སྒོར་མོ་བསྐུར་ནོར་བྱུང་ཚེ་ཕྱིར་ལེན་ཐུབ་བམ།
གྱོད་དཔེ།
ཐེངས་ཤིག་ལ། ཀུང་སིAཡིས་ཀུང་སིBལ་ཚོང་ཟོག་གི་མ་དངུལ་སྐུར་སྐབས། ཀུང་སིBདང་ཀུང་སིCགཉིས་ཀྱི་མིང་ཡིག་ལ་ཡིག་འབྲུ་གཅིག་ཙམ་གྱི་ཁྱད་པར་ལས་མེད་པ་དང་། ཀུང་སིCདང་ཀུང་སིAགཉིས་ཀྱི་བར་སྔོན་ཆད་ལས་སྒོ་ཐད་ཀྱི་འབྲེལ་འདྲིས་ཡོད་མྱོང་བས། ཀུང་སིAལ་དེ་གའི་དངུལ་ཁང་གི་རྩིས་ཚན་ཡོད་པར་བརྟེན། ཀུང་སིAཡི་ནོར་དོན་མི་སྣས་མཉམ་མ་བཞག་པར་ཚོང་ཟོག་མ་དངུལ་སྒོར་ཁྲི100ཀུང་སིCཡི་དངུལ་ཁང་གི་རྩིས་ཚན་ནང་བསྐུར། རྒྱུས་ལོན་པ་ལྟར་ན། ཀུང་སིAདང་ཀུང་སིCགཉིས་ཀྱི་བར་སྔོན་ཆད་ལས་སྒོའི་འབྲེལ་བ་ཡོད་མྱོང་ཡང་། སྐབས་ཐོག་འདིར་དེ་གཉིས་བར་དུ་བུན་བདག་དང་བུན་འགན་གྱི་འབྲེལ་བ་མེད། ཡང་གཅིག་བཤད་ན། ཀུང་སིCལ་སྒོར་མོ་དེ་ཐོབ་པར་བཅའ་ཁྲིམས་ཀྱི་གཞི་འཛིན་ས་གཅིག་ཀྱང་མེད། དེར་བརྟེན། ཀུང་སིAཡི་སྦྱིན་བདག་གིས་འཕྲལ་མར་ཀུང་སིCཡི་སྦྱིན་བདག་ལ་འབྲེལ་གཏུག་བྱས་ཏེ། ཀུང་སིCཡིས་སྒོར་ཁྲི100པོ་དེ་མགྱོགས་པོར་ཀུང་སིAལ་ཕྱིར་བསློག་པའི་རེ་བ་ཞུས། ཀུང་སིCཡི་སྦྱིན་བདག་སྒོར་མོ་དེ་ཕྱིར་སྟེར་རྒྱུར་འཐད་པ་བྱུང་མོད། ཡིན་ནའང་། དུས་ཡུན་ངེས་ཅན་ཞིག་འགོར་རྗེས་ཀུང་སིCཡིས་སྒོར་མོ་དེ་སྔར་བཞིན་ཀུང་སིAལ་མ་