ཁྲིད་ཤེས་དང་མི་ཤེས་པའི་དགེ་རྒན་གྱི་རྣམ་དབྱེ་སོ་གཉིས་མ་བཞུགས་སོ།།
སྒྲོལ་དཀར་ཚེ་རིང་གིས་བསྒྱུར།
ཁྲིད་ཤེས་པའི་དགེ་རྒན་གྱིས་ཐབས་དང་གོམས་གཤིས་འཁྲིད་པར་བྱེད་ཅིང་། ཁྲིད་མི་ཤེས་པའི་དགེ་རྒན་གྱིས་ཤེས་བྱའི་རྣམ་གྲངས་དང་ལན་ཁྲིད་པར་བྱེད། ཁྲིད་ཤེས་པའི་དགེ་རྒན་དང་ཁྲིད་མི་ཤེས་པའི་དགེ་རྒན་གྱི་ཁྱད་པར་སོ་གཉིས་ལ་བསམ་སྟེ། རང་ཉིད་ཁྲིད་ཤེས་པའི་དགེ་རྒན་ཡིན་མིན་བརྟག་དགོས།
1
ཁྲིད་ཤེས་པའི་དགེ་རྒན་གྱིས་བསླབ་དེབ་དཀའ་མོ་སླ་མོ་རུ་ཁྲིད་ཅིང་། ཁྲིད་མི་ཤེས་པའི་དགེ་རྒན་གྱིས་ཤེས་བྱ་སླ་མོ་དཀའ་མོ་རུ་ཁྲིད།
2
ཁྲིད་ཤེས་པའི་དགེ་རྒན་གྱིས་རྟོགས་དཀའ་བའི་ཤེས་བྱ་རྟོགས་སླ་བར་ཁྲིད་ལ། ཁྲིད་མི་ཤེས་པའི་དགེ་རྒན་གྱིས་རྟོགས་སླ་བའི་ཤེས་བྱ་རྟོགས་དཀའ་བར་ཁྲིད།
3
ཁྲིད་ཤེས་པའི་དགེ་རྒན་གྱིས་དཔེ་ཁྲིད་བྱེད་དུས་སློབ་མའི་རྗེས་སུ་འབྲངས་ལ། ཁྲིད་མི་ཤེས་པའི་དགེ་རྒན་གྱིས་སློབ་མ་དག་དགེ་རྒན་གྱི་རྗེས་སུ་ཁྲིད་པར་བྱེད།
4
ཁྲིད་ཤེས་པའི་དགེ་རྒན་གྱིས་རང་ཉིད“བག་ཕེབས”ཤིང་སློབ་མ་བྲེལ་བར་བྱེད་ལ། ཁྲིད་མི་ཤེས་པའི་དགེ་རྒན་གྱིས་སློབ་མ་ཁོམ་ཞིང་རང་ཉིད་བྲེལ་བར་བྱེད།
5
ཁྲིད་ཤེས་པའི་དགེ་རྒན་གྱིས་སློབ་མའི་ལྟ་བ་ཚུགས་ཐུབ་པ་ཐོས་པར་རེ་ཞིང་། ཁྲིད་མི་ཤེས་པའི་དགེ་རྒན་དེ་སློབ་མའི་ལན་ནི་དགེ་རྒན་གྱིས་བསམས་པ་དང་མི་མཐུན་པར་འཇིགས།
6
ཁྲིད་ཤེས་པའི་དགེ་རྒན་ནི་སློབ་མས་ལན་བཏབ་པ་ནོར་བར་མི་འཇིགས་མོད། ཁྲིད་མི་ཤེས་པའི་དགེ་རྒན་ནི་སློབ་མས་ལན་བཏབ་པ་ནོར་བར་འཇིགས།
7
ཁྲིད་ཤེས་པའི་དགེ་རྒན་གྱིས་སློབ་མ་ལ་ཁྱེད་ཀྱིས་གོ་བ་ཇི་ལྟར་ལེན་ཞེས་འདྲི་བར་དགའ་མོད། ཁྲིད་མི་ཤེས་པའི་དགེ་རྒན་གྱིས་ནམ་རྒྱུན་སུས་ལན་གདབ་ཅེས་འདྲི་བར་བྱེད།
8
ཁྲིད་ཤེས་པའི་དགེ་རྒན་གྱིས་སློབ་མར་དེབ་བཀླག་ནས་གསར་དུ་རྙེད་པ་དང་སྤྱི་སྡོམ་བྱ་རུ་འཇུག་ཅིང་། ཁྲིད་མི་ཤེས་པའི་དགེ་རྒན་གྱིས་རང་གི་ལན་དེ་སློབ་མ་དག་ལ་སྟེར་བར་བྱེད།
