ཤུལ་འཛིན་བྱེད་དབང་དོར་རྗེས་བློ་འགྱོད་སྐྱེ་ན་ཇི་ལྟར་བྱ།

གྱོད་དཔེ།

ཨ་ཁུ་འབུམ་རྒྱལ་དང་ཨ་ནེ་མཚོ་མོ་གཉིས་བཟའ་ཟླ་ཡིན་ལ། ཁོ་གཉིས་ལ་བུ་གཉིས་ཡོད་པའི་མིང་ལ་སོ་སོར་ཚེ་རྒྱལ་དང་གཅོད་པ་ཟེར། ཁོ་གཉིས་ཀྱི་ལུས་ཕུང་མ་གཞི་ནས་བཟང་རྒྱུ་མེད་པའི་ཁར་ནད་གཞི་ལྕི་མོ་ཞིག་གིས་གཙེས་ཏེ། ཨ་ཁུ་འབུམ་རྒྱལ་དང་ཨ་ནེ་མཚོ་མོ་གཉིས་སྔ་གཞུག་ཏུ་ཚེ་ལས་འདས། ཁོ་བཟའ་ཟླ་གཉིས་འཚོ་བཞུགས་སྐབས་སུ། ཚེ་རྒྱལ་གྱིས《ཤུལ་ནོར་འདོར་བའི་གསལ་བསྒྲགས》ཅིག་གི་སྟེང་མིང་རྟགས་བཀོད། གསལ་བསྒྲགས་དེའི་ནང་དུ“ཚེ་རྒྱལ་གྱིས་ཕྱི་ལོགས་སུ་ལས་ཀ་གཉེར་བཞིན་ཡོད་པས། ཕ་མ་གཉིས་ཀར་སྲི་ཞུ་སྒྲུབ་པའི་འོས་འགན་གཅོད་པ་གཅིག་པུས་འཁུར་རྒྱུ་དང་། ཆབས་ཅིག་ཕ་མ་གཉིས་ཚེ་ལས་འདས་རྗེས། ཚེ་རྒྱལ་གྱིས་ཕ་མའི་ཤུལ་ནོར་རྒྱུན་འཛིན་བྱེད་དབང་འདོར་རྒྱུ་དང་། ཤུལ་ནོར་ཡོངས་རྫོགས་གཅོད་པ་གཅིག་པུས་རྒྱུན་འཛིན་བྱ་རྒྱུ། ཕ་མ་གཉིས་འཚོ་བཞུགས་སྐབས་ཀྱི་སྲི་ཞུ་དང་སྨན་བཅོས་འགན་སྲུང་དང་འདས་ཆོས་བཅའ་བ་སོགས་ཀྱི་འབྲེལ་ཡོད་བྱ་བ་ཡོངས་རྫོགས་གཅོད་པ་གཅིག་པུས་འགན་འཁུར་རྒྱུ”ཞེས་གསལ་པོར་བཀོད་ཡོད། ཕ་མ་གཉིས་ཚེ་ལས་འདས་པའི་ཉིན་གཉིས་པར། ཚེ་རྒྱལ་དང་གཅོད་པ་སྤུན་མཆེད་གཉིས་མཉམ་དུ་སྤྱི་དཔང་ཁྲུའུ་རུ་རྒྱུན་འཛིན་བྱེད་དབང་འདོར་བའི་སྤྱི་དཔང་རེ་ཞུའི་འགྲོ་ལུགས་བསྒྲུབ་པར་སོང་སྟེ། ཁོ་གཉིས་ཀྱིས་རེ་འདུན་ཞུ་ཡིག་སྟེང་མིང་རྟགས་བཀོད། ཡིན་ཡང་སྐབས་ཐོག་དེར་གཉེན་ཉེའི་འབྲེལ་བ་བདེན་དཔང་བྱེད་ཐུབ་པའི་ཡིག་ཆ་ཞིག་ཆད་པས། ཉིན་དེར་སྤྱི་དཔང་འགྲོ་ལུགས་ཡོངས་སུ་སྒྲུབ་མ་ཚར། དུས་ཡུན་ཟླ་ངོ་གཅིག་ཙམ་འགོར་རྗེས། ཚེ་རྒྱལ་བློ་འགྱོད་སྐྱེ་ནས་སྤྱི་དཔང་བྱེད་མཚམས་འཇོག་རྒྱུ་ཐག་བཅད་པ་དང་། རང་གིས་ཀྱང་ཤུལ་ནོར་རྒྱུན་འཛིན་བྱེད་འདོད་བསྟན།




གྱོད་དོན་དབྱེ་ཞིབ།

ཚེ་རྒྱལ་གྱིས་ཤུལ་འཛིན་བྱེད་དབང་འདོར་བའི་གསལ་བསྒྲགས་སྟེང་མིང་རྟགས་བཀོད་རྗེས་བློ་འགྱོད་སྐྱེ་ཆོག་གམ། ཤུལ་འཛིན་བྱ་ཡུལ་ཚེ་ལས་འདས་རྗེས། ཤུལ་འཛིན་མཁན་གྱིས་ཤུལ་ནོར་བགོ་བཤའ་མ་བརྒྱབ་སྔོན་ལ་ཉིད་ཀྱི་ཤུལ་འཛིན་དབང་ཆ་དོར་ཆོག འདི་ནི་ཤུལ་འཛིན་མཁན་ཕྱོགས་གཅིག་པུས་ཤུལ་འཛིན་འདོར་བའི་བཅའ་ཁྲིམས་བྱ་སྤྱོད་ཡིན། 《དམངས་དོན་ཁྲིམས་གཞུང》གི་དོན་ཚན1124པ་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཤུལ་འཛིན་བཅའ་ཁྲིམས〉ལག་ལེན་དུ་བསྟར་བའི་གནད་དོན་འགའི་སྐོར་གྱི་བསམ་འཆར》གྱི་དོན་ཚན47པའི་གཏན་འབེབས་ལྟར་ན། ཤུལ་འཛིན་འདོར་བ་དེར་དུས་ཚོད་དང་རྣམ་པའི་ཐད་ཀྱི་ཚོད་འཛིན་ཐེབས་པ་ཡིན། དུས་ཚོད་ཀྱི་ངོས་ཐད་ནས་བལྟས་ན། ཤུལ་འཛིན་འདོར་བ་དེ་ཤུལ་འཛིན་བྱེད་མགོ་བརྩམས་རྗེས་དང་། ཤུལ་ནོར་ཐག་གཅོད་མ་བྱས་སྔོན་ལ་འདོན་དགོས། ཤུལ་འཛིན་བྱེད་མགོ་བརྩམས་པའི་དུས་ཚོད་ནི་ཤུལ་འཛིན་བྱ་ཡུལ་ཚེ་ལས་འདས་པའི་དུས་ནས་བཟུང་མགོ་བརྩམས་པ་ཡིན། གྱོད་དོན་འདིའི་ནང་དུ། ཚེ་རྒྱལ་གྱིས་ཕ་མ་གཉིས་འཚོ་བཞུགས་སྐབས་སུ《ཤུལ་ནོར་འདོར་བའི་གསལ་བསྒྲགས》སྟེང་མིང་རྟགས་བཀོད་ཡོད་མོད། འོན་ཀྱང་སྐབས་དེར་ཨ་ཁུ་འབུམ་རྒྱལ་དང་ཨ་ནེ་མཚོ་མོ་གཉིས་ཀ་ཚེ་ཐོག་འདིར་ཡོད་པས། ཤུལ་འཛིན་བྱེད་མགོ་བརྩམས་མེད། དེའི་ཕྱིར་ཁྲིམས་ཁང་གིས་གསལ་བསྒྲགས་དེས་ཤུལ་འཛིན་དབང་ཆ་དོར་བའི་སྣང་ཚུལ་གྲུབ་མེད་པར། དེ་ནི་རྗེས་ཕྱོགས་ཕ་མར་སྲི་ཞུ་སྒྲུབ་པའི་ཐད་ཀྱི་བཀོད་སྒྲིག་ཅིག་ཡིན་པར་ངོས་བཟུང་། ཚེ་རྒྱལ་གྱིས་སྤྱི་དཔང་ཁྲུའུ་ནས་བསྒྲུབས་པའི་ཤུལ་འཛིན་དབང་ཆ་འདོར་བའི་རེ་ཞུ་དེས་ཤུལ་འཛིན་དབང་ཆ་དོར་བའི་ནུས་པ་ཐོན་ཡོད་དམ་ཞེ་ན། ཤུལ་འཛིན་དབང་ཆ་འདོར་བའི་སྤྱི་དཔང་ཡི་གེ་ལ་མི་འདང་ས་ཡོད་པར་མ་ཟད་ཡོངས་སུ་གྲུབ་མེད་ན་ཡང་། ཟུར་དུ་མིང་རྟགས་བཀོད་ཡོད་པའི་རེ་འདུན་ཞུ་ཡིག་དེས་ཀྱང་དོ་བདག་གིས་ཤུལ་འཛིན་དབང་ཆ་དོར་བའི་འདོད་བློ་བསྟན་ཡོད་པ་བདེན་དཔང་བྱེད་ཐུབ། དེའི་ཕྱིར་ཤུལ་འཛིན་དབང་ཆ་དོར་བའི་འདོད་བློའི་བསྟན་དོན་ནུས་ལྡན་དུ་ངོས་བཟུང་ཆོག དེར་བརྟེན་གྱོད་དོན་འདི་ནི་སྤྱི་དཔང་སུའོ་རུ་བསྒྲུབས་པའི་ཤུལ་འཛིན་དབང་ཆ་འདོར་བའི་རེ་ཞུ་ལྟར་ཤུལ་འཛིན་དབང་ཆ་དོར་བ་ནུས་ལྡན་དུ་རྩི་བ་ཡིན།

