མཚོ་སྔོན་པོར་མཚོ་དར་ཡོད་མེད་ཀུན་ལ་འབྱུང་མོད། མཚོ་དར་ཡོད་དུས་དང་མེད་དུས་ཀྱི་རྣམ་པ་འདྲ་ཡི་མེད། དེ་བཞིན་ནངས་མོ་དང་དགོང་ཁའི་ཉི་འོད་ཀྱང་དར་སྟེང་དང་ཆུ་སྟེང་གི་ཁྱད་པར་ཆེས་མི་འདྲ་བ་ཞིག་ཡིན། སྔོན་བྱིས་པ་རྣམས་དར་ཐོག་ཏུ་བསམ་ཤེས་ཀྱི་བཀོད་འདོམ་འོག་“ཚོ་བ་བགོས”་ནས་དར་ལེབ་མོའི་སྟེང་དུ་ཙོག་པ་དྲུད་ནས་རྩེ་བ་དང་། རྟ་རྡང་གཅོད་པ། རྡོ་རྟ་གཤིབ་པ། རྡོའམ་དར་ལིང་གིས་རྡུང་ཁ་འགྱེད་པ་བཅས་རྩེད་མོ་རྩེའོ།། སྤྱིར་དགུན་དུས་བྱིས་པ་དར་རྩེད་ནི་ཆེས་སྤྲོ་བོ་ཡིན་ཡང་མཚོ་དར་སྟེང་རྒན་པའི་ལྟ་རྟོག་མེད་ན་ཉེན་ཁ་ཆེ་བས་བཀག་བྱ་ཡིན། མཛུབ་མོ་བཅད་པའམ་ཁྲག་དང་གཅིན་སྐྱག་ལ་འཛེམ་སྲོལ་ཆེ་ཆེར་བྱེད།

༤. མཚོ་དར་ལྷུང་བའམ་མཚོ་ཞལ་ཕྱེ་དུས་ཀྱི་རྣམ་པ་དང་གནས་སྟངས།

བཤད་ཚུལ་ལ་ལར་“དྲོད་ཆེན་”མ་བབས་ན་མཚོ་དར་མི་འགུལ་ཟེར་མཁན་ཡོད་ལ། དྲོད་ཆེན་ནི་དཔྱིད་མཉམ་ལ་ཟེར་བ་ཡིན། གཏན་ནས་མི་འགུལ་བ་མི་སྲིད་ཅིང་ཐ་ན་ཡོངས་སུ་འཕེན་དུས་ཀྱང་ཡོད་མོད་རྩ་བའི་ཆར་བདེན་བདེན་འདྲ་ཞིང་། མཚོ་དར་དུས་མིན་དུ་འཕང་ན་“བར་འཁྱག”་ཆེ་བ་དང་ལོ་མི་བཟང་བར་དོགས་པ་བྱེད། མཚོ་དར་ལ་“དྲག་འཕེན་དང་ཞུ་འཕེན”་ཟེར་ཚུལ་གཉིས་ཡོད། ད་ལྟ་མི་ཚོས་ཞི་བ་དང་དྲག་པོ་ལ་གོ་ཡི་ཡོད། ལར་དེ་ལ་ཞི་དྲག་གི་འབྲེལ་བ་ཆེར་མེད། དྲག་འཕེན་ལ་གོ་བ་དེ་ལྟར་བླངས་ཀྱང་རུང་མོད་ཞུ་འཕེན་ནི་ཞུ་ནས་རང་ཐིམ་བྱུང་བ་དེར་ཟེར་གྱིན་ཡོད། དེ་ལ་མཚོ་དར་“རང་རྡིབས”་ཀྱང་ཟེར་གྱིན་འདུག གང་ལྟར་འདབ་བམ་མཐའ་བཀྱག ཆུ་སེར་དྲོས། དར་ཆུ་རྒྱུག