གཅིན་དུག་ནད་ནི་ཅི་ཞིག་ཡིན།
གཅིན་དུག་ནད་ནི་དལ་གཤིས་མཁལ་མའི་ནད་ཀྱི་མཇུག་མཐའི་དུས་རིམ་ཡིན། སྐབས་དེར་མཁལ་མའི་བྱེད་ལས་ཉམས་པས། མིའི་ལུས་སྟེང་གི་བརྗེ་ཚབ་ཐོན་དངོས་དང་། སྙིགས་རྫས། གཅིན་རྒྱུ་དང་ཆུ་ལྷག་མ་སོགས་ལུས་ཕྱི་ལ་གཏོང་མི་ཐུབ་པས། མིའི་ལུས་ཕུང་ལ་དུག་ཕོག་པའི་ནད་རྟགས་དང་འདྲ་བའི་རྟགས་འདུས་ནད་རིགས་རབ་དང་རིམ་པ་འབྱུང་སྲིད། གལ་ཏེ་དལ་གཤིས་མཁལ་རིལ་ཆུང་བའི་མཁལ་མའི་གཉན་ཚད་དང་བར་རྫས་རང་བཞིན་གྱི་མཁལ་མའི་གཉན་ཚད། གཅིན་སྙི་ཟ་ཁུའི་མཁལ་ནད་བཅས་དུས་ཡུན་རིང་པོར་མི་དྲག་པའམ་ཡང་ན་ཚོད་འཛིན་ཡག་པོ་མ་བྱས་ན་ཇེ་སྡུག་ཏུ་ཕྱིན་ནས། མཇུག་མཐར་ནད་པ་ཁ་ཤས་ལ་དལ་གཤིས་མཁལ་མ་ཉམས་ཏེ་གཅིན་དུག་ནད་ཕོག་སྲིད།
འབྲེལ་ཡོད་བརྟག་དཔྱད་ཀྱི་གཞི་གྲངས་ལྟར་ན། འཛམ་གླིང་ཡོངས་ཀྱི་གཅིན་དུག་ནད་ཕོག་པའི་ཆ་སྙོམས་ཀྱི་ལོ་ཚོད་དེ་སྔོན་གྱི་ལོ50ནས60བར་ནས་རིམ་བཞིན་ལོ30ནས40བར་ཇེ་ཆུང་དུ་སོང་བ་དང་། དེ་ནས་ལོ11ནས20བར་གྱུར་ཡོད། དེའི་ནང་ལོ20མན་གྱི་ན་གཞོན་ནད་པའི་གྲངས་འབོར་ད་དུང་ཇེ་མང་དུ་འགྲོ་བཞིན་ཡོད། དེའི་རྒྱུ་རྐྱེན་ལ་བལྟས་ན། གཙོ་བོ་བདེ་ཐང་མིན་པའི་འཚོ་བ་རོལ་སྟངས་ཏེ། མཚན་སྐྱེལ་པ་དང་། ཉིན་རེའི་ཆ་སྙོམས་ཀྱི་ཆུ་འཐུང་ཚད་མི་འདང་བ། ཚྭ་དང་མངར་ཆ་མང་བའི་བཟའ་བཏུང་བསྟེན་པ། དུས་ཡུན་རིང་པོར་གཅིན་བསྲན་ནས་གཅིན་ལམ་ལ་ཡང་ནས་བསྐྱར་དུ་འགོས་ནད་བྱུང་བ། གཅོང་ནད་དོ་དམ་ཚོད་འཛིན་མ་ཐུབ་པ་སྟེ། དུས་ཡུན་རིང་པོར་ཁྲག་མངར་མཐོ་བ་དང་ཁྲག་ཤེད་མཐོ་བའི་དབང་གིས་མཁལ་རིལ་ཆུང་བ་སྲ་འགྱུར་བྱུང་ནས་རིམ་བཞིན་གཅིན་དུག་ནད་དུ་གྱུར་པ། གཅིན་པར་རྒྱུན་ལྡན་གྱི་བརྟག་དཔྱད་བྱས་མེད་པ་དང་། སྔ་དུས་ཀྱི་མཁལ་ནད་ཤེས་ཚད་མི་འདང་བ། བདེ་ཐང་འདུ་ཤེས་ཞན་པ་སོགས་དང་འབྲེལ་བ་དམ་ཟབ་ཡོད།
གཅིན་དུག་ནད་ཇི་ལྟར་སྔོན་འགོག་བྱེད་དགོས།
གཅིག མཁལ་མའི་བྱེད་ནུས་ལ་གནོད་པ་ཐེབས་སྲིད་པའི་ནད་རིགས་སྣ་ཚོགས་ཏེ་དཔེར་ན། ཁྲག་ཤེད་མཐོ་བའི་ནད་དང་གཅིན་སྙི་ཟ་ཁུའི་ནད། གཅིན་ལམ་རྡེའུ་སྐྲན་སོགས་སྨན་བཅོས་བྱས་ནས་ཚོད་འཛིན་ཡག་པོ་བྱེད་དགོས།
གཉིས། སྨན་རྫས་གང་བྱུང་དུ་སྤྱོད་མི་རུང་། སྨན་མ་འཐུང་གོང་སྨན་པར་བློ་འདྲི་བྱེད་དགོས། མཁལ་མའི་དུག་གཤིས་སྨན་རྫས་སྤྱོད་དགོས་བྱུང་ན། དུས་བཅད་ལྟར་ལུས་པོར་བརྟག་དཔྱད་བྱེད་དགོས། མཁལ་མའི་བྱེད་ནུས་ལ་ཡང་དོ་སྣང་ཆེན་པོ་བྱེད་དགོས།
གསུམ། ལུས་ཕུང་སྦྱོང་བརྡར་རྒྱུན་འཁྱོངས་བྱེད་དགོས། རིམས་འགོག་ནུས་པ་ཇེ་ཞན་དུ་སོང་ནས་གཉན་ཚད་འབྱུང་བ་དང་། མཁལ་རིལ་ཆུང་བའི་མཁལ་ཚད་སོགས་ཀྱི་ནད་རིགས་འབྱུང་བ་སྔོན་འགོག་བྱེད་དགོས།
བཞི། ཚྭ་དང་མངར་ཆ། ཞག་ཚིལ་མང་བའི་ཟས་རིགས་ཇེ་ཉུང་དུ་གཏོང་གང་ཐུབ་བྱས་ཏེ། བདེ་ཐང་གི་བཟའ་བཏུང་དང་འཚོ་བཅུད་དོ་མཉམ་ཡོང་བར་བྱེད་དགོས། ཆུ་མང་ཙམ་འཐུང་བ་དང་རབ་ཡིན་ན་ཉིན་རེར་ཚྭ་ཟ་ཚད་ཁེ6ལས་ཉུང་དགོས།
ལྔ། ཆོས་ཉིད་ལྡན་པའི་སྒོ་ནས་ལས་སྒྲུབ་དང་ངལ་གསོ་བྱེད་དགོས་པ་ལས། མཚན་སྐྱེལ་བ་དང་གཅིན་པ་བསྲན་མི་རུང་ངོ་།།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注