ཏེན་ཞུའེ་ཞང་གིས་སིང་ག་ཕོར་གྱི་ཙུང་ལི་ཧོང་ཞུན་ཚའེ་ལ་མཇལ་འཕྲད་གནང་།
ཟླ11པའི་ཚེས11ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་སིང་ག་ཕོར་དུ་སིང་ག་ཕོར་གྱི་ཙུང་ལི་ཧོང་ཞུན་ཚའེ་ལ་མཇལ་འཕྲད་གནང་།
ཏེན་ཞུའེ་ཞང་གིས་བསྟན་དོན། ན་ནིང་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐབས་དེའི་སིང་ག་ཕོར་གྱི་ཙུང་ལི་ལིས་ཞན་ལུང་རྣམ་གཉིས་ཀྱིས་ཀྲུང་གོ་དང་སིང་ག་ཕོར་གྱི་དུས་རྣམ་ཀུན་གྱི་སྤུས་ཚད་མཐོ་བའི་རྒྱང་ལྟའི་རང་བཞིན་གྱི་གྲོགས་པོའི་འབྲེལ་བའི་ངེས་གནས་གསར་བ་ཁྱབ་བསྒྲགས་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོ་དང་སིང་ག་ཕོར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་བའི་འཆར་གཞི་བཀོད། ཀྲུང་གོ་དང་སིང་ག་ཕོར་གྱི་འཕེལ་རྒྱས་འདུ་ཤེས་ཕན་ཚུན་འབྲེལ་ཡོད་ལ། ཐུན་མོང་ཁེ་ཕན་རྒྱ་ཆེ་བས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བས་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་ཡོད། སང་ལོ་རྒྱལ་ཁབ་གཉིས་ཀྱིས་འབྲེལ་བ་བཙུགས་ནས་ལོ་སོ་ལྔ་འཁོར་བའི་ལོ་བསུ་རྒྱུ་རེད། ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་བ་ཞིག་ནས་ལངས་ཏེ། ཀྲུང་གོའི་ཕྱོགས་ཀྱིས་སིང་ག་ཕོར་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་སྔར་ལས་དོན་འཁྱོལ་ལེགས་པོ་བྱེད་པ་དང་། མཐོ་རིམ་འགྲོ་འོང་ལ་ཤུགས་བསྣན་ནས། ཆབ་སྲིད་ཀྱི་ཡིད་རྟོན་ཇེ་དྲག་ཏུ་གཏོང་བ་དང་། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་སེམས་ཁུར་བྱེད་པའི་གནད་དོན་གལ་ཆེན་ལ་འབྲེལ་བ་ཡོད་པའི་ཐད་ནས་ཕན་ཚུན་ལ་རྒྱབ་སྐྱོར་བརྟན་པོ་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་འབྲེལ་བ་དམ་ཟབ་བྱས་ནས་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་བྱེད་པ་དང་། གཅིག་གྱུར་འཆར་འགོད་ལ་ཤུགས་བསྣན་ནས། ཁེ་ཕན་གྱི་འབྲེལ་གནས་དང་མཉམ་ལས་ཀྱི་འཕར་གནས་གསར་བ་རྒྱུན་ཆད་མེད་པར་སྔོག་འདོན་བྱས་ཏེ། སྤུས་ཚད་མཐོ་བའི་མཉམ་ལས་ཀྱི་མིག་དཔེ་ལེགས་པོ་བསྐྲུན་དགོས་ཞེས་གསུངས།
ཏེན་ཞུའེ་ཞང་གིས་བསྟན་དོན། མིག་སྔར་གོ་ལ་ཧྲིལ་བོའི་ཉོ་ཚོང་སྲུང་སྐྱོབ་རིང་ལུགས་འཕེལ་རྒྱས་སུ་ཕྱིན་པ་དང་ཕྱོགས་རྐྱང་རིང་ལུགས་དར་ཁྱབ་ཆེ་བས། ཀྲུང་གོའི་ཕྱོགས་ཀྱིས་སིང་ག་ཕོར་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་ས་ཁུལ་གྱི་འཐབ་ཇུས་གྲོས་དོན་གལ་ཆེན་ཐད་ནས་འབྲེལ་འདྲིས་རྒྱུན་འཁྱོངས་བྱས་ཏེ། དཔལ་འབྱོར་གོ་ལ་ཅན་ལ་མཉམ་དུ་སྲུང་སྐྱོང་བྱེད་འདོད་ཡོད། ཀྲུང་གོས་ལམ་ལུགས་ཅན་གྱི་སྒོ་འབྱེད་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་ཤོས་འཛུགས་སྐྲུན་བྱས་ཏེ། སིང་ག་ཕོར་གྱི་ཁེ་ལས་དང་བཅས་པའི་ཕྱི་རྒྱལ་གྱི་ཁེ་ལས་སྔར་ལས་མང་པོ་ཀྲུང་གོར་ཡོང་ནས་དངུལ་གཏོང་ལས་སྤེལ་དང་མ་འོངས་མཉམ་སྐྲུན་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས།
ཧོང་ཞུན་ཚའེ་ཡིས་བསྟན་དོན། སིང་ག་ཕོར་གྱིས་ཀྲུང་གོའི་བར་གྱི་འབྲེལ་བར་ཚད་མཐོན་པོས་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་མཐུད་སྒོས་ལག་བསྟར་བྱེད་རྒྱུ་ཡིན། སིང་ག་ཕོར་དང་ཀྲུང་གོའི་འབྲེལ་བའི་ལོ་རྒྱུས་ཀྱི་རྒྱུན་རིང་ལ། མཉམ་ལས་ཀྱི་རྨང་གཞི་བརྟན་པོ་ཡིན་པས། འཕེལ་རྒྱས་ཀྱི་སྦས་ཤུགས་ཆེན་པོ་ལྡན། སིང་ག་ཕོར་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཉོ་ཚོང་དང་ཚན་རྩལ། མི་གཞུང་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ཟབ་སྤེལ་བྱེད་པ་དང་། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱས་ཏེ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་འདོད་ཡོད། སིང་ག་ཕོར་ཕྱོགས་ཀྱིས་ཤར་ཕྱོགས་མནའ་འབྲེལ་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ཐད་འཛུགས་སྐྲུན་རང་བཞིན་གྱི་བྱེད་ནུས་འདོན་སྤེལ་བྱེད་པ་དང་། ཀྲུང་གོའི་ཕྱོགས་དང་མཉམ་དུ་རང་དབང་ཉོ་ཚོང་ལ་སྲུང་སྐྱོང་བྱས་ནས། ས་ཁུལ་གྱི་གཏན་འཇགས་དང་སྒོ་འབྱེད་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注