ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཀྱིས་བཅའ་ཁྲིམས་སློབ་པའི་ཆེད་དོན་འཆད་ཁྲིད་སྤེལ།
ཟླ3པའི་ཚེས31ཉིན། ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཀྱིས2025ལོའི་བཅའ་ཁྲིམས་སློབ་པའི་ཆེད་དོན་འཆད་ཁྲིད་ཐེངས་དང་པོ་སྤེལ་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་སློབ་སྦྱོང་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་གྱིས་མགོ་འཛིན་བྱས།
འཆད་ཁྲིད་ལས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ། ཀྲུང་གོའི་ཁྲིམས་རིག་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོའི་ཁྲིམས་རིག་མཐུན་ཚོགས་ཀྱི་ཁོར་ཡུག་ཐོན་ཁུངས་ཁྲིམས་རིག་ཞིབ་འཇུག་ཚོགས་པའི་མགོ་གཙོ་ལོའུ་ཀྲུང་མའེ་གདན་ཞུ་བྱས་ནས་ཟུར་ཁྲིད་སྙན་ཞུ་ཕུལ། ལོའུ་ཀྲུང་མའེ་ཡིས་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་ཁྲིམས་འཛུགས་རྒྱབ་ལྗོངས་དང་དོན་སྙིང་གལ་ཆེན། ནང་དོན་གཙོ་བོ་དང་དོན་ཚན་གཙོ་བོ། ལག་བསྟར་བླང་བྱ་དང་ལག་ལེན་གྲུབ་འབྲས། དེ་མིན་བྱ་བའི་གྲོས་གཞི་སོགས་ཀྱི་ཕྱོགས་ནས་འགྲེལ་བཤད་བྱས། ཁོ་མོས་བསྟན་དོན། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་དང་པོར་འཇོག་པ་དེ་སྤྱིའི་གཞི་གདངས་སུ་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དེ་ཁུལ་ཁོངས་འཕེལ་རྒྱས་ཀྱི་སྔོན་འགྲོ་དང་རྩ་འཛིན་རང་བཞིན་གྱི་འཆིང་རྒྱར་བྱས་ནས། རང་བྱུང་ཁམས་ལ་བརྩི་འཇོག་དང་རང་བྱུང་ཁམས་ལ་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོབ་བཅས་ཀྱི་རྩ་བའི་རྩ་དོན་གཏན་འཁེལ་བྱས་ཤིང་། རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་འཁྱགས་དང་སྐྱེ་ཁམས་བར་སྟོང་དེ་ཕུང་བོ་གཅིག་ཏུ་བརྩིས་ནས་མ་ལག་གི་སྲུང་སྐྱོབ་དང་མཐུན་སྦྱོར་སྲུང་སྐྱོབ་བྱེད་ལ། མཐོ་སྒང་གི་གངས་རི་འཁྱགས་རོམ་དང་སྐྱེ་དངོས་སྣ་མང་རང་བཞིན་དེ་དམིགས་བསལ་གྱི་སྲུང་སྐྱོབ་བྱ་ཡུལ་དུ་བརྩིས་ནས་དམིགས་བསལ་སྲུང་སྐྱོབ་བྱེད་པ་དང་། ཀྲུང་དབྱང་གིས་གཅིག་འདོམས་དང་ཞིང་ཆེན་རིམ་པས་འགན་འཁུར་བ། གྲོང་ཁྱེར་དང་ཁུལ་དང་རྫོང་བཅས་ཀྱིས་དོན་འཁྱོལ་དམ་འཛིན་བྱེད་པའི་བྱ་བའི་སྒྲིག་གཞི་གཏན་འཁེལ་བྱས་ཤིང་། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འཛུགས་ཀྱི་མི་འདང་སར་ཁ་གསབ་བྱས་ལ། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁྲིམས་སྐྱོང་དགོས་མཁོར་བསྟུན་ནས། མཚོ་བོད་མཐོ་སྒང་གི་དམིགས་བསལ་ས་ཁམས་བར་སྟོང་གི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པར་ཁྲིམས་སྐྱོང་རྨང་གཞི་འདོན་སྤྲོད་བྱས་པས། བཅའ་ཁྲིམས་ཁྱབ་གདལ་དྲིལ་སྒྲོག་ལ་ཤུགས་སྣོན་པ་དང་། ས་གནས་ཀྱི་ཁྲིམས་འཛུགས་སྡེབ་སྒྲིག་འཐུས་ཚང་དུ་གཏོང་བ། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁྲིམས་ལུགས་ལམ་ལུགས་མ་ལག་མུ་མཐུད་དུ་འཐུས་ཚང་དུ་བཏང་སྟེ། ནུས་ལྡན་སྒོས་ཁྲིམས་