ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་ཧྲུའུ་ཅིའི་ཆེད་དོན་གྲོས་ཚོགས་འཚོགས།
ཟླ4བའི་ཚེས3ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་ཧྲུའུ་ཅིའི་ཆེད་དོན་གྲོས་ཚོགས་ཐེངས་བཞི་བ་འཚོགས་ལ། མཚོ་བྱང་ཁུལ་གྱི་སྲིད་དབང་བཙུགས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་འབྲེལ་ཡོད་དོན་དག་ལ་ཞིབ་འཇུག་བྱས་ཏེ་མིག་སྔའི་གཙོ་གནད་བྱ་བར་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་དབྱང་ཧེ་ལུང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི་བཅས་ཚོགས་འདུར་ཞུགས།
ཚོགས་ཐོག་ཏུ་མཚོ་བྱང་ཁུལ་གྱི་སྲིད་དབང་བཙུགས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་འགྲོ་གྲོན་སྔོན་རྩིས་གནས་ཚུལ་གྱི་སྙན་ཞུར་གསན་ལ། ནོར་སྲིད་དང་དཔལ་འབྱོར་གྱི་སྒྲིག་ཁྲིམས་ནན་སྲུང་བྱས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་དེའི་ལག་བསྟར་ཞིབ་སྲོལ། ཞིང་ཆེན་དང་ཁུལ་གྱི་ཞིབ་ཕྲའི་བྱ་ཐབས་ལ་དམིགས་ཏེ། ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་དུས་ཆེན་དང་རྟེན་འབྲེལ་བྱེད་སྒོའི་འགྲོ་གྲོན་ཚོད་འཛིན་ནན་མོ་བྱ་རྒྱུའི་སྐོར་གྱི་གཏན་འབེབས་ལག་བསྟར་ནན་མོ་བྱས་ནས“འཚོ་བ་བབ་ཆགས་སྐྱེལ་བ”དང་གྲོན་ཆུང་བསྲི་ཚགས་ངང་བྱེད་སྒོ་སྤེལ་རྒྱུའི་བསམ་བློ་བརྟན་པོར་བཙུགས་ནས་གྲོན་ཆུང་བསྲི་ཚགས་དང་སྤྱོད་གཙང་གི་སྒྲིག་ཁྲིམས་བྱེད་སྒོ་ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་འགྲོ་གྲོན་གཏོང་སྒོ་དེ་སྐབས་སྔོན་མའི་ཁུལ་སྟོན་གྱི་བྱེད་སྒོའི་གཏོང་སྒོའི་བསྡོམས་འབོར་ལས་བརྒལ་མི་ཆོག་པར་བྱས་ནས་རྟེན་འབྲེལ་བྱེད་སྒོ་གཟབ་རྒྱས་དང་སྤྲོ་སེམས་འཁོལ་ལ་གྲོན་ཆུང་དང་ལས་ཕྱོད་ཆེ་བར་འགན་ལེན་བྱ་དགོས་པ་ནན་གྱིས་བསྟན།
ཚོགས་ཐོག་ཏུ་རང་སྐྱོང་ཁུལ་གྱི་སྲིད་དབང་བཙུགས་ནས་ལོ་ངོ70འཁོར་བའི་རྟེན་འབྲེལ་བྱེད་སྒོའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ་ཕྱོགས་སོ་སོས་གཞོགས་འདེགས་ཧུར་ཐག་དང་དུས་ཚོད་ཀྱི་མཚམས་ཚིགས་ལ་དམ་པོར་དམིགས་པ། བྱ་བའི་འཕེལ་རིམ་ཁོང་དུ་ཆུད་པ་བཅས་བྱས་ནས་བྱ་བ་སོ་སོ་ནུས་ལྡན་དང་གོ་རིམ་ལྡན་པ། སྤུས་ལེགས་ནུས་ཆེའི་སྒོ་ནས་སྐུལ་འདེད་གཏོང་ཐུབ་པར་འགན་ལེན་བྱེད་དགོས། མཚོ་སྔོན་པོ་དང་མདོ་ལ་རི་བོ། གཉིས་གཉིས་གཅིག་རྟེན་གཞི་སོགས་ས་ཁོངས་ཀྱི་སྐྱེ་ཁམས་རིག་གནས་དང་གསར་བརྗེའི་རིག་གནས། དེ་བཞིན་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ལས་གཞི་སོགས་མཚོ་བྱང་གི་གཞི་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱས་ནས། ཡུལ་ཤུལ་ཁུལ་གྱི་རྟེན་འབྲེལ་བྱེད་སྒོའི་ཉམས་མྱོང་དང་བྱེད་ཐབས་སློབ་སྦྱོང་དང་དཔྱད་གཞིར་འཛིན་དགོས་པ་དང་། ཁུལ་ནང་ཁུལ་གྱི་མི་སྣའི་སྟོབས་ཤུགས་སྤྱི་འདོམས་བཀོད་གཏོང་བྱས་ཏེ་མགོ་རྩོམ་མཛད་སྒོའི་རིག་རྩལ་འཁྲབ་སྟོན་དང་བྱེད་སྒོ་རབ་དང་རིམ་པ་ཇུས་འགོད་དང་བཀོད་སྒྲིག་ཞིབ་ཚགས་བྱེད་དགོས། ནུབ་མཚོ་ལུས་རྩལ་ར་བ་ཉམས་གསོ་སྒྱུར་བཀོད་དང་། མཚོ་བྱང་མགྲོན་ཁང་སྒྱུར་བཀོད་རིམ་སྤོར། གཉིས་གཅིག་རྟེན་གཞིའི་གནའ་ཤུལ་གྱི་ཡན་ལག་བཟོ་གྲྭ་སོ་སོ་སྒྱུར་བཀོད་བེད་སྤྱོད་སོགས་ཀྱི་གཙོ་གནད་བྱ་བ་ཇེ་མགྱོགས་སུ་གཏོང་དགོས། མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དང་མཚོ་བྱང་ཁུལ་མི་རིགས་དངོས་མང་བཤམས་སྟོན་ཁང་། མཚོ་བྱང་ཁུལ་མཐོ་སྒང་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་། ནུབ་མཚོ་གློག་བརྙན་ཟློས་གར་ཁང་། ཡན་ལག་བཟོ་གྲྭ་དང་པོ། གསེར་དངུལ་རྩྭ་ཐང་སོགས་གཙོ་གནད་དུ་བཟུང་ནས། ཆད་ལྷག་ལ་ཞིབ་བཤེར་དང་ཁ་གསབ་བྱེད་པ་དང་། རྨང་གཞིའི་སྒྲིག་བཀོད་ཉམས་གསོ་དང་འགྲེམས་སྟོན་གྱི་མྱུར་ཚད་མགྱོགས་སུ་གཏོང་བ། ལྟ་སྐོར་ལམ་ཐིག་བཀོད་སྒྲིག་ལུགས་མཐུན་བཅས་བྱས་ནས་སྐུ་མགྲོན་ཚོར་མཚོ་བྱང་གི་སྐྱེ་ཁམས་ཁོར་ཡུག་བཟང་པོ་དང་། མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས། གསར་བརྗེའི་རིག་གནས། ཐུན་མོང་མ་ཡིན་པའི་དམངས་སྲོལ་གོམས་གཤིས་བཅས་འགྲེམས་སྟོན་བྱེད་དགོས། སྟབས་བདེ་དངོས་སྒྲུབ་དང་ཁྱད་ཆོས་མངོན་གསལ་དོད་པའི་རྩ་དོན་ལ་གཞིགས་ནས་མཚོ་བྱང་ཁུལ་མི་རིགས་དངོས་མང་བཤམས་སྟོན་ཁང་དུ་ཉར་ཚགས་བྱས་པའི་རིག་དངོས་བསྡུ་རུབ་དང་ཉོ་སྒྲུབ་བྱེད་པའི་མྱུར་ཚད་མགྱོགས་སུ་བཏང་ནས་ལོ་ངོ70ཡི་གྲུབ་འབྲས་འགྲེམས་སྟོན་བྱ་བ་ནན་ཏན་ངང་ཡག་པོར་སྒྲུབ་དགོས། མིག་སྔའི་གནས་བབ་ལ་གཞི་ཚུགས་པ་དང་ཕུགས་ལ་དམིགས་པ། ཞིབ་རྩིས་ཡག་པོ་རྒྱག་པ་བཅས་བྱས་ནས་འགུལ་བདེའི་གར་སྟེགས་སོགས་བྱེད་སྒོར་མཁོ་བའི་སྒྲིག་ཆས་ལུགས་མཐུན་ངང་ཉོ་སྒྲུབ་བྱེད་དགོས། རྟ་རྒྱུག་དང་རྐང་བགྲོད། ལྕགས་རྟ། མདའ་འཕེན་སོགས་འགྲན་བསྡུར་བྱེད་སྒོའི་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་ནས་ཡུལ་སྐོར་བ་སྔར་བས་མང་པོ་མཚོ་བྱང་དུ་ཡུལ་སྐོར་དུ་ཡོང་རྒྱུའི་ཡིད་དབང་འགུག་དགོས་པ་ནན་གྱིས་བསྟན།
