ཉིན་ཞྭ་སྡེ་བའི་རྩྭ་ས་གྲོན་ཆུང་གི་རྩིས་ཐོ།
ཉེ་ཆར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་མཚོ་འཁྱིལ་ཞང་ཉིན་ཞྭ་སྡེ་བའི་སྡེ་མི་ཕག་མོ་དོན་འགྲུབ་སྔ་མོ་ནས་མལ་ལས་ལངས་ཏེ། ལུག་ཁྱུ་མཉམ་ལས་ཁང་གི་ཚད་ལྡན་ཅན་གྱི་དྲོད་ཁང་ནང་བསྐྱིལ་རྗེས། ཁ་པར་ལས་ཚན་རིག་དང་མཐུན་པའི་གསོ་སྤེལ་ཐད་ཀྱི་བསམ་བློ་བརྗེ་རེས་ཀྱི་ཆ་འཕྲིན་ལ་བལྟས།
“ན་ནིང་། ངེད་ཚང་གིས་ལུ་གུ500ལྷག་བཙོངས་རྗེས། ད་ལོ་ཡང་བསྐྱར་སྡེ་བའི་ནང་དུ་ལུག་རྟིང900ཉོས་པ་ཡིན།”ཕག་མོ་དོན་འགྲུབ་ཀྱིས་ལྭ་བའི་སྟེང་དུ་འགོས་པའི་རྩྭ་ཆག་སྤྲུག་ཞོར་དུ། “ད་ལྟ་ལུག་འཚོ་ཡུན་ཐུང་ལ་བཙལ་བའི་སྒོར་མོ་མང་བས། འཚོ་བ་སྐྱིད་པོ་རོལ་ཐུབ”ཅེས་ཟེར།
ཉིན་ཞྭ་སྡེ་བའི་འགྱུར་ལྡོག་དེ་ལོ་ལྔའི་སྔོན་གྱི“རྩྭ་ཐང་ཉམས་ཉེས”དེ་ལས་མགོ་བརྩམས་པ་རེད། སྔོན་ཆད། སྡེ་མི་རྣམས་ཀྱིས“ནོར་ལུག་ཇི་ལྟར་མང་ན་དེ་ལྟར་ཕྱུག”ཅེས་པའི་ལྟ་ཚུལ་རྙིང་བ་དེ་སེམས་སུ་བཅངས་ཡོད་པས། ཚད་བརྒལ་ཕྱུགས་འཚོས་རྩྭ་ས་ཇེ་ཞན་དང་ལུག་ཁྱུའི་སྤུས་ཀ་ཇེ་ཞན་དུ་བཏང་བས་མང་ཚོགས་ཀྱི་ཡོང་སྒོའང་འཕར་མཚམས་ཆད།
ཉིན་ཞྭ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཞོན་པ་ཚེ་བྷོའི་དྲན་ངོགས་སུ། 2021ལོར། སྡེ་བའི་ཚོགས་ཆེན་འཚོགས་སྐབས། འབྲོག་པ་རྣམས་ཀྱིས་རྩྭ་ས་སྐྱ་ཐོ་ཐོ་དེར་བལྟས་ནས་རྩོད་གླེང་བྱས། “ད་རུང་འདི་ལྟར་སོང་ཚེ། ལུག་ལ་ཟ་རྒྱུ་མེད་ལ་མི་ལ་ལམ་ཁ་མེད།” 2022ལོར་འགྱུར་ལྡོག་བྱུང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བསྐྲུན་པར་དམིགས་པ་དང་། “ཏང་ཀྲི་པུའུ་ཡིས་སྣེ་འདྲེན་པ+མཉམ་ལས་ཁང་གིས་དཔེ་སྟོན་པ+སྐྱེ་ཁམས་ཁྱིམ་ཚང་ཕྱུགས་ར+འབྲོག་ཁྱིམ”བཅས་ཀྱི་འཕེལ་སྟངས་བརྒྱུད་ནས། ཉིན་ཞྭ་སྡེ་བ་ལྗང་མདོག་ཚན་རིག་གི་གསོ་སྤེལ་ལམ་ཁར་ཞུགས་མགོ་བརྩམས།