ལུགས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས། ལྷག་པར་དུ་རིམ་པ་སོ་སོའི་མགོ་ཁྲིད་རྣམས་ཀྱིས་བཅའ་ཁྲིམས་འདི་ཤེས་དགོས་པ་དང་རྟོགས་དགོས་པའི་ཁྲིམས་ལུགས་ཀྱི་གསལ་ཐོའི་ནང་འཇོག་པ་དང་། ཚང་མའི་སྣེ་ཁྲིད་དེ་ཁྲིམས་ལུགས་སློབ་པ་དང་ཁྲིམས་ལུགས་བེད་སྤྱད་ནས། འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཁག་ཁུར་ཕོད་པར་བྱེད་ལ། འགན་སྒྲུབ་ནན་མོ་བྱེད་དགོས།
ལའོ་ཏུང་ཁྲོན་གྱིས་མགོ་འཛིན་བྱེད་སྐབས་བསྟན་དོན། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ནི་རང་རྒྱལ་གྱི་རྒྱལ་ཁབ་རིམ་པ་ནས་ཁྲིམས་འཛུགས་ཚད་ལྡན་བྱས་པའི་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆེད་དམིགས་ཁྲིམས་ལུགས་ཁག་དང་པོ་ཡིན་ལ། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པར་ཁྲིམས་སྐྱོང་གི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱས་ཡོད། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་ལ། ཁྲིམས་སྐྱོང་རྩ་དོན་ལ་བརྟེན་ནས་སྐྱེ་ཁམས་བདེ་འཇགས་ཀྱི་རྣམ་པ་གཅིག་གྱུར་འཆར་འགོད་བྱེད་པ་རྒྱུན་འཁྱོངས་དང་། ཁྲིམས་སྐྱོང་གི་བསམ་བློར་བརྟེན་ནས་སྲུང་སྐྱོབ་དང་འཕེལ་རྒྱས་ལ་གཅིག་འདོམས་ལེགས་པོ་བྱེད་པ། ཁྲིམས་སྐྱོང་གི་བྱེད་ཐབས་ལ་བརྟེན་ནས་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་ལ་ཤུགས་སྣོན་པ། ཁྲིམས་སྐྱོང་གི་གཏན་ཚིགས་ལ་བརྟེན་ནས་སྐྱེ་ཁམས་ཀྱི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་བྱེད་པར་ཤུགས་སྣོན་པ། ཁྲིམས་སྐྱོང་གཟབ་ནན་གྱིས་ཁྲིམས་ལྟར་སྲིད་འཛིན་བྱེད་པའི་ཆུ་ཚད་མཐོར་འདེགས་གཏོང་བ། ཁྲིམས་སྐྱོང་གི་དགོངས་པར་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་ལེགས་པོར་བསྐྲུན་པ། དངོས་ཡོད་འགུལ་སྐྱོད་ལ་བརྟེན་ནས་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། སྟོབས་ཤུགས་གཅིག་སྡུད་སྒོས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་དགོས།
འཆད་ཁྲིད་དེ་བརྙན་རིས་རྣམ་པས་བསྡུས་པ་དང་། ཞིང་ཆེན་གྱི་མགོ་ཁྲིད་ཀྲང་ཅིན་ཀང་དང་ལིའུ་ཐའོ། དབྱང་ཀྲི་ཝུན། ལིའུ་ཁྲའོ། ལིས་ཧུང་ཡཱ། ཝང་ཧའེ་ཧུང་། ཁྲིན་ཅིས་ཝེ་བཅས་འཆད་ཁྲིད་ལ་ཞུགས། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དང་། དྲུང་ཡིག་ཆེན་མོ་གཞོན་པ་སོ་སོ། མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲིའི་གསལ་ཐོའི་འགན་འཁུར་ལས་ཁུངས་དང་། ཞིང་ཆེན་རིམ་པའི་སྐྱེ་ཁམས་ཁུལ་ཁོངས་ཀྱི་སྡེ་ཁག་ལས་ཁུངས། ཞིང་ཆེན་ནང་ཁུལ་གྱི་མཐོ་རིམ་སློབ་གྲྭ། གསར་འགྱུར་སྨྱན་བྱད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་སོགས་ཁྱོན་བསྡོམས་མི་བརྒྱ་དང་ལྔ་བཅུ་ལྷག་ཞིང་ཆེན་གྱི་ཚོགས་ར་གཙོ་བོ་ནས་འཆད་ཁྲིད་ལ་ཞུགས། གྲོང་ཁྱེར་དང་ཁུལ་སོ་སོར་ཡན་ལག་ཚོགས་ར་བཙུགས་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注