9
ཁྲིད་ཤེས་པའི་དགེ་རྒན་གྱིས་ནམ་ཡང་སློབ་མ་སེམས་ལ་བཅངས་ཡོད་ཅིང་། ཁྲིད་མི་ཤེས་པའི་དགེ་རྒན་གྱི་སེམས་སུ་ཁྲིད་ཡིག་ལས་མེད།
10
ཁྲིད་ཤེས་པའི་དགེ་རྒན་གྱིས་སློབ་མར་དུས་ཚོད་མང་ཙམ་འཇོག་ལ། ཁྲིད་མི་ཤེས་པའི་དགེ་རྒན་གྱིས་རང་ཉིད་འབའ་ཞིག་གིས་བཤད་པར་དགའ།
11
ཁྲིད་ཤེས་པའི་དགེ་རྒན་གྱིས་སློབ་མས་དོགས་པ་དང་དཀའ་གནད་འདྲི་བར་སྤོབས་ལ། ཁྲིད་མི་ཤེས་པའི་དགེ་རྒན་གྱིས་དཔེ་ཁྲིད་དུ“དགོས་མེད་ཀྱི་རྙོག་དྲ”བསླང་པར་སྐྲག
12
ཁྲིད་ཤེས་པའི་དགེ་རྒན་གྱིས་སློབ་མའི་བསམ་གཞིག་གཏོང་སྟངས་ལ་ཐུགས་ཁུར་བྱེད་ཅིང་། ཁྲིད་མི་ཤེས་པའི་དགེ་རྒན་གྱིས་སློབ་མས“ཁོང་དུ་ཆུད་མིན”འབའ་ཞིག་ལ་སེམས་ཁུར་བྱེད།
13
ཁྲིད་ཤེས་པའི་དགེ་རྒན་གྱིས་སློབ་མའི་སྔར་གྱི་ཡོན་ཚད་ལ་བརྩི་འཇོག་དང་གཅེས་སྤྲས་བྱེད་མོད། ཁྲིད་མི་ཤེས་པའི་དགེ་རྒན་གྱིས་སློབ་མས་ཅི་ཡང་མི་ཤེས་པར་ལྟ།
14
ཁྲིད་ཤེས་པའི་དགེ་རྒན་གྱིས་དཀའ་གནད་ཀྱི་བསམ་གཞིག་གི་རིན་ཐང་གཙིགས་སུ་འཛིན་ལ། ཁྲིད་མི་ཤེས་པའི་དགེ་རྒན་གྱིས་སློབ་མས་མ་བསམ་པར་ཤོད་པ་ལ་རེ་བ་བྱེད།
15
ཁྲིད་ཤེས་པའི་དགེ་རྒན་གྱིས་ཁྲིད་པའི་རྗེས་སུ་བསམ་པར་བྱ་བ་དེ་དཔེ་ཁྲིད་ཀྱི་འཕྲོས་དོན་དུ་སྒོམ་ཡང་། ཁྲིད་མི་ཤེས་པའི་དགེ་རྒན་གྱིས་དཔེ་ཁྲིད་རྫོགས་རྗེས“བཀྲ་ཤིས་བདེ་ལེགས་ཞུས་པར”འདོད།
16
ཁྲིད་ཤེས་པའི་དགེ་རྒན་གྱིས་སློབ་ཚན་དང་འབྲེལ་ནས་སློབ་མས་རང་གི་ལྟ་ཚུལ་གདོན་པར་ཁྲིད་སྟོན་བྱེད་ལ། ཁྲིད་མི་ཤེས་པའི་དགེ་རྒན་གྱིས་སློབ་མས་སློབ་ཚན་ལས་ལན་ལྷུན་གྱིས་གྲུབ་པ་རྙེད་པ་འབའ་ཞིག་ལ་ཚིམ།
17
ཁྲིད་ཤེས་པའི་དགེ་རྒན་གྱིས་སློབ་མར་རང་གིས་གང་ཁྲིད་པ་ལས་ནོར་བའི་ཆ་རྣམས་བསལ་བ་དང་བཅོས་པར་བྱེད་ཅིང་། ཁྲིད་མི་ཤེས་པའི་དགེ་རྒན་གྱིས་རང་གིས་ཁྲིད་ནོར་ཤོར་བ་རྣམས་ཁ་རོག་གེར་བཅའ་བར་བྱེད།
18