ཚེ་རྒྱལ་གྱིས་དོན་དག་བྱུང་རྗེས་ཤུལ་འཛིན་དབང་ཆ་དོར་བར་བློ་འགྱོད་སྐྱེ་ན་བཅའ་ཁྲིམས་ཀྱིས་ཁས་ལེན་མིན་དེ་ནི་ཤུལ་འཛིན་བྱེད་དབང་དོར་བའི་འདོད་བློའི་བསྟན་དོན་ཕྱིར་འཐེན་བྱེད་པའི་གནད་དོན་དང་འབྲེལ་ཡོད། རང་རྒྱལ་གྱི་བཅའ་ཁྲིམས་ཀྱིས་ཤུལ་འཛིན་དོར་བའི་བསྟན་དོན་ཕྱིར་འཐེན་བྱེད་པར་ཅུང་གཟབ་ནན་གྱི་ལྟ་སྟངས་བཟུང་ཡོད་དེ། ཤུལ་ནོར་བགོ་བཤའ་བརྒྱབ་ཚར་རྗེས་ཕྱིར་འཐེན་བྱེད་མི་རུང་། ཤུལ་ནོར་བགོ་བཤའ་མ་བརྒྱབ་སྔོན་ལ། ཁྲིམས་ཁང་གིས་དོ་བདག་གིས་བཏོན་པའི་རྒྱུ་རྐྱེན་ལ་གཞིགས་ཏེ་ཕྱིར་འཐེན་བྱེད་རུང་མིན་ཐག་གིས་གཅོད་དགོས། གྱོད་དོན་འདིའི་དཔྱད་མཚམས་ནི་ཤུལ་འཛིན་མཁན་གཞན་པའི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པའི་རྨང་གཞིའི་སྟེང་བྱུང་བ་ཡིན་ཏེ། བཅའ་ཁྲིམས་ཀྱི་འབྲེལ་བའི་གཟབ་ནན་རང་བཞིན་དང་བརྟན་བརླིང་རང་བཞིན་ལ་སྲུང་སྐྱོང་བྱེད་པ་དང་། དབང་ཆ་དོར་བའི་ཕྱོགས་གཅིག་གི་བཅའ་ཁྲིམས་བྱ་སྤྱོད་ཀྱི་ངོ་བོ་བཅས་ལ་གཞིགས་ཏེ། མཇུག་མཐར་ཚེ་རྒྱལ་བློ་འགྱོད་སྐྱེ་བར་ངོས་ལེན་མ་བྱས། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号