“རྐང་ཚ་རྫོང་གིས་ཞིང་ཕྱུགས་ལས་ཀྱི‘ལྔ་འགྱུར’བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། ‘གཉེར་སྟངས་རིགས་ལྔ(ཁྱིམ་ཆེན་གྱིས་སྣེ་ཁྲིད་པ། ཁྱིམ་ཚང་མཉམ་འབྲེལ་གྱིས་གཉེར་སྐྱོང་། ཞབས་ཞུ་བཅོལ་གདམས། མ་རྐང་མཉམ་ལས། སྡེ་བའི་རྩ་འཛུགས་ཀྱིས་སྣེ་ཁྲིད་པ། )’ཡི་ཞིབ་གཉེར་འཕེལ་རྒྱས་གཏོང་སྟངས་ལྟར། རྩྭ་ས་ཞིབ་གཉེར་ཅན་གྱི་གཉེར་སྐྱོང་ཆུ་ཚད་མཐོར་འདེགས་བྱས་པ་ཡིན།” ཚེ་བྷོས་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་དང་སྡེ་བའི་ནང་གི་ཏང་ཡོན་ཚོའི་སྣེ་ཁྲིད་དེ། དྲོད་ཁང28སྡེབ་སྒྲིག་བྱས་པར་བརྟེན་ནས“གཅིག་བསྡུས་ཀྱིས་ལུ་གུ་རྩེབས་པ+ཟླ་ངོ་དྲུག་གི་ལུ་གུ་བཙོང་བའི”རྣམ་པ་གསར་པ་སྤེལ།
རྩྭ་ཕྱུགས་དོ་མཉམ་གྱི་བྱ་བ་གཏིང་ཟབ་ཏུ་སྤེལ་བ་བརྒྱུད་ནས། རྒྱུད་བཟང་གསོ་སྤེལ་དང་ཕྱུགས་ཁང་དུ་གསོ་བའི་ལག་རྩལ་ཁྱབ་གདལ་དུ་བཏང་། མ་མོ་འཚོ་བའི་དུས་ཡུན་དུས་ཚོད4རུ་ཇེ་ཐུང་དུ་བཏང་བས། ལུ་གུ་གསོན་ཚད95%རུ་མཐོར་འདེགས་བྱུང་། ཏང་ཡོན་དཔེ་སྟོན་ཁྱིམ་ཚང་གིས་འབྲོག་པ་རྣམས་ལ“སྐྱེ་ཁམས་རྩིས་ཐོ”འགོད་སྟངས་རེ་རེ་བཞིན་ཁྲིད་པ་སྟེ། རྩྭ་ས་ལྗང་མདོག་ཅན་དུ་འགྱུར་ཚད་ཇེ་མགྱོགས་སུ་སོང་ན་ལུ་གུ་སྔ་མོ་ནས་བཙོང་ཐུབ་པ་དང་། རྩོལ་ཤུགས་མང་པོ་འདོན་མི་དགོས་པར་མ་ཟད་སྒོར་མོའང་མི་ཉུང་བ་ཞིག་གྲོན་ཆུང་བྱེད་ཐུབ་པས་ཕན་འབྲས་ཆེན་པོ་ལེན་ཐུབ། “ལུག་ཁྱུ་འདེད་ཞོར་དུ་ཕན་འབྲས་སྙེག་པ”ཡི་འགྱུར་ལྡོག་བྱུང་ནས་ལྗང་མདོག་གསོ་སྤེལ་དང་འབྲོག་པའི་ཡོང་སྒོ་འཕར་བ་གཉིས་ཀ་མངོན་འགྱུར་བྱས།
རྩྭ་ཕྱུགས་དོ་མཉམ་ཡོང་རྒྱུ་དེ་སྔ་མོ་ནས་མཐོ་སྒང་འབྲོག་ཁུལ་གྱི་འབྲོག་དམངས་ཀུན་གྱི་གླེང་གཞི་ཞིག་ཏུ་གྱུར་ཡོད་ནའང་། སྐྱེ་ཁམས་སྲུང་སྐྱོབ་དང་འབྲོག་པའི་འབབ་འཕར་བར་གྱི་རྩིས་དེ་ཇི་ལྟར་བརྒྱག་དགོས་པ་ཤེས་ཀྱིན་མེད། 2024ལོའི་ཟླ6པ་ནས་བཟུང་། ཉིན་ཞྭ་སྡེ་བའི་འབྲོག་ཁྱིམ་དུ་བཀལ་བའི་རྩྭ་ཕྱུགས་དོ་མཉམ་གྱི་གསལ་མཐོང་བྱང་བུས་དེར་ལན་བཏབ་ཡོད།