མགོ་ཟེད་ལང་། དར་འགུལ། དར་གཤགས། སྐ་རགས་ཕྱེས། གཞུང་ཕྱེས། ཝུ་སྤུངས་བརྒྱབ། དར་འཕེན་ཟེར་པ་ནི་གོ་རིམ་གྱི་མིང་ལྟར་དུ་སྣང་ལ། སྔ་ལྟས་སུ་“ངང་ངུར་ལང་པ”་ཞེས་ཟེར་ཞིང་སྔོན་ཆད་ངོ་མ་དགུན་ཁར་ངང་ངུར་མེད་པ་འདྲ། ད་ལྟ་དགུན་དཀྱིལ་མཚོ་གཞུང་རུབ་པའི་དུས་ཚོད་ཉུང་ཙམ་གྱི་སྐབས་ཐོག་དེར་མེད་ན་མ་གཏོགས་རྒྱུན་དུ་མཐོང་རྒྱུ་འདུག་ལ་གནམ་གཤིས་ཀྱི་འགྱུར་ལྡོག་ཡིན་པ་འདྲ། དེ་དུས་མི་ཚང་མས་དོ་སྣང་བྱུང་སྟེ་ངང་ངུར་སླེབས་འདུག་ཅེས་མཚོ་དར་ཞུ་ཡོད་པའམ་དར་ཁ་ཕྱེས་པ་འདྲ་ཞེས་བཤད། གནའ་མི་ཚོས་ཆུ་བྱ་རིགས་དྲོད་ཁུལ་དུ་སྐྱས་བཏེགས་པ་ཤེས་ཀྱིན་མེད་ལ། ཁོང་ཚོས་ངང་ངུར་ནི་དགུན་དུས་དར་འོག་ཏུ་ཉལ་ཡོད་པར་འདོད་ཡོད། དེ་བས་མཚོ་ཞབས་སུ་མཐོང་བའི་ཀོང་ཀོང་རིགས་ལ་“ངང་དོང”་ཟེར་ཞིང་ངང་བའི་མལ་སར་འདོད། ངང་ངུར་ལང་ཞེས་པའང་ཁོང་ཚོས་གཞན་ནས་སླེབས་པ་མིན་པར་མཚོ་དར་རལ་ནས་ཡར་ལང་ཡོང་ཟེར། ད་ལྟ་ད་དུང་རྒན་པ་ལ་ལར་ངང་ངུར་གཞན་ནས་ཡོང་ཟེར་ན་རྣར་མི་འགྲོ་བ་ཡོད་པས། གནའ་མི་ཚོར་ཡ་མཚར་བའི་མྱོངས་པ་ཡོད་ལ་དགོད་འཆོར་བའི་བྱིས་བློའང་འདྲེས་མར་ཡོད།

དར་ལ་མགོ་ཟེད་ལང་ཚེ་མཉམ་འཇོག་དགོས་པའི་དུས་ལ་སླེབས་པ་ཡིན།  དེ་དུས་ཀྱི་ཉེན་ཁའང་མཚོ་དར་ཆགས་དུས་དང་གཅིག་མཚུངས་ཡིན་པས་བསྐྱར་བཤད་མི་དགོས།  

མཚོ་དར་“རང་རྡིབས”་ནི་ལོ་མཆོག་ཅིག་ཏུ་བརྩི་ཚུལ་ཡོད།  རང་རྡིབས་ལའང་རླུང་ཡེ་ནས་མི་གཡུག་པ་མི་སྲིད་ཅིང་རླུང་གཡུག་ནས་གཤགས་རལ་གྱི་རྗེས་སུ་རང་རྡིབས་སམ་“ཞུ་འཕེན”་བྱེད་པ་ཡིན།  མཚོ་དར་འགུལ་སྐྱོད་ཀྱི་མགོ་བརྩམས་ཟིན་པའི་ནང་ཁ་བ་ཆེན་པོ་བབས་ནས་རླུང་མ་གཡུག་ན་ཡང་རང་རྡིབས་འབྱུང་བ་འདྲ།  རང་རྡིབས་ཞེས་པའི་ལོར་མཐའ་བཞིར་ཅུང་ཙམ་ཡང་མི་འཕེན་པའི་རང་རྡིབས་ཤིག་དཔེར་མི་སྲིད་ཅེས་བཤད་ཐུབ།  ཉུང་ཙམ་མཐར་སྤུངས་ཀྱང་མང་ཆེ་བ་མཚོར་བྱིང་ན་ཞུ་འཕེན་ཟེར་ཆོག

