ཁ་བའི་ཁྲོད་ཀྱི་སྐྱ་མི།

ཞོགས་པར་གཉིད་ལས་སད་དུས། སློབ་གྲོགས་གཞན་པ་ད་རུང་གཉིད་ལ་ཤོར་འདུག ཉལ་ཁང་ཧྲིལ་པོ་མཁའ་དབུགས་འཁྱག་སིབ་སིབ་ཅིག་གི་ཁྲོད་ན་ཁུ་སིམ་མེར་འདུག ང་རང་དལ་གྱིས་མལ་ལས་ལངས་ཏེ་སྒེའུ་ཁུང་ཁར་སོང་ནས་ལྟ་དུས། སྒེའུ་ཁུང་གི་ཤེལ་སྒོའི་ངོས་ལ་བད་སྲབ་མོ་ཞིག་ཆགས་འདུག དེ་ནི་སྡོམ་དྲ་ཞིག་དང་འདྲ། དེ་ནས་སྒོ་ཕྱི་ལ་སོང་བ་ན། རི་ལུང་ཐམས་ཅད་རས་དཀར་པོ་ཡུག་གཅིག་གིས་གཡོགས་པ་ལྟ་བུར་གྱུར་འདུག རྣམ་པ་དེ་འདྲ་མཐོང་བས་ངའི་སེམས་ངོར་ཡི་མུག་པའི་སྣང་བ་ཕྲན་བུ་ཞིག་གློག་དམར་ལྟར་འཁྱུགས། དེ་རིང་ནི་ངས་རེ་སྒུག་བྱས་བྱས་པའི་ཉི་མ་སྟེ། ཟླ་རེ་ལ་གུང་གསེང་ཐེངས་རེ་གཏོང་བའི་དུས་རེད།

གུང་གསེང་བཏང་རྗེས་རྟག་ཏུ་ལུང་རིང་ཞབས་མེད་དག་གི་རི་ཁ་དེད་ནས་ཁྱིམ་ལ་ལོག་དགོས་མོད། ད་ནི་ཁྱིམ་ལ་ལོག་པའི་སྤྲོ་བས་ས་ཐག་རིང་ལ་རྐང་ཐང་དུ་འགྲོ་བའི་ལམ་ངལ་ཡང་རེ་ཞིག་མི་དྲན་པར་གྱུར། འོན་ཀྱང་ཁ་བ་ནི་ད་དུང་ཡང་འབབ་མཚམས་འཆད་པའི་ལྟས་མི་འདུག མ་གཞི་ང་རང་ཁ་བ་ལྷབ་ལྷུབ་ཏུ་འབབ་པ་ལ་མི་དགའ་བ་ཆེར་མེད་ཀྱང་། གུང་གསེང་གཏོང་བའི་ཉིན་མོར་ཁ་བ་འབབ་པ་ནི་དགའ་འོས་པའི་དོན་དག་ཅིག་རེད་མ་བསམ། ཁ་བ་མཐུག་པོས་ངའི་རྡོག་ལམ་བཅད་ན་ཡང་ཡུལ་ལ་མི་ལོག་ཐབས་མེད་ཡིན། ནམ་རྒྱུན་གུང་གསེང་བཏང་རྗེས། དགེ་རྒན་ཚོས་སློབ་ཁང་དང་ཟ་ཁང་གི་སྒོ་ལ་ལྕགས་ཟྭ་ཆེན་པོ་རེ་བརྒྱབ་སྟེ་རང་ཁྱིམ་ལ་ལོག་འགྲོ་བས། སློབ་གྲྭའི་ཉལ་ཁང་དུ་བསྡད་ཀྱང་ང་ལ་ཟས་ཆུ་མི་རེག