ཁྲིད་ཤེས་པའི་དགེ་རྒན་གྱིས་སློབ་མར་འཇོན་ཐང་ངོམ་པའི་སྡིངས་ཆ་རེ་བསྐྲུན་ལ། ཁྲིད་མི་ཤེས་པའི་དགེ་རྒན་གྱིས་ཐབས་ཤེས་རྩལ་སྤྲུགས་ཀྱིས་སློབ་མས་རང་ལ་མཐུན་འགྱུར་བྱ་བར་བརྩོན།
19
ཁྲིད་ཤེས་པའི་དགེ་རྒན་གྱིས་ནམ་རྒྱུན་ཅི་ཡང་མི་ཤེས་པའི་བརྟུལ་ཞུགས་འཛིན་ལ། ཁྲིད་མི་ཤེས་པའི་དགེ་རྒན་ནི་མི་ཤེས་ཤེས་ཁུལ་བྱ་བར་དགའ།
20
ཁྲིད་ཤེས་པའི་དགེ་རྒན་གྱིས་དཀའ་གནད་དང་གཙོ་གནད་འཛིན་པར་བྱེད་ལ། ཁྲིད་མི་ཤེས་པའི་དགེ་རྒན་གྱིས་མ་ལུས་ཀུན་ལ་ཁྱབ་པ་དང་གཙོ་ཕལ་རྣམ་པར་མི་ཕྱེའོ།།
21
ཁྲིད་ཤེས་པའི་དགེ་རྒན་གྱིས་ཐབས་དང་གོམས་གཤིས་འཁྲིད་པར་བྱེད་ཅིང་། ཁྲིད་མི་ཤེས་པའི་དགེ་རྒན་གྱིས་ཤེས་བྱའི་རྣམ་གྲངས་དང་ལན་ཁྲིད་པར་བྱེད།
22
ཁྲིད་ཤེས་པའི་དགེ་རྒན་གྱི་དཔེ་ཁྲིད་ལ་རང་གི་ཁྱད་ཆོས་ཡོད་མོད། ཁྲིད་མི་ཤེས་པའི་དགེ་རྒན་གྱིས་ཐབས་ཤེས་ཡོད་དགུས་གཞན་ལ་ལད་མོ་བྱེད།
23
ཁྲིད་ཤེས་པའི་དགེ་རྒན་གྱི་རིགས་ལམ་གསལ་པོ་ཡིན་མོད། ཁྲིད་མི་ཤེས་པའི་དགེ་རྒན་གྱིས་སློབ་མ་ཁྲིད་ནས་རྨོངས་པ་རང་འཁོར་བྱེད།
24
ཁྲིད་ཤེས་པའི་དགེ་རྒན་གྱིས་ཁྲིད་ཐབས་རྩེ་གྲའི་སྙིང་པོ་སྡུད་ཅིང་།གང་དེ་སློབ་ཐུན་དུ་ཐབས་ལ་མཁས་པར་སྤྱོད་ཀྱང་། ཁྲིད་མི་ཤེས་པའི་དགེ་རྒན་གྱིས་ཁྲིད་ཐབས་རྩེ་གྲའི་རྣམ་པ་འབའ་ཞིག་སྦྱོང་ལ། སློབ་ཐུན་དུ་གཞན་གྱི་ཐབས་ལམ་ཇི་བཞིན་སྤྱོད།
25
ཁྲིད་ཤེས་པའི་དགེ་རྒན་གྱིས་སློབ་མའི་དཔེ་ཀློག་དང་གཏམ་བཤད་ལ་ཉན་པར་མཁས་ཤིང་། དེ་ལས་དཔེ་ཁྲིད་ཀྱི་གོ་སྐབས་ཡག་པོ་རྙེད་པར་བརྩོན་ལ། ཁྲིད་མི་ཤེས་པའི་དགེ་རྒན་གྱིས་སློབ་མས་དཔེ་ཀློག་དང་གཏམ་བཤད་བྱེད་པའི་བར་གླགས་ནས་རང་གི་དོན་ལ་བྲེལ་བའོ།།
26
ཁྲིད་ཤེས་པའི་དགེ་རྒན་ནི་སློབ་མའི་གསར་གཏོད་ཀྱི་བསམ་གཞིག་ཚོར་བའི་ཐབས་ལ་མཁས་ཤིང་། བསམ་གཞིག་གི་མེ་སྟག་དེ་དག་འཕྲལ་མར་སྒྲོན་པར་བྱེད། ཁྲིད་མི་ཤེས་པའི་དགེ་རྒན་གྱིས་སློབ་མས་ལན་བཏབ་པ་ཆ་ཚང་མིན་འབའ་ཞིག་ཡིད་ལ་བྱེད།
27