ཚོགས་ཐོག་ཏུ་མིག་སྔའི་གཙོ་གནད་བྱ་བར་བཀོད་སྒྲིག་བྱས། ཁུལ་ཨུའི་སྲིད་ཁྲིམས་ཨུ་ལྷན་གྱིས་སྣེ་ཁྲིད་དེ་མཚོ་བྱང་གི་སྤྱི་ཚོགས་བཅོས་སྐྱོང་གི་ཉམས་མྱོང་ལ་ཁྱོན་ཡོངས་ནས་ཕྱོགས་སྡོམ་བྱེད་དགོས། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡིས་སྣེ་འཁྲིད་དེ་བརྟག་ཞིབ་གཏིང་ཟབ་བྱས་པའི་རྨང་གཞིའི་ཐོག་མཚོ་བྱང་ཁམས་གསོ་ལྟེ་གནས་ཀྱི་བེད་སྤྱོད་ཇུས་གཞི་བཟོ་བ་དང་། ཧྲན་ཏུང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ལ་འཚམས་འདྲི་བྱེད་པའི་འབྲེལ་ཡོད་བྱ་བ་གང་མགྱོགས་སྒོས་བསྒྲུབ་དགོས། ནུས་རྒྱུ་གཙང་མའི་རྟེན་གཞི་ཕྱིར་གཏོང་གི་བགྲོད་ལམ་བསྐྲུན་རྒྱུའི་ཐད་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་དང་འབྲེལ་མཐུད་མཐུན་སྦྱོར་བྱ་རྒྱུར་ཤུགས་བསྣན་ནས་ཕྱོགས་སོ་སོའི་ལས་གཞིའི་མ་དངུལ་གྱི་རྒྱབ་སྐྱོར་ཐོབ་ཐབས་ཧུར་ཐག་བྱེད་དགོས་པ་དང་། ཞིང་ཆེན་ལུས་རྩལ་ཅུས་དང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས་མཚོ་སྐོར་ལྕགས་རྟ་འགྲན་བསྡུར་སྐབས22པའི་མཚོ་བྱང་འགྲན་རིམ་ཡག་པོ་སྒྲུབ་དགོས། ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིན་དང་། ཞིང་ཆེན་ཚོང་དོན་ཐིན་དང་འབྲེལ་མཐུད་བྱ་རྒྱུར་ཤུགས་བསྣན་ནས་ཁུལ་རིམ་པའི་ཞིང་ཕྱུགས་ཐོན་ལས་གླིང་དང་མཛོད་ཉར་ཟོག་འགྲེམས་རྟེན་གཞི་སོགས་ལས་གཞི་འཛུགས་སྐྲུན་ཐད་ཚད་བརྒལ་གསར་བ་ཡོང་བར་བྱེད་དགོས། ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་གཙོ་བོའི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་འཇུ་ལག་རྫོང་གི་གངས་སྐྱོན་གྱི་གནོད་འཚེ་ཕོག་ཚུལ་ལ་ཁྱོན་ཡོངས་ནས་གྲལ་བཤེར་དང་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སེམས་ཁུར་དང་རོགས་རམ་ཡག་པོ་བྱེད་དགོས་པ་དང་། མདོ་ལ་དང་རྐང་ཚ། མདའ་བཞིའི་དཔྱིད་རྨོད་དང་དེ་བཞིན་ཁུལ་ཡོངས་ཀྱི་ལས་གཞི་གལ་ཆེན་གྱི་ལས་མགོ་བསྐྱར་ཚུགས་མཛད་སྒོ་སྒྲིག་འཛུགས་གང་མགྱོགས་བྱེད་དགོས། ཁུལ་ཨུའི་དྲིལ་སྒྲོག་པུས་སྣེ་ཁྲིད་དེ་མང་ཚོགས་ཚོགས་པ་མཐུན་སྦྱོར་ཅན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་འཆར་གཞི་གང་མགྱོགས་བཟོས་ནས་ཐོན་ཁུངས་བསྡུ་སྒྲིལ་དང་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ་མང་ཚོགས་ཚོགས་པའི་འགན་འཁྲི་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན།
གཡུ་སྒྲོན་མཚོ་དང་། མགོན་པོ་ཚེ་བརྟན། ཁུལ་ཨུའི་གཞུང་ལས་ཁང་། ཁུལ་སྲིད་གཞུང་གཞུང་ལས་ཁང་། ཁུལ་ནོར་སྲིད་ཅུས་བཅས་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་གནང་།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注