ང་སློབ་ཆུང་དུ་འགྲོ་བའི་སྐབས་དེར། སྤྱིར་སློབ་གྲྭར་ཞུགས་མཁན་ཉུང་ལ་ང་དང་ལམ་ཁ་གཅིག་པའི་སློབ་མ་ནི་ལྷག་ཏུ་ཉུང་། ང་ནི་ཆུང་དུས་ནས་རུ་སྡེ་བའི་ནང་གི་མ་རབས་པྲ་ཚག་ཅིག་ཡིན་པས། ཁྱིམ་མིའི་སེམས་སུ་ང་སློབ་གྲྭར་བཏང་ན་ཕྱི་ནང་ཀུན་ནས་བེད་ཆོད་པ་ཡིན་འདོད་ཡོད། ཕུ་བོ་ཆེ་བ་ལ་མནའ་མ་བླངས་ནས་ཁྱིམ་དུ་འཁོར་བ་སྐྱོང་མཁན་དུ་བཞག་འདུག་ཅིང་ཕུ་བོ་འབྲིང་བ་དགོན་པར་གྲྭ་པ་བྱས་ཡོད། ལན་རེར་ཕུ་བོར་ལུག་འཚོ་རོགས་རེ་བྱེད་པ་མ་གཏོགས་ང་ལ་ལས་ཀ་གཞན་ཅི་ཡང་མེད། དེ་དུས་ཁྱིམ་ཚང་རེ་ནས་བྱིས་པ་རེ་ངེས་པར་སློབ་གྲྭར་གཏོང་དགོས་ལ། མ་བཏང་ན་ཆད་པ་ཡོད་པས་གཡག་གཅིག་གི་ཆད་པ་མི་འཁུར་བའི་ཆེད་དུ། གནམ་ཀ་མེད་འོག་གི་བུ་ལས་མེད་ང་སློབ་གྲྭར་བཏང་བ་རེད། དེ་ནི་ཁྲལ་འཇལ་བ་ལྟ་བུ་ཞིག་ཡིན་ཕྱིར། ང་ཁྱིམ་ཚང་ནས་ཕར་སློབ་གྲྭར་སྐྱེལ་མཁན་དང་སློབ་གྲྭ་ནས་ཚུར་ཁྱིམ་དུ་བསུ་མཁན་གཅིག་ཀྱང་མེད། གཅིག་པུ་ཡུལ་ལ་འགྲོ་བར་སྔ་མོ་ནས་ལོབས་ཡོད་དེ། གངས་ཆེན་པོ་བབས་ན་ཡང་དེ་བཞིན་ཡིན།

ཁ་བ་དཀར་པོ་ནམ་མཁའ་ནས་གྲོ་ཕྱེ་གཏོར་བ་བཞིན་དཀར་ཀྱུག་ཀྱུག་ངའི་ཕྱོགས་བཞི་མཚམས་བརྒྱད་ན་འབབ། རེངས་པར་གྱུར་པའི་རྩམ་ཁུག་ཤུགས་ཀྱིས་ལེབ་མོར་བལྟབས་ནས་རུམ་ཏུ་བཅུག་པ་དང་ལུས་པོ་ལྷག་པར་ཇེ་འཁྱག་ཏུ་སོང་། ཁ་བ་ཆེན་པོས་གནམ་ས་གཉིས་ཀ་གཅིག་ཏུ་སྦྲེལ་བས་མིག་ཟུང་ཡང་འབྱེད་དཀའ་བར་གྱུར། ངས་ལག་པས་མིག་གཉིས་འཕུར་གྱིན་ཧྲུག་ཧྲུག་གི་གོམ་སྒྲ་ལ་ཉན་བཞིན་མདུན་དུ་སོང་། ཁ་བ་འབབ་དུས་ཀྱི་ཕ་ཡུལ་ནི་གནམ་ཐང་དུས་ཀྱི་ཕ་ཡུལ་ལས་ལྷག་པར་ཐག་རིང་བའི་སྣང་བ་ཞིག་ང་ལ་བྱུང་། ཁ་བ་ཇེ་མཐུག་ནས་ཇེ་མཐུག་ཏུ་སོང་བས་ད་ནི་ངའི་པུས་མོའི་མན་ཆད་རློན་པར་སོང་ལ། བདེ་མོ་ཐང་ནི་མིན་པའི་འབར་འབུར་ཆེ་བའི་རི་ནས་ཡང་ཡང་ཤུད་དེ་ཐང་ལ་བརྡབས་པས། རྗེ་ངར་དང་པུས་མོ་ཨོང་རྐུབ་ཚང་མ་རློན་པར་བཏང་། འཁྱར་རེ་འཁྱོར་རེར་སོང་སོང་བས་ལུས་པོ་ན་ཞིང་རྐང་བ་ཤིན་ཏུ་འཁྱགས། ལན་རེར་བཤད་མི་ཤེས་པའི་ངུ་བྲོ་བ་ཞིག་ཀྱང་འོང་། ངས་ཁ་བ་མཐུག་པ་དང་རྐང་ཐང་ཡིན་པ་ལ་འཁང་ར་བྱེད་བཞིན་གོམ་པ་མདུན་ལ་སྤོས།

དེ་ལྟར་སོང་ནས་རིང་པོ་མ་ཕྱིན་པར། རྒྱབ་ཕྱོགས་ནས་རྟ་ནག་པོར་ཞོན་པ་སློག་པ་སྐྱ་བོ་གྱོན་པའི་སྐྱ་མི་ཞིག་འོང་གིན་པ་མཐོང་། ཁོས་མགོ་བོ་སློག་པའི་གོང་བའི་ནང་ལ་འཛུལ་ཏེ་གྲང་ངར་འགོག་ཅི་ཐུབ་བྱེད་ཀྱིན་ཡོད་སྟབས། ཐག་ཉེ་སར་སླེབས་རྗེས་མ་གཏོགས། ཁོ་སུ་ཡིན་ཤེས་མ་བྱུང་། འོ་ཨ་ཁུ་དེ་རེད། ངས་རིག་མྱོང་། ཁོ་དང་ངའི་ཨ་ཕའི་བར་ད་དུང་གཏམ་རྒྱུད་ཅིག་ཡོད། ངའི་གམ་དུ་འབྱོར་བ་དང་རྟ་ཁ་བསྒགས་ཏེ་འགྲོ་མཚམས་བཞག ཁོའི་བཞོན་རྟའི་སྣ་ཁུང་གཉིས་ནས་རླངས་པ་དཀར་འཚུབ་འཚུབ་བྱེད་ཅིང་སྲབ་མདའི་སྣེ་མོ་གཉིས་ལ་ཆབ་རོམ་ཅུང་ཟད་རེ་ཆགས་འདུག“ཨ་རོག ཞི་ལི། ཡུལ་ལ་འགྲོ་གིན་ཡོད་དམ”ཟེར། ངས།“འོ་ལེ།”ཞེས་པ་ལས་ཚིག་གཞན་མ་ཁྲོལ།“ཡ་ད་ངས་ཁྱོད་རྟའི་འཕོངས་ལ་ལེན། གནམ་རྒན་མས་ད་རུང་འབབ་མཚམས་འཇོག་རྒྱུ་མ་རེད། ཁ་བ་ཡང་མཐུག་གི ཡུལ་ཡང་ད་རུང་ཐག་རིང་གི”ཟེར་བ་གོ་མ་ཐག ང་ལ་སྨྲ་མི་ཤེས་པའི་དགའ་སྣང་ཞིག་སྐྱེས། གངས་ཐང་སྐྱ་མོ་འདི་ནས་མི་ཞིག་གིས་རྟའི་འཕོངས་ལ་འཛིན་པ་ཞེ་ལའང་མ་ཤར། གྲང་ནས་གཟེར་རྒྱག་པའི་རྐང་བའི་མཛུབ་མོ་དག་སྦྲིད་ལ་ཉེ་བས་ཡར་མར་ལ་འདང་རྒྱག་ཁོམ་ཡང་མ་བྱུང་། ངས་ལག་གཡོན་པས་ཨ་ཁུའི་ཕུ་རུང་ལ་འཇུས། རྐང་གཡོན་པ་ཨ་ཁུའི་བོལ་གོང་ལ་སྤོས་ཏེ་རྟའི་འཕོངས་ལ་བཞོན།

ཨ་ཁུ་ཁོ་ཡིན་པ་རུ་སྐོར་གོང་མ་ནས་ཡིན་ལ། ང་ནི་རུ་འགབ་མའི་ཨ་ཕ་གྲགས་བྷེ་ཚང་གི་མ་རབས་གྲགས་ཅན་དེ་ཡིན་པ་ཁོས་ཕལ་ཆེར་ངོ་ཤེས་ཀྱི་རེད། གཞན་ལས་གོ་བ་ལྟར་ན། ཁོ་དང་ངའི་ཨ་ཕའི་བར་རྩོད་རྒྱུ་ཞིག་ཡོད་ལ། ཕན་ཚུན་དགྲར་བཟུང་ནས་ཁ་ཡང་མ་གྲགས་པར་ཡུན་རིང་སོང་ཡོད། གཏམ་དེ་དག་ངས་ཕྱི་ནས་གོ་བ་ལས་ཁྱིམ་ན་འདིའི་སྐོར་གླེང་མཁན་མེད། དོན་དུ་རྩོད་རྙོག་ཅི་ཞིག་བྱུང་མིན་ངས་མི་ཤེས། གང་ལྟར་ཁོ་གཉིས་དགྲ་བོ་ཡིན་ཁོ་ཐག་རེད། རྒྱུ་མཚན་དེའི་རྐྱེན་གྱིས། ད་ཅི་ཁོ་ངའི་ཉེ་སར་བཅར་ཡང་། ཨ་ཕ་ཁོ་གཉིས་ཀྱི་དོན་དག་དེ་དྲན་པས། ཁོས་ཁ་མ་གྲགས་གོང་ལ། ངས་ཀྱང་ཕར་འཚམས་འདྲི་མ་བཏང་།

ཁ་བ་སྔར་ལས་ཀྱང་ཇེ་ཆེར་སོང་། ཨ་ཁུས་རྟ་ཁ་འཐེན་ཙམ་བྱས་ཏེ་ཁ་ནས་ཁྱོ་ཁྱོ་ཟེར་བཞིན་ངེད་གཉིས་མདུན་དུ་སྐྱོད། ངས་མགོ་ཡར་ལ་དགྱེ་ནས་ལྟ་དུས། ཨ་ཁུའི་སློག་པའི་སྟོད་དུ་ཁ་བ་མཐུག་པོ་ཆགས་པའི་སྟེང་ད་རུང་ཁ་བ་འབབ་ཀྱིན་འདུག ལམ་རིང་མོར་འགྲོ་བཞིན་ཡོད་ན་ཡང་ངེད་གཉིས་ལ་སྐད་ཆ་མ་བྱུང་། ངའི་སེམས་སུ་ཨ་ཕ་ཁོ་གཉིས་ལ་འཁོན་འཛིན་དེ་འདྲ་འབྱུང་དགོས་དོན་ཅི་ཡིན་ནམ་དྲན་ཞིང་། ལག་གཉིས་ཀྱིས་ཨ་ཁུར་དམ་པོར་འབྱར་འབྱར་ནས་ཡུན་གྱིས་ངའི་ལུས་ལ་དྲོད་རྒྱས་ཏེ་གཉིད་ལྕོག་ཀྱང་ཐེངས་འགའ་བརྒྱབ། མཚམས་ཤིག་ཨེན་ཙམ་གྱིས་རྟའི་འཕོངས་ནས་ཐང་ལ་ལྷུང་། ཨ་ཁ་ཁ།

སོང་སོང་བའི་མཐར་ངེད་ཚང་གི་རུ་བ་རིག་མི་རིག་གི་མཚམས་ལ་སླེབས། ཁ་བ་སྔར་ལྟར་འབབ་ཀྱིན་འདུག ལམ་ཁ་དེ་ནས་རྐང་ཐང་ལ་སོང་ན་ད་རུང་ལམ་ཐག་ཅུང་ཙམ་ཡོད། ངའི་ཕ་ཁྱིམ་སྨུག་པོ་རྫ་ཕ་གིའི་འདབས་ན་ཡོད་པས་ལམ་ཆེ་བ་དེ་ནས་ལམ་ཕྲན་ཞིག་ལ་ཁ་དཀྱོག་དགོས། འོན་ཀྱང་མཚམས་དེར། ཨ་ཁུས་ངེད་ཚང་གི་རུ་བ་ལ་རྒྱང་ལྟ་ཞིག་བྱས་རྗེས། དེའི་ཕྱོགས་ལ་མ་སོང་བར་རྟ་ཁ་འཐེན།“ད་ཁྱོད་ཡུལ་དང་ཐག་ཉེ་སར་ཐོན་ཡོད། ངས་སྐྱེལ་མི་དགོས”ཞེས་ངག་འཇམ་པོས་བཤད། ང་རྟའི་གོང་ནས་དལ་གྱིས་མར་བབས་པ་ན། ཁོ་རྟ་ལ་བཞོན་ནས་ཕྱི་མིག་ཙམ་ཡང་མི་བལྟ་བར་ཕྱིན་སོང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号