ཁྲིད་ཤེས་པའི་དགེ་རྒན་གྱིས་སློབ་མས་དམིགས་པ་གཏད་དེ་དཔེ་ཆ་བཀླགས་རྗེས་སུ་བསམ་བློ་ཞིབ་མོ་གཏང་བར་རེ་སྒུག་བྱེད་ཅིང་། ཁྲིད་མི་ཤེས་པའི་དགེ་རྒན་གྱིས་རྩོམ་ཆོས་ཚན་བཤུས་ལས་ལན་ཆུ་བཞུར་བ་བཞིན་གདབ་པར་ཚིམ།
28
ཁྲིད་ཤེས་པའི་དགེ་རྒན་གྱིས་ལས་བྱ་དང་རྒྱུགས་ཤོག་ཉིན་དེ་གར་བརྟག་ཅིང་དཔྱད་ལ། བཅའ་བར་བྱེད། ཁྲིད་མི་ཤེས་པའི་དགེ་རྒན་གྱིས་ལས་བྱ་དང་རྒྱུགས་ཤོག་བྲིས་ཚར་རྗེས་དོན་འགྲུབ་པ་ཡིན་ལ། བྲིས་པ་འགྲིག་མིན་ལ་ཁ་ཡ་མི་བྱེད་དོ།།
29
ཁྲིད་ཤེས་པའི་དགེ་རྒན་གྱིས་སློབ་ཐུན་དུ་རྗེས་སུ་ལུས་པའི་སློབ་མ་ལ་ཐུགས་ཁུར་བྱེད་ཅིང་། སློབ་ཐུན་གྲོལ་རྗེས་སྒེར་ལ་ཁྲིད་སྟོན་བྱེད། ཁྲིད་མི་ཤེས་པའི་དགེ་རྒན་གྱིས་སློབ་ཐུན་དུ་ཁྲིད་པ་འབའ་ཞིག་ལ་ཚིམ་ཞིང་། སུས་ཤེས་པ་དང་གང་གིས་མ་ཤེས་པར་བློ་ལ་གདེང་མེད་དོ།།
30
ཁྲིད་ཤེས་པའི་དགེ་རྒན་གྱིས་སློབ་མར་ཤེས་བྱ་སློབ་པར་སྣེ་སྟོན་བྱེད་པར་མ་ཟད། འབྲི་ཀློག་དང་རྩོམ་པ་ལ་སོགས་པའི་གོམས་གཤིས་ཆགས་པའང་གཙིགས་སུ་འཛིན་ལ། ཁྲིད་མི་ཤེས་པའི་དགེ་རྒན་གྱིས་སློབ་མས་ལན་བཏབ་པ་འགྲིག་མིན་འབའ་ཞིག་ཡིད་ལ་བྱེད་དོ།།
31
ཁྲིད་ཤེས་པའི་དགེ་རྒན་གྱིས་སློབ་མའི་སློབ་སྦྱོང་གི་ཆུ་ཚད་ལ་གཞིགས་ནས་རིགས་དབྱེ་སྟེ་ལས་བྱ་འཇོག་ཅིང་། སློབ་མ་ཚང་མས་རང་གི་ནུས་པས་ལེགས་པར་འགྲུབ་ཐུབ། ཁྲིད་མི་ཤེས་པའི་དགེ་རྒན་གྱིས་དབྱེ་བ་ཅི་ཡང་མེད་པར་ཐམས་ཅད་ལ་ལས་བྱ་མཚུངས་པར་འཇོག
32
ཁྲིད་ཤེས་པའི་དགེ་རྒན་གྱིས་སློབ་མ་ལ། དྲི་བ་འདི་ཅུང་དཀའ་ཙམ་གདའ། བྲེལ་བ་མ་ལངས་པར་ཁ་བྱང་ནན་གྱིས་ཀློགས་དང་། དེ་ནས་ད་དུང་འབྲི་མ་ཤེས་ན་ངེད་གཉིས་ཀྱིས་མཉམ་དུ་ཨེ་ཤེས་བལྟ་ཞེས་བཤད། ཁྲིད་མི་ཤེས་པའི་དགེ་རྒན་གྱིས་སློབ་མ་ལ། ངོ་མ་གླེན་པ་ལུག་གི་མགོ་བོ་ཅན་རང་རེད། འདི་འདྲའི་དྲི་བ་སླ་མོ་ཞིག་ཀྱང་འབྲི་ཤེས་ཀྱིན་མི་འདུག་ཅེས་བཤད་ངེས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注