ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་མཚོ་བྱང་ཁུལ་གྱི་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་སྲིད་གྲོས་ཨུ་ཡོན་ལ་འཚམས་འདྲི་གནང་།
ཟླ1པོའི་ཚེས21ཉིན་གྱི་ཉིན་གུང་། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ཞིང་ཆེན་སྲིད་གྲོས་ཨུ་ཡོན་བཅའ་སྡོད་བྱ་ཡུལ་དུ་ཕེབས་ནས་མཚོ་བྱང་ཁུལ་གྱི་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་སྲིད་གྲོས་ཨུ་ཡོན་རྣམས་ལ་ཐུགས་འཕྲད་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་མཚོ་བྱང་འཐུས་ཚབ་ཚོགས་པའི་འཐུས་མིར་ཐུགས་འཕྲད་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་དང་ཀྲའོ་ཡུའེ་ཞ། ཧོ་ལུའུ་ཁྲུན། ལིའུ་ཁྲའོ་སོགས་ཞིང་ཆེན་མགོ་ཁྲིད་རྣམས་མཚོ་བྱང་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས་ཤིང་། ཨུ་ཡོན་རྣམས་ལ་འཚམས་འདྲི་གནང་། ཨུ་ཡོན་ཚོས་སེམས་ཤུགས་དང་ལེགས་སྐྱེས་ཕུལ་བར་བཀའ་དྲིན་ཞུས་པ་དང་ཚང་མས་ཨུ་ཡོན་གྱི་འགན་འཁྲི་ལྷག་བསམ་རྣམ་དག་གིས་འཁུར་བ་དང་སེམས་ཤུགས་གཅིག་སྒྲིལ་གྱིས་ཚོགས་ཆེན་ཡག་པོ་འཚོགས་དགོས་པའི་སྐུལ་མ་གནང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་ཆན་གོ་ཆིང་དང་ཁུལ་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅིའམ་ཀྲུའུ་ཞི་ཀྲུང་ཀྲི་ཅོན་མཉམ་ཞུགས་གནང་།
ཤ་བོ་སྐྱབས་ཀྱིས་བསྟན་དོན། ཐེངས་འདིའི་ཞིང་ཆེན་གྱི་ཚོགས་ཆེན་གཉིས་ནི“ལྔ་བཅུ་བཞི”འཆར་འགོད་མཇུག་སྒྲིལ་དང“ལྔ་བཅོ་ལྔའི”འཆར་འགོད་བཀོད་སྒྲིག་བྱེད་པའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་ལ་ཞིང་ཆེན་ཡོངས་ཀྱི་མི་དམངས་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་དག་གལ་ཆེན་ཞིག་ཡིན། ཐེངས་འདིའི་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་སྲིད་གྲོས་ཨུ་ཡོན་ཚང་མ་མཚོ་བྱང་ཁྱབ་ཁོངས་སོ་སོའི་ཕུལ་བྱུང་འཐུས་མི་ཡིན་ཞིང་ཁུལ་ཡོངས་དང་ཐ་ན་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ཡིད་ཆེས་དང་མངགས་བཅོལ་ཆེན་པོ་ཕྲག་ཏུ་ཁུར་ཡོད་པས་འགན་འཁྲི་ལྕི་ཞིང་ལས་འགན་ལ་གཟི་བརྗིད་ལྡན་པ་ཡིན། ཚོགས་འདུར་ཞུགས་པའི་རིང་ཧུར་ཐག་གིས་བསམ་འཆར་དང་ཐབས་ཇུས་བཏོན་ནས་རང་འགུལ་ངང་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱས་ཏེ་མཚོ་བྱང་གི་སྐད་སྙན་དྲིལ་སྒྲོག་དང་མཚོ་བྱང་ཨུ་ཡོན་གྱི་སྣང་བརྙན་བཟང་པོ་སྟོན་དགོས།
ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། ཕྱིར་སོང་རྗེས་ང་ཚོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་ཚོའི་སྐུལ་མ་དེ་ལས་སྒྲུབ་དང་ལས་གཏོད་ཀྱི་སྒུལ་ཤུགས་སུ་བསྒྱུར་ནས་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་དུ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། གཅིག་ནས་སྲིད་ཞུགས་སྲིད་གླེང་བྱེད་ཤུགས་ཆེ་རུ་གཏོང་དགོས། ཚོགས་ཆེན་གྱི་སྙན་ཞུ་སོ་སོར་གྲོས་བསྡུར་དང་གྲོས་ཞིབ་ནན་ཏན་བྱས་ཏེ། མཚོ་བྱང་གི་དམིགས་བསལ་སྐྱེ་ཁམས་གནས་བབ་དང་དམིགས་བསལ་གསར་བརྗེའི་རིག་གནས་ཐོན་ཁུངས་ལ་དམིགས་ནས“རྒྱལ་ཁབ་སྤྱི་གླིང་གཉིས”འཛུགས་སྐྲུན་དང་གསར་བརྗེའི་ཉམས་ཞིབ་ཆས་རྟགས་གསོ་སྐྱོང་། ཐོན་ལས“གནས་བཞིའི”འཛུགས་སྐྲུན། “གླིང་གཉིས་གནས་གཅིག”བསྐྲུན་རྒྱུ་སོགས་