“ཝུ་སྤུངས”་འདི་རྐང་ཚ་མ་གཏོགས་མཚོ་འཁོར་བ་གཞན་པས་དེ་སྔར་ཕལ་ཆེར་ཟེར་ཚུལ་མེད་པ་འདྲ། དར་ཕན་ཚུན་དབུར་ནས་འཕེན་པས་དབུར་ཡིན་ཟེར་བ་དང་། མཚོའི་དབུ་ནབ་ཡིན་པས་དབུ་ཡིན་ཟེར་མཁན་ཡོད་མོད། དཔྱིད་ཀྱི་“ཝུ་དར”་ཟེར་བས་ཝུ་ཡིན་ངེས་སྙམ།ཁ་དཔེར། སྟོན་བྱེའུ་དར་གྱིས་གཡག་ཐེག། དཔྱིད་གཡག་དར་གྱིས་བྱེའུ་མི་ཐེག། ཅེས་དཔྱིད་དར་དེ་འདྲའི་སབ་སོབ་ཝུ་བ་ལྟ་བུར་འདོད། མཚོ་གཡས་གཡོན་དང་ཕྱོགས་མཐའ་གང་ལ་དར་མང་པོ་སྤུངས་ན་ས་གནས་དེར་ལོ་ཕྱུགས་ལེགས་པར་འདོད། མཚོ་དར་རླུང་ཆེན་པོས་གཤགས་རལ་གཏོང་བ་དང་རླུང་ཆེན་པོས་འཕེན་པའང་ཡོད། རླུང་ཆེན་ཕལ་ཆེར་ནུབ་རླུང་ཡིན་ཡང་མཐའ་གཅིག་ཏུ་ཤར་ཕྱོགས་སུ་འཕེན་པའི་ངེས་པ་མེད་པར། མང་ཆེ་བ་དར་གྱི་ཆག་དུམ་མང་པོ་མཚོ་དབུས་རང་ནས་མཚོ་རླུང་ཞེས་མཐའ་བཞིར་གཡུག་པའི་རླུང་ཞིག་ཡོད་ལ། མཚོ་དར་ཕལ་ཆེར་དེ་ཡིས་སོ་སོར་འདེད་པ་ཡིན། དེ་ནི་ངོ་མཚར་བའི་རླུང་ཞིག་ཡིན་ལ་དབྱར་དུས་ཀྱང་མཚོ་རླུང་བསིལ་བུ་མཚོ་ནང་ནས་འགྲམ་ངོས་སུ་གཡུག་པ་གཡུ་ཡི་བསིལ་གཡབ་ཅིག་དལ་བུས་གཡོབ་པ་འདྲ། རླུང་ཆེན་གྱིས་དར་ཞོགས་བརྒྱབ་པ་དེར་ཞིབ་ཏུ་བལྟས་ན་ཤ་བརྩེད་པ་དང་སྔངས་འདར་ཡོང་བ་ཞིག་ཡིན། མཚོའི་འགྲམ་ངོགས་སུ་ཝུ་སྤུངས་རྒྱག་པའམ་དར་འཕེན་པའི་ཚུལ་ནི་རྔམ་ཟིལ་ཆེན་པོས་སྨི་བཞི་ལྔར་འཕེན་པར་མ་ཟད། མཐོ་ཚད་ལ་ཁང་ཚད་ལས་བརྒལ་བ་ཙམ་སྤུངས་ཐུབ་པ་ནི་བསམ་ཡུལ་ལས་འདས་པའི་ཁྱད་ཆོས་