རང་རྒྱལ་གྱི་རབ་འབྱམས་པའི་གེ་སར་སྒྲུང་པ་ཐོག་མ།

མཁས་གྲུབ་ཀྱིས་བྲིས་ཤིང་པར་བླངས།

ད་ལོར་རང་ལོ་སོ་གསུམ་ལ་སོན་པའི་སྒྲུང་པ་གྲགས་ཅན་སྲི་ཐར་རྡོ་རྗེ་ནི་བོད་རང་སྐྱོང་ལྗོངས་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་བརྒྱུད་འཛིན་པ་དང་། རང་རྒྱལ་གྱི་རབ་འབྱམས་པའི་ཞིབ་འཇུག་སློབ་མ་ལས་མཐར་ཕྱིན་པའི་གེ་སར་སྒྲུང་པ་ཐོག་མ་དེ་རེད།

《གླིང་སྒྲུང》ནི་གསོན་ཉམས་དོད་པའི་དཔའ་བོའི་ལོ་རྒྱུས་སྙན་ངག་ཅིག་དང་། འཛམ་གླིང་ཐོག་གི་དཔའ་བོའི་ལོ་རྒྱུས་སྙན་ངག་རིང་ཤོས་ཤིག་ཀྱང་ཡིན། དེ་ནི་འཛམ་གླིང་རིག་གནས་བང་མཛོད་ནང་གི་འོད་སྟོང་འཕྲོ་བའི་མུ་ཏིག་ཅིག་དང་ཀྲུང་ཧྭ་མི་རིགས་ཀྱིས་འགྲོ་བ་མིའི་ཤེས་དཔལ་ལ་ཕུལ་བའི་ལེགས་སྐྱེས་ཆེན་པོ་ཞིག་རེད། ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་སྙན་ངག་དེ་ལས་བོད་རིགས་དཔའ་བོ་གླིང་རྗེ་གེ་སར་གྱིས་གདོན་འདྲེ་བཏུལ་བ་དང་དྲག་འདུལ་གཉོམ་སྐྱོང་གིས་མི་རིགས་ཁག་འཆམ་མཐུན་མཉམ་གནས་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་པའི་གཏམ་རྒྱུད་བརྗོད་ཡོད། 2006ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གླིང་སྒྲུང་དེ་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་ཁག་དང་པོའི་མིང་གཞུང་དུ་བཅུག་པ་དང་། 2009ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ངག་ཐོག་དང་གཟུགས་མེད་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་གཞུང་ནང་བཅུག་པ་རེད།

སྲི་ཐར་རྡོ་རྗེ་ནམ་རྒྱུན་ལྟར་ཞོགས་པའི་ཆུ་ཚོད་དགུ་པ་ནས་བོད་ལྗོངས་སློབ་ཆེན་གྱི་ཁང་རྩེག་དྲུག་པའི་དཔེ་མཛོད་ཁང་གི་གླིང་སྒྲུང་ཕབ་བཟོའི་ལྟེ་གནས་སུ་ཡོང་ནས་སྒྲུང་ཆས་ལེགས་པར་སྤྲས་ཏེ་ཆུ་ཚོད་གཉིས་ཀྱི་རིང་ལ་ཕབ་བཟོའི་ལས་ཀ་བྱེད་ཀྱི་ཡོད། སྔོན་མ་ཡིན་ན་ཁོ་རང་གིས་སྒྲུང་བཤད་པ་ནི་རང་ཉིད་ལ་ལྡན་པའི་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཏུ་བརྩིས་ཤིང་། སློབ་གྲྭའི་བྱེད་སྒོ་སྣ་ཚོགས་ཐོག་སྒྲུང་བཤད་ཀྱི་འཁྲབ་སྟོན་བྱེད་ཀྱི་ཡོད། འོན་ཀྱང་ད་ཆར་སྒྲུང་བཤད་པ་ནི་ཁོ་རང་གི་ལས་ཀ་གཙོ་བོ་ཞིག་ཏུ་གྱུར་ཡོད།

