མཚོ་བྱང་ཁུལ་ནས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་སྐབས7པ་བསུས།

གསར་འགོད་པ། དབང་ཆེན་དོན་འགྲུབ།


   ཟླ4བའི་ཚེས27ཉིན། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་དང་མཚོ་བྱང་ཁུལ་མདོ་ལ་ཚགས་པར་ཁང་། མདོ་ལ་རི་བོ་སློབ་འབྲིང་བོད་སྐད་ཡིག་ཁྲིད་དཔྱོད་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས“བདུན་ཅུའི་ཁུལ་སྟོན་དགའ་བས་བསུ།། ཐོན་མིའི་མཛུབ་རིས་སྐྱེས་སུ་འབུལཞེས་པའི4.30བོད་ཡིག་ཡིག་གཟུགས་འགྲན་སྡུར་སྐབས་བདུན་པ་མདོ་ལ་རི་བོ་སློབ་འབྲིང་དུ་སྤེལ།

   མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་རྡོ་རྗེ་བྱམས་ཀྱིས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་གྱི་བྱུང་འཕེལ་དང་མཚོན་དོན་སྐོར་ནས་གཏམ་བཤད་སྤེལ་ཞིང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་གཡང་འབུམ་ཚེ་རིང་དང་། མདོ་ལ་རི་བོ་སློབ་འབྲིང་གི་སློབ་གཙོ་ཧུའུ་སིན། སློབ་གཙོ་གཞོན་པ་ལིའུ་ཚོན་མེན། སློབ་གཙོ་གཞོན་པ་རྡོ་རྗེ་རྒྱལ་བཅས་བྱ་འགུལ་ལ་ཞུགས།

   བྱ་འགུལ་འདི་ལས་སློབ་མ་ཡོངས་ལ་བོད་ཡིག་ཡིག་གཟུགས་ཀྱི་གལ་ཆེན་རང་བཞིན་དང་། ཡིག་གཟུགས་ལ་དགའ་བའི་འདུན་པ་སོགས་ཕྱོགས་མང་བོ་ནས་གོ་སྐོན་བློ་འགུག་གི་ཕན་ཐོགས་ཆེན་པོ་བྱུང་ཡོད་ལ། སློབ་མ་རྣམས་ཀྱིས་དུས་རབས་ཀྱི་འབོད་པ་ངག་ལ་གྱེར་ནས་མེས་རྒྱལ་ལ་དགའ་བའི་སྦྱོར་བ་ཡིས་མཚོ་བྱང་ཁུལ་གྱི་མི་རིགས་སློབ་གསོའི་འཕེལ་རྒྱས་དང་ཏང་གི་མི་རིགས་སློབ་གསོའི་སྲིད་ཇུས་ཀྱི་གཡུར་དུ་ཟ་བའི་གྲུབ་འབྲས་མངོན་པར་མཚོན་ཡོད།

   ཐེངས་འདིའི་འགྲན་སྡུར་ལ་དགེ་སློབ50ལྷག་ཞུགས་ཡོད་ཅིང་། དགེ་སློབ་དག་གིས་བྲིས་ལ་ཡིག་ནོར་ཤོར་མི་ཆོག་ལ་ཤོག་ངོས་གཙང་མ་ཡིན་དགོས་པ་དང་། ཡིག་གཟུགས་དྲང་དགོས་པ། ཡི་གེར་མངོན་གསལ་གྱི་ཆེ་ཆུང་མེད་པ་བཅས་ཀྱི་བླང་བྱ་ལྟར་འགྲན་སྡུར་དངོས་ལ་ཞུགས་ནས་དག་གཙང་གི་ཤོག་དཀར་གྱི་འཇིག་རྟེན་དུ་ཡིག་གཟུགས་སྒྱུ་རྩལ་གྱི་རྣམ་ཤེས་སེར་རྩེ་ལས་འཁྲུངས་པར་བྱས། 

   འགྲན་སྡུར་གྱི་བྱ་དགའི་ཨང་རིམ་ལ་འདྲ་མཉམ་དང་དྲང་བདེན་ཡོང་ཆེད། ཐོག་མར་མདོ་ལ་རི་བོ་སློབ་འབྲིང་གི་དགེ་རྒན་དུ་མས་ཐེངས་འདིའི་ཡིག་གཟུགས་འགྲན་སྡུར་གྱི་བརྩམས་ཆོས་ལས་ཡིག་གཟུགས་ལེགས་ཤོས་དག་ལོགས་སུ་བདམས་ཐོན་བྱུང་རྗེས། བདམས་ཐོན་བྱུང་བའི་ཡིག་གཟུགས་བརྩམས་ཆོས་དག་དཔྱད་འདེམས་པས་བློ་ཞིབ་མོས་དཔྱད་འདེམས་ཡང་ཡང་བྱས་མཐར།  ཨང་དང་པོ་གཉིས་དང་ཨང་གཉིས་པ་གསུམ། ཨང་གསུམ་པ་ལྔ། ཕུལ་བྱུང་བྱ་དགའ་བརྒྱད་བཅས་བྱ་དགའ་ཐོབ་པའི་སློབ་གྲོགས་དག་ལ་རིམ་པ་བཞིན་བྱ་དགའི་དཔེ་དེབ་དང་གཟི་བརྗིད་དཔང་ཡིག་གནང་།


   མཇུག་མཐར། ཐེངས་འདིའི་འགྲན་སྡུར་གྱི་མཇུག་འབྲས་སྤྱི་བསྒྲགས་བྱས་པ་དང་འབྲེལ་བྱ་དགའ་སྟེར་བའི་གོ་རིམ་ལ་ཞུགས་ནས་བྱ་འགུལ་བཀྲ་ཤིས་བདེ་ལེགས་ངང་མཇུག་བསྡུས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号