ལྡན། ཡིན་ན་ཡང་མཚོ་ཅུང་མི་ཟབ་པའི་ཆར་“ཝུ་སྤུངས”་མེད་པ་ནས་ཆུང་ཆུང་ཡིན་པ་འདྲ། དར་ལིང་ཆེ་ཆུང་རན་པོའི་སྟེང་ངང་ངུར་བབས་པ་རླབས་ཀྱིས་བསྐྱོམས་པ་ཡམ་ཡོམ་གྱིས་གྲུ་བ་ཆུང་ཆུང་ཁྱོ་ཤུག་ལྟར་དང་མང་དུ་ཚོགས་པ་མཚོ་འགྲུལ་སྐོར་ཚོ་རེ་དགའ་མགུས་བསྐྱོད་པའི་རྣམ་པར་མཐོང་། སྐྱར་མོ་རྣམས་ཉ་པས་གྲུ་ཁར་བྱ་ར་བྱེད་པ་འདྲ་བས་དགོད་ཀྱང་བྲོ་བ་སོགས་སྒྱུ་རྩལ་རྩེད་རིགས་ལྟ་བུའང་མཐོང་རྒྱུ་ཡོད། ཉ་པ་འགའ་ཞིག་དར་སྟེང་དུ་བསྡད་ནས་ཉ་ལས་བྱེད་སྐབས་མཚོ་དར་དུམ་བུར་ཆད་ནས་དར་དུམ་སྟེང་གི་བྱ་རིགས་དེ་དག་ལྟར་སྐྱེས་ཆེན་བཏེགས་པ་ཡོད། དེ་ལྟར་ཟད་མི་ཤེས་པའི་སྐྱོ་གར་ཡང་མཐོང་ཐོས་མངོན་སུམ་པ་དང་། མཚོ་ཁ་པས་མི་ཕྱུགས་དེ་རིགས་ལ་མཚོ་རྒན་མས་ཁྲལ་དུ་བླངས་ཞེས་མིག་བཙུམ་ནས་འཇིགས་ཞུམ་བྱེད། ལོ་རབས་བརྒྱད་ཅུ་བར་མཚོ་འཁོར་རྒྱ་སྡེ་རྣམས་ཀྱིས་ཁྱིམ་ཆས་མང་པོར་“གསེར་ཉའི་རྟགས་ཅན”ཞེས་ཀུ་རེའམ་མིང་འདོགས་བྱེད་པའི་དུས་སུ། སྲོག་བསྡོས་ཀྱི་གཏམ་རྒྱུད་མང་པོ་ཡང་མཚོ་དར་ལ་འབྲེལ་བ་དམ་ཟབ་ཡོད་པ་ཡིན།

དར་གསར་དུ་འཕང་མ་ཐག་གི་དར་ཅུང་རེ་བླངས་ཏེ་ཇ་བསྐོལ་ཚུལ་ཡོད།  མཚོ་དར་ལ་ཚྭ་མི་དྲོ་ཡང་རྟེན་འབྲེལ་གྱི་ཆེད་ལས་ཞིམ་པོ་རང་མིན་ནོ།།  དེ་བཞིན་ཞལ་ཕྱེས་མ་ཐག་ཕྱག་འཚལ་བ་དང་མཆོད་ཁ་འཕེན་ཚུལ་ཡང་ཡོད།  ལ་ལས་དེ་མ་ཐག་མཚོ་བསང་བཏང་སྟེ་དེང་གི་བཤད་ཚུལ་ལྟར་ན་རྟེན་འབྲེལ་ཞུ་བའི་བཟོ་ཙམ་སྟོན་མཁན་ཡང་ཡོད།  འོན་ཀྱང་གོང་ཞུས་ཉ་པ་རྣམས་ཀྱིས་མཚོ་ལ་འབགས་བཙོག་གང་མང་ཐེབས་པར་ཤེས་ནས་མཚོ་ཆུའི་དང་དོད་ལ་དོགས་པ་ཟོས་པས་ཉམས་མགོ་བརྩམས་པའམ་སྔར་གྱི་དད་མོས་མེད་པར་མཐོང་ངོ་།།  