ང་རང་ལོ་དགུ་ལ་སླེབས་པའི་ཉིན་ཞིག་གི་དགོང་མོར། རྟ་ནོར་ལུག་གསུམ་གྱིས་ཁེངས་ཤིང་མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་པའི་རྩྭ་ཐང་ཆེན་པོ་ཞིག་གི་ཐོག་ན། ངོ་གདོང་དམར་པོ་ཅན་གྱི་རྟ་བཞོན་པ་གཉིས་ཀྱིས་ང་རང་དམག་སྒར་ལྟ་བུའི་གུར་ཆེན་པོ་ཞིག་ཏུ་ཁྲིད་པ་དང་། དེ་ནས་བཙན་ཤེད་ཀྱིས་དཔེ་དེབ་མང་པོ་ཞིག་ང་རང་ལ་ཟ་རུ་བཅུག་པའི་རྨི་ལམ་ཞིག་རྨིས་སོང་། ཕྱི་ཉིན་སྔ་མོ་ནས་ང་རང་སྒྲུང་བཤད་ཤེས་མཁན་ཞིག་ཏུ་གྱུར་སོང་ཞེས་སྲི་ཐར་རྡོ་རྗེས་སྔོན་མའི་རྨི་ལམ་དེར་ཕྱིར་དྲན་བྱེད་བཞིན་དེ་ལྟར་བཤད།

ཕྱིས་སུ་སྒྲུང་པ་སྲི་ཐར་རྡོ་རྗེའི་སྐད་གྲགས་ཇེ་ཆེར་སོང་བ་དང་། དུས་རྒྱུན་ས་གནས་སོ་སོས་སྒྲུང་བཤད་པར་གདན་ཞུ་བྱེད་ཀྱི་ཡོད། དེ་ལྟར་ཁོ་རང་ལ་བོད་ལྗོངས་ཀྱི་ས་གནས་དེ་གའི་ཏང་ཨུ་དང་སྲིད་གཞུང་གི་རྒྱབ་སྐྱོར་ཆེན་པོ་ཐོབ་ཀྱི་ཡོད་དེ། 2007ལོར་སྲི་ཐར་རྡོ་རྗེ་བོད་རང་སྐྱོང་ལྗོངས་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་བརྒྱུད་འཛིན་པར་གཏན་འཁེལ་བྱས་པ་རེད། ས་གནས་དེ་གའི་སྲིད་གཞུང་སྡེ་ཚན་གྱི་རྒྱབ་སྐྱོར་འོག་སྲི་ཐར་རྡོ་རྗེར་སྒྲུང་བཤད་སའི་ཁོར་ཡུག་བཟང་པོ་མཁོ་འདོན་བྱས་པར་མ་ཟད། རང་ཉིད་ཀྱི་སློབ་སྦྱོང་དང་འཚར་ལོངས་ཕྱོགས་སུའང་སྐུལ་སློང་དྲག་པོ་ཐེབས་ཡོད་པ་རེད།

2010ལོར་སྲི་ཐར་རྡོ་རྗེས་བོད་ལྗོངས་སློབ་ཆེན་དུ་རྒྱུགས་འཕྲོད་ནས་བོད་སྐད་ཡིག་རྩོམ་རིག་ཚན་ཁག་གི་སློབ་སྦྱོང་ལ་ཞུགས་པའི་གོ་སྐབས་བྱུང་། 2014ལོར་དངོས་གཞིའི་ཚན་ཁག་ནས་སློབ་ཐོན་བྱུང་རྗེས་བོད་ལྗོངས་སློབ་ཆེན་གྱི་ཆེད་ལས་ལག་རྩལ་ལས་གནས་སུ་རྒྱུགས་འཕྲོད་པ་དང་། བོད་ལྗོངས་སློབ་ཆེན་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཁང(ཇོ་མོ་གླང་མའི་ཞིབ་འཇུག་ཁང)དུ་ལས་ཀ་ལ་ཞུགས། ལོ་དེར་ཁོ་རང་བོད་ལྗོངས་སློབ་ཆེན་དུ་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་སློབ་སྦྱོང་བྱེད་པར་བསྐྱལ་ཏེ་བོད་སྐད་ཡིག་རྩོམ་རིག་གི་གེ་སར་ཞིབ་འཇུག་གི་ཁ་ཕྱོགས་ལ་མུ་མཐུད་དེ་སློབ་སྦྱོང་དང་ཞིབ་འཇུག་བྱས་པ་རེད།

2013ལོར་བོད་ལྗོངས་སློབ་ཆེན་དུ་སློབ་སྦྱོང་བྱེད་རིང་སྲི་ཐར་རྡོ་རྗེས《གླིང་སྒྲུང》མ་ལག་གོ་རིམ་ལྡན་པའི་སྒོ་ནས་ཕབ་འཇུག་བྱས་པ་རེད། ཁོ་རང་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ཁང་དུ་སླེབས་རྗེས་ཉིན་ལྟར་སྔ་དྲོར་སྒྲ་འཇུག་བྱེད་པ་དང་ཕྱི་དྲོར་དེ་དག་ལེགས་སྒྲིག་བྱེད་ཀྱི་ཡོད་ལ། དེ་དང་ཆབས་ཅིག“གླིང་སྒྲུང”དང་འབྲེལ་ཡོད་ཀྱི་ཞིབ་འཇུག་བྱ་གཞིར་ནན་ཏན་གྱིས་ཞིབ་འཇུག་བྱེད་པར་ཞུགས་ཀྱི་ཡོད། ད་ཆར་ཁོ་རང་གིས་གླིང་སྒྲུང20ལྷག་ཙམ་ཕབ་འཇུག་བྱས་ཟིན་པར་མ་ཟད། གླིང་སྒྲུང་གི་དཔེ་དེབ་གཉིས་དཔེ་སྐྲུན་བྱས་པ་རེད།

སྲི་ཐར་རྡོ་རྗེས་ཆུང་དུས་སུ་གྲོང་ཚོའི་ནང་གི་མི་སེར་ཚོར་གེ་སར་གྱི་སྒྲུང་རེ་བཤད་རྒྱུ་བྱུང་བ་ནི་ང་རང་ཆེས་དགའ་ཤོས་ཀྱི་བྱ་བ་ཞིག་ཡིན་ལ། རྗེས་ནས་ལོ་ན་ཆེ་རུ་སོན་པ་དང་མཐོང་ཐོས་ཀྱི་རྒྱའང་ཇེ་ཆེར་སོང་བ་དང་བསྟུན་ནས་རང་ཉིད་ཀྱི་འགན་འཁྲི་ནི་གླིང་སྒྲུང་གི་བརྒྱུད་འཛིན་པ་ཙམ་མ་ཡིན་པར་ད་དུང་ཞིབ་འཇུག་པ་ཞིག་ཀྱང་བྱ་དགོས་པར་རིམ་གྱིས་ངོས་འཛིན་དེ་འདྲ་ཞིག་བྱུང་སོང་ཞེས་བཤད།

གེ་སར་རིག་གནས་ཀྱི་བརྒྱུད་འཛིན་པ་ཞིག་ཡིན་པའི་ངོས་ནས། རང་ཉིད་ཀྱིས་གླིང་སྒྲུང་ལ་ཞིབ་འཇུག་བྱེད་པའི་ཕྱོགས་སོ་སོ་ནས་སྟབས་བདེ་པོ་འདུག། གླིང་སྒྲུང་ནི་བོད་རིགས་དང་སོག་རིགས་སོགས་གྲངས་ཉུང་མི་རིགས་ཀྱི་རིག་གནས་དང་། སྤྱི་ཚོགས། དཔལ་འབྱོར་སོགས་ཤེས་བྱའི་མ་ལག་ལས་ཤེས་བྱ་ཀུན་འདུས་ཀྱི་ལོ་རྒྱུས་སྙན་ངག་ཅིག་རེད། ངས་བལྟས་ན་མ་འོངས་པར་ང་ཚོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། དཔལ་འབྱོར་ཚོང་དོན། མི་རིགས་མཐུན་སྒྲིལ་སོགས་ཀྱི་ཐད་ནས་རྒྱ་ཆེ་ལ་གཏིང་ཟབ་པའི་གླིང་སྒྲུང་ཞིབ་འཇུག་གི་བྱ་བར་ཞུགས་ཆོག་ས་རེད་ཅེས་རེ་བས་སྨོན་པའི་ཉམས་དང་བཅས་དེ་ལྟར་བཤད།