“ང་ཚོས་འབྲོག་ཁྱིམ་གྱི་རྩྭ་སའི་རྒྱ་ཁྱོན་དང་འཁོར་རྒྱུག་ཕྱུགས་ར། གཟན་རྩྭའི་གསོག་འཇོག ཕྱུགས་ཟོག་གི་གྲངས་ཀ་ཚང་མ‘སྐྱེ་ཁམས་འཆར་གཞི’ཡི་ནང་དུ་བཞག་པ་ཡིན། གནད་འཁེལ་ཞིབ་རྩིས་ལས་ཐོན་པ་ནི་རྩྭ་ཕྱུགས་དོ་མཉམ་གསལ་མཐོང་བྱང་བུ་རེད། དེ་ནི་རྩྭ་སའི‘ལུས་བརྟག་སྙན་ཞུ’ཡིན་ལ། འབྲོག་ཁྱིམ་གྱི‘སྤོ་བསྒྱུར་སྟོན་ཕྱོགས’ཀྱང་ཡིན།” ཚེ་བྷོས་བཤད་ན་དེ་ནི་ཉིན་ཞྭ་སྡེ་བ་འགྱུར་ལྡོག་གི་ལམ་ཁར་བསྐྱོད་པའི་གོམ་པ་དང་པོ་རེད་ཟེར།
དེ་དང་མཉམ་དུ། སྡེ་བས“མདོག་གསུམ”སྔོན་བརྡ་གཏོང་བའི་ནང་རྐྱེན་བཏོན་པ་སྟེ། “ལྗང་ཁུ། ལི་དམར། དམར་པོ”ཡི་མཚོན་རྟགས་བཟོས་ནས། ཚད་གཞིར་ཐོན་ན་ལྗང་ཁུའི་མཚོན་རྟགས་བརྒྱབ་པ་དང་། ཅུང་ཙམ་བརྒལ་བའམ་སྔོན་བརྡ་གཏོང་བར(བརྒལ་ཚད30%ལས་དམའ་བ)ལི་དམར་གྱི་མཚོན་རྟགས་བརྒྱབ་པ། ཚད་བརྒལ་ལམ་སྔོན་བརྡ་ཐེངས་གསུམ་ཡན་བཏང་རུང་དག་ཐེར་མི་བྱེད་པར་དམར་མདོག་གི་མཚོན་རྟགས་བརྒྱབ་པ་རེད།
“མདོག་གསུམ་མཚོན་རྟགས”ཀྱིས་སྲིད་ཇུས་ཀྱི་ཕན་ཁེ་རེག་ཏུ་བཅུག “དམར་རྟགས”དང“སེར་རྟགས”ཐོབ་མཁན་གྱི་ཁྱིམ་ཚང་ལ“སྡེ་བའི་ཨུ་ཡོན་ལྷན་ཁང”གིས་དུས་ཐོག་ཏུ་ཁྱིམ་བདག་ལ་བརྡ་བརྒྱབ་ནས་ཉིན15ཡི་རིང་ལ་བླང་བྱ་ལྟར་དག་ཐེར་བྱས་ནས་ཚར་དགོས་པ་དང་། དག་ཐེར་གྱི་དུས་ཡུན་ནང་དུ་དག་ཐེར་ཡོངས་འགྲུབ་མ་བྱས་པའམ་དག་ཐེར་དོན་ཐོག་ཏུ་འཁྱོལ་མེད་ན། སྡེ་སྲོལ་དམངས་ཆིངས་ཀྱི་གཏན་འབེབས་ལྟར། སྡེ་བ་ཧྲིལ་པོའི་ཁྱབ་ཁོངས་སུ་ཁྱབ་སྒྲོག་བྱས་པར་མ་ཟད། “བྱང་གཅིག་སྡེ་སྐྱོང”གི་བྱ་བའི་ནང་རྐྱེན་ལྟར་བསགས་སྐར་འོས་འཚམ་གྱིས་ཉུང་འཕྲི་བྱས་པ་རེད།