གང་འཚམ་ནས་མཚོའི་“ན་བཟའ”་དང་མཚོའི་“ཕྱིང་རྡུགས”་ཞེས་པ་བླངས་ནས་བདུག་པ་དང་ཅུང་རེ་གཡང་དུ་ཉར་མཁན་ཡང་ཡོད།  དོན་དུ་སྨན་གཞུང་དུ་“ཆུ་བལ”་ཞེས་པ་དེ་ཡིན་འདུག་པ་དང་།  སྐྱེ་དངོས་ཀྱི་ངོས་ནས་བཤད་ན་ལོ་སྟོད་ཅུང་ངན་པའི་རྣམ་པ་ཡོད་དེ།  སྤྱིན་ཆུ་ལྟར་གྱིས་ས་གཡོགས་ནས་ཡོད་ལ་རིམ་གྱིས་རྩྭ་ལྗང་གིས་ནོན་ན་མནན་ན་ནེམ་ཞིང་བཏེག་ན་སྤར་བའི་རྣམ་པར་འགྱུར་ལ།  རིམ་གྱིས་དབྱར་མཚོ་རྒྱས་ཚེ་སླར་ཡང་ཆུ་བལ་གྱི་རྒྱུ་དང་གྲོགས་སུ་ཡང་འགྱུར་རོ།།  འདི་ནི་ན་འདམ་གྱི་མཚོ་མཐའ་ལས་བྲག་དང་རྡོ་བ་རགས་པའི་མཐའ་རུ་ཇི་བཞིན་མེད་པ་ཞིག་ཡིན།  དེ་ལྟར་དར་ལ་ན་བཟའ་ཕྱི་མ་དང་ཆུ་བལ་ལ་ན་བཟའ་ནང་མ་ཞེས་མིང་འདོགས་ཆོག་པའི་ཚོད་དུ་ཡོད།  མཚོ་དར་ཕུད་དང་མཚོ་དར་ལྷུང་།  ན་བཟའ་ཕུད་ཅེས་ཞེ་ས་སྦྱར་དང་མ་སྦྱར་བའི་བཤད་ཚུལ་ཡོད་པ་དང་།  དེ་ནས་རིམ་པས་བྱ་མགྲོན་སྣ་ཚོགས་ཀྱིས་རྩེ་མགོ་རྩོམ་ཡང་གཞན་དུ་བཤད་འདོད་ལ།  མཚོ་དར་ཆགས་གནས་ལྷུང་གསུམ་གྱི་མྱོང་ཚོར་རགས་རིམ་ནི་བཤད་ཟིན་ཏོ།།  

རང་ལ་མཐོང་ཐོས་མྱོང་བ་འདི་ཙམ་ལས་མེད་ཅིང་།  མཚོ་གཡས་གཡོན་གྱི་རྒན་རབས་ཚོས་ཁ་བརྡ་བྱེད་པར་ཡང་འདི་ལས་ལྷག་པ་ཅང་མ་ཐོས་ཤིང་།  ད་ལོར་མཚོ་བྱང་ཁུལ་གྱིས་མཚོ་སྔོན་པོའི་ཞལ་འབྱེད་མཛད་སྒོ་ཞེས་པའི་ཆེད་དུ་བྱ་བའི་ཁ་བརྡ་ཞིག་ལའང་རྩོམ་ངན་འདིའི་རགས་རིམ་ཞིག་བཤད་ཟིན་མོད།  བསམ་ཤིང་དེ་ལས་ཞིབ་ཙམ་བྲིས་ཡོད་པ་དེ་ད་ནི་ཉམས་མཚར་ཞིག་གི་ཆེད་དུ་སྤེལ་ཡང་མི་ཆོག་པ་མི་འདུག་སྙམ་པས་ཕུལ་ལོ།།  །།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号