སྒྲུང་བཤད་པ་ནས་གླིང་སྒྲུང་བརྒྱུད་འཛིན་པ་དང་། དེ་ནས་གླིང་སྒྲུང་ཞིབ་འཇུག་པར་གྱུར་བའི་སྲི་ཐར་རྡོ་རྗེའི་འཚར་ལོངས་བྱུང་རིམ་དེ་རྒྱལ་ཁབ་ཀྱིས་གླིང་སྒྲུང་གི་རིག་གནས་མྱུར་སྐྱོབ་དང་སྲུང་སྐྱོབ་ལས་ཀར་མཐོང་ཆེན་གནང་བ་དང་ཁ་བྲལ་ཐབས་མེད། བོད་ཞི་བས་བཅིངས་འགྲོལ་བཏང་རྗེས། ཀྲུང་དབྱང་སྲིད་གཞུང་གིས་མ་དངུལ་འབོར་ཆེན་བཏང་ནས་སྔོན་རྗེས་སུ་དམངས་ཁྲོད་ཀྱི་གླིང་སྒྲུང་སྒྱུ་རྩལ་པ་དང་གླིང་སྒྲུང་གི་པར་གཞི་འཚོལ་བསྡུ་སོགས་ལ་ཡོངས་ཁྱབ་ཞིབ་བཤེར་དང་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོང་ལས་ཀ་ཐེངས20ལྷག་ཙམ་སྒྲིག་འཛུགས་བྱས་ནས་སྤེལ་བ་རེད། མིག་སྔའི་བར་བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱིས་ཐོ་འགོད་བྱས་པའི་གླིང་སྒྲུང་སྒྱུ་རྩལ་མཁས་ཅན་གྱི་སྒྲུང་པ120ལྷག་ཡོད་པ་དང་། ཡོངས་ཁྱབ་ཞིབ་བཤེར་བྱས་ནས་དཔེ་དེབ་དང་སྒྲ་དབྱངས(བརྙན་ལམ)སོགས་དཔེ་སྐྲུན་འགྲེམས་སྤེལ་གྱི་གྲུབ་འབྲས་ཐོན་པ་དང་དུས་མཚུངས་སུ་བོད་ལྗོངས་ཀྱིས་ད་དུང་སྒྲུང་པ་མཁས་པ་དང་། རོལ་དབྱངས་དང་སྦྲགས་བཤད། གླིང་གི་བསྟོད་གླུ་དང་ཞབས་བྲོ། བརྒྱུད་འཛིན་པའི་ངག་སྒྲོས་ལོ་རྒྱུས་སོགས་ཁག་དྲུག་ལས་གྲུབ་པའི་ལོ་རྒྱུས་སྙན་ངག་གི་གྲངས་གཞིའི་ཐོན་ཁུངས་མཛོད་བཙུགས་ཡོད་པ་རེད།

2022ལོའི་ལོ་སྟོད་དུ་བོད་རང་སྐྱོང་ལྗོངས་ཀྱི《གླིང་སྒྲུང》རྒྱ་ཡིག་ཏུ་བསྒྱུར་བའི་རིག་གནས་འདུ་འགོད་གལ་ཆེན་གྱི་དུས་ཐེངས་དང་པོའི་ལས་ཀ་ལེགས་གྲུབ་བྱུང་ཡོད། མིག་སྔར་བོད་ཀྱི་གླིང་སྒྲུང་གི་སྒྲུང་པའི་སྒྲུང་དཔེ་ཆ་ཚང་བ་པར་སྐྲུན་འགྲེམས་སྤེལ་བྱས་པ་དང་། དེའི་ནང་སྐུ་ཚེ་ལས་འདས་ཟིན་པའི་སྒྲུང་པ་བསམ་གྲུབ་ཀྱི་ལོ་རྒྱུས་སྙན་ངག་མུ་འབྲེལ་དཔེ་ཚོགས་ཀྱི་རྒྱ་ཡིག་པར་གཞི་ཁྱོན33ཡོད་པ་རེད།

གཞན་ཡང་བོད་ལྗོངས་ཀྱིས་ད་དུང་གཟུགས་མེད་རིག་གནས་ཤུལ་བཞག་སློབ་གྲྭར་སྤེལ་བ་སོགས་ཀྱི་བྱེད་སྒོ་ཧུར་ཐག་སྤེལ་བ་དང་། ཆ་འཕྲིན་ཅན་གྱི་བྱེད་ཐབས་ལ་བརྟེན་ནས་འགུལ་རིས་དང་གློག་བརྙན། ཚོན་རིས་དཔེ་དེབ་སོགས་ཀྱི་རྣམ་པའི་ཐོག་ནས་གེ་སར་གྱི་གཏམ་རྒྱུད་མི་རྣམས་ཀྱི་མིག་ལམ་དུ་མངོན་པར་བྱས་ཡོད།

ངས་རང་ཉིད་ཀྱིས་གླིང་སྒྲུང་གི་ལོ་རྒྱུས་སྙན་ངག་རྒྱུན་འཛིན་ཐུབ་རེ་ཡོད་ལ། གླིང་སྒྲུང་གི་ཞིབ་འཇུག་ལས་ཀ་དེ་བས་གཏིང་ཟབ་ཅིང་རྒྱ་ཆེ་རུ་ཕྱིན་པའི་རེ་བའང་ཡོད། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཆེ་རུ་གཏོང་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ཡོད་ཚད་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་སྲི་ཐར་རྡོ་རྗེས་དེ་ལྟར་བཤད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号