རྩྭ་ཕྱུགས་དོ་མཉམ་ལག་བསྟར་ལེགས་པོ་བྱས་པ་དང་། དེར་མཐུད་ནས“སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས”ལུག་ཇི་ལྟར་ལེགས་པོར་འཚོ་བའི་གནད་དོན་དེར་འཕྲད། འཚོ་ཡུན་ཇེ་ཐུང་དུ་གཏོང་བ་དང་འབྲོག་ལུག་ཚད་ལྡན་ཅན་དུ་འཚོ་བ། ལུ་གུ་སྔ་མོ་ནས་འཚོང་བ་གང་ཞིག་བྱས་རུང་གཟན་རྩྭ་ཁ་གསབ་བྱེད་དགོས། ཉིན་ཞྭ་སྡེ་བའི་མཉམ་ལས་ཁང་གིས་ཁག་ཐེག་བྱས་པ་བརྒྱུད་ནས། གཟན་རྩྭ་བཟོ་གྲྭས་རིན་གོང་དམའ་མོས་མཁོ་འདོན་བྱེད་རྒྱུའི་གན་རྒྱ་བཞག 2024ལོའི་ཟླ11པ་ནས2025ལོའི་ཟླ9པའི་བར་སྡེ་མི་རྣམས་ཀྱིས་གཟན་རྩྭ་ཏུན600ཉོས།
“གཟན་རྩྭའི་རིན་པ་སྤྲད་རྗེས་ལྷག་པའི‘འཁོར་རྒྱུག་མ་དངུལ’ནི་ང་ཚོ་མཉམ་ལས་ཁང་གིས་འབྲོག་པ་རྣམས་ལ་སྦྱིན་པའི་སེམས་བདེ་རིལ་བུ་ཡིན”ཞེས་ཉིན་ཞྭ་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་འགན་འཁུར་པ་ཀླུ་ཐར་རྒྱལ་གྱིས་རྩིས་ཐོ་སྟོན་ཞོར་དུ་དེ་ལྟར་འགྲེལ་བཤད་བྱས། སྡེ་མི་རྣམས་ཀྱིས་དགུན་དཔྱིད་དབྱར་གསུམ་དུ་གཟན་རྩྭ་བཟོ་གྲྭ་ནས་སྔོ་གསེར་ཆེན་སོགས་ཆད་ལ་བཞག་ནས་ཉོས་རྗེས། དཔྱིད་ཀར་ལུ་གུ་བཙོངས་རྗེས་རྩིས་བརྒྱབ་ན་ཆོག གཟན་རྩྭའི་འགན་སྲུང་ཡོད་པས་འབྲོག་པ་རྣམས་ཀྱི་སེམས་པ་ལྷོད་ལ་བབས་ཡོད།
“སྔོན་ཆད་གཟན་རྩྭའི་རིན་གོང་མཐོ་བར་སྐྲག་ནས་མང་པོ་འཚོ་མི་ཕོད། ད་ལྟ་ལུ་གུ་བཙོངས་རྗེས་རྩྭ་རིན་བྱིན་ན་ཆོག་ལ། འཚོ་ཡུན་ཇེ་ཐུང་དུ་བཏང་བས་ཀྱང་ལྷོད་ལ་འབབ་ཁོམ་ཡོད།”ལོ45ཡིན་པའི་རིན་ཆེན་འབུམ་གྱིས་རྒྱུན་དུ་སྡེ་མི་དང་ཞང་གི་ཕྱུགས་ཀྱི་སྨན་པའི་གམ་དུ་ཚན་རིག་དང་མཐུན་པའི་གསོ་སྤེལ་ལག་རྩལ་སློབ་བཞིན་ཡོད། ཁོས་སྔོན་ཆད་ཉོས་པའི་གཟན་རྩྭ་ཉུང་བས་རིན་གོང་ཅུང་མཐོ། ད་ལྟ་མཉམ་ལས་ཁང་གིས་ཁག་ཐེག་བྱས་ཡོད་པས་གཟན་རྩྭ་ཉོས་ནའང་སྒོར་མོ་མི་ཉུང་བ་ཞིག་གྲོན་ཆུང་བྱེད་ཐུབ་ཟེར།