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་འགན་འཁྲི་སྒྲུབ་པར་ནུས་ཤུགས་འདོན་སར་བརྩིས་ནས་བསམ་འཆར་དང་ཐབས་ཇུས་ཧུར་ཐག་འདོན་དགོས། ཚོགས་འདུར་ཞུགས་པའི་རིང་ཚོགས་ཆེན་གྱི་སྒྲིག་ཁྲིམས་དང་བཅའ་སྡོད་བྱ་ཡུལ་གྱི་སྒྲིག་ཁྲིམས་ལ་བརྩི་སྲུང་ནན་མོ་བྱས་ཏེ་ཚོགས་འདུའི་སྤྱོད་ཚུལ་དང་སྒྲིག་ཁྲིམས་ཐུན་མོང་ཐོག་སྲུང་སྐྱོང་ཡག་པོ་བྱ་དགོས། གཉིས་ནས་འཆར་འགོད་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས། ཁུལ་ཡོངས་ཀྱི་ས་གནས་སོ་སོའི་སྡེ་ཁག་སོ་སོ་དང་དེ་བཞིན་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་ཀྱིས“ལྔ་བཅུ་བཞིའི”འཆར་འགོད་ལེགས་གྲུབ་བྱུང་ཚུལ་ལ་ཕྱོགས་ཡོངས་ནས་ཞིབ་ལྟ་བྱས་ཏེ་ཉམས་མྱོང་ལེགས་པོ་ཕྱོགས་བསྡོམས་དང་ཞན་ཆ་ཁ་གསབ་བྱས་ནས་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཡོང་བའི་འགན་ལེན་བྱ་དགོས། དེ་དང་ཆབས་ཅིག སྙིང་སྟོབས་ཀྱི་བཙན་སའི་དཔེ་སྟོན་ཁུལ་དང་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་ཁུལ། ཕྱི་རོལ་ལུས་རྩལ་དཔེ་སྟོན་ཁུལ། སྐྱེ་ཁམས་ཡུལ་སྐོར་དཔེ་སྟོན་ཁུལ་སོགས་གཙོ་གནད་བྱ་བར་དམིགས་ནས“ལྔ་བཅོ་ལྔའི”བསམ་ཕྱོགས་དང་བྱེད་ཐབས་འཆར་འགོད་ཧུར་ཐག་བྱ་དགོས། “ལྔ་བཅོ་ལྔའི”འཆར་འགོད་ལེགས་པོ་བཟོས་ཏེ་ཁྱོན་ཡོངས་མཉམ་འདྲེས་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་འགན་འཁྲི་སྒྲུབ་པའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་སྲིད་གྲོས་ཀྱི་རིན་ཐང་མངོན་གསལ་དོད་པོ་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་གྱིས་མཚོ་བྱང་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་གང་ལེགས་འདོན་དགོས། གསུམ་ནས་མཚོ་བྱང་གི་གཏམ་རྒྱུད་ཡག་པོ་བཤད་དགོས། སྲིད་གྲོས་རིམ་པ་སོ་སོ་དང་རྒྱ་ཆེའི་ཨུ་ཡོན་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོར་དམ་འཛིན་དང་མང་ཚོགས་ཀྱི་སྐད་སྒྲར་ནན་གྱིས་ཉན་པ། དཀའ་གནད་འབུར་དུ་བཏོན་པ། ཁུལ་ཡོངས་ཀྱི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་དམིགས་ནས་བློ་སེམས་གཅིག་སྒྲིལ་དང་འགག་རྩ་དམ་འཛིན་བྱས་ནས་ཐབས་ཇུས་འབུལ་བ། མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཐོག་མགོ་ཚུགས་ས་ཡང་དག་བཙལ་ནས་འགག་རྩ་དམ་འཛིན་བྱས་ཏེ་བློ་གྲོས་ལྡན་པའི་གཏམ་བཤད་དང་དངོས་སྒྲུབ་ཀྱི་ཐབས་ཇུས་མང་ཙམ་འབུལ་དགོས། “ཚོགས་ཆེན་གཉིས”ཀྱི་སྟེགས་བུས་མཚོ་བྱང་ལ་སྐད་ཆ་བཤད་པ་དང་མཚོ་བྱང་གི་གཏམ་རྒྱུད་ཡག་པོ་བཤདཔ། མཚོ་བྱང་གི་སྐད་སྒྲ་སྒྲོག་པ། མཚོ་བྱང་གི་རྣམ་པ་བཅས་མངོན་པར་བྱ་དགོས་ཟེར།
ཚང་མས་གཅིག་རྗེས་གཉིས་མཐུད་ངང་ཚད་མཐོན་པོའི་ཆབ་སྲིད་ཀྱི་འགན་འཁྲི་དང་ལས་འགན་ཀྱི་འདུ་ཤེས་དྲག་པོ། བསམ་པའི་རྣམ་འགྱུར་ལེགས་པའི་ཐོག་ནས་འགན་འཁྲི་ནན་ཏན་གྱིས་འཁུར་རྒྱུ་དང་བདེན་ཚིག་ཧུར་ཐག་གིས་འཛུགས་རྒྱུ། ཐབས་ཇུས་བཟང་པོ་ཇུས་འགོད་དང་བྱེད་ཐབས་དངོས་དོན་འདོན་སྤྲོད་བཅས་བྱས་ཏེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་འཛུགས་སྐྲུན་གྱི་མཚོ་བྱང་གི་ལེའུ་འབད་བརྩོན་ཆེན་པོས་འབྲི་ཆེད་སྟོབས་ཤུགས་ལེགས་སྐྱེས་ཕུལ་རྒྱུ་ཡིན་ཟེར།
ཁུལ་གྱི་མགོ་ཁྲིད་ལེ་མེན་དང་སི་ཅི་ཧྲིན་གྱིས་ཕེབས་རོགས་བྱས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注