རྩྭ་ཐང་གི་ལྗང་མདོག་བསྲུངས་ན་ད་གཟོད་ཡོང་སྒོ་མང་པོ་ལེན་ཐུབ། “ང་ཚོས་སྡེ་མི་རྣམས་ལ་རང་འགུལ་གྱིས་ཨ་བྲ་གསོད་དགོས་པའི་སྐུལ་སློང་བྱས་པ་ཡིན། དབྱར་ས་ནས་རང་འགུལ་གྱིས་ཨ་བྲ་བསད་ན་བྱ་དགའི་བསགས་སྐར་ཡོད། ལོ་མཇུག་ཏུ་བསགས་སྐར་ཆེས་མཐོ་བའི་མིར་བྱ་དགའ་སྒོར500ཡོད།”ད་ལྟ་ཚེ་བྷོ་སྡེ་བའི་རྩྭ་སར་ལྟ་རུ་འགྲོ་རྒྱུར་ཧ་ཅང་དགའ། རྩྭ་ཐང་དུ་ཨ་བྲ་ཕལ་ཆེར་མཐོང་རྒྱུ་མེད། ཁོས་རྩྭ་ཐང་ཇེ་ལེགས་སུ་ཕྱིན་ན་ནོར་ལུག་ལ་ཤ་ཤེད་རྒྱས་ཐུབ་པ་དང་། ནོར་ལུག་ལ་ཤ་ཤེད་རྒྱས་ན་ད་གཟོད་འབྲོག་མི་རྣམས་ཀྱིས་ཡོང་སྒོ་མང་པོ་ལེན་ཐུབ་པ་ཤེས་ཡོད།
ད་ལོར། སྡེ་བའི་ནང་ནས་ཧ་ལམ་ལུ་གུ4000བཙོངས། ན་ནིང་གི་དུས་མཉམ་དུ་ལུ་གུ500མ་གཏོགས་མ་བཙོང་། གཞི་གྲངས་འདིའི་རྒྱབ་ལོག་ནི་ཉིན་ཞྭ་སྡེ་བས་སྲོལ་རྒྱུན་ཕྱུགས་ལས་ཀྱི་མུ་ཕྲེང་བསྐྱར་སྒྲིག་བྱས་པ་དེ་རེད། མཉམ་ལས་ཁང་གིས་དྲོད་ཁང28ཀྱི་མ་མོར་གཅིག་གྱུར་གྱིས་ལུ་གུ་རྩེབས་སུ་བཅུག་ལ། རྩེབས་ཡུན་གྱི་དུས་ཚོད་ཀྱང་ཉིན45ཡི་ནང་ཚོད་འཛིན་བྱས། ཟླ་ངོ6གི་ལུ་གུ་བཙོང་བའི་ལག་རྩལ་ཁྱབ་གདལ་དུ་བཏང་བས། ལུ་གུ་གཟན་རྩྭས་གསོ་བའི་དུས་ཡུན་སྔོན་ཆད་ལས་སུམ་ཆའི་གཅིག་ཇེ་ཉུང་དུ་བཏང་། རྩྭ་ཕྱུགས་དོ་མཉམ་གསལ་མཐོང་བྱང་བུས་ཁྱིམ་ཚང་རེ་རེར་ལུ་གུ་གསོ་ཡུན་གཏན་དུ་ཕབ་ནས། ཚད་བརྒལ་གྱིས་གསོ་བའི་ཁྱིམ་ཚང་ལ་སྔ་མོ་ནས་བཙན་ཤེད་ཀྱིས་ལུ་གུ་འཚོང་དུ་འཇུག་བཞིན་ཡོད།
ཕག་མོ་དོན་འགྲུབ་ཀྱིས་རྩིས་བརྒྱབ་པ་ལྟར་ན། སྔོན་ཆད་ཀྱི་ལོ་ངོ་གཉིས་ཀྱི་ནང་ད་གཟོད་མ་རྩ་ཕྱིར་ལོན་པའི་ལུ་གུ་འཚོ་སྟངས་དེ་ད་ལྟ་ལོ་ཕྱེད་ཀྱི་ནང་དུ་བཙོང་ཆོག དེ་ལས་ལྷག་པའི་རྩྭ་སར་ལུག་རེས་འཁོར་གྱིས་འཚོ་བའི་དུས་ཡུན་ཉིན120བསྲིངས་ཡོད་ལ། སྔོ་ལོག་ཕྱུགས་ར་རུ་སྔོན་ཆད་ལས30%མང་བའི་མ་མོ་འཚོས་ཆོག ད་ལོར། སྡེ་བས་རྫོང་ཐོག་གི་བཤས་ར་ཞིག་དང་མཉམ་ལས་བྱེད་པའི་འཆར་གཞི་བཀོད་ཡོད་པས། རིམ་གྱིས་དུས་ཚིགས་བཞི་བོར་བོད་ལུག་འཚོང་ཐུབ་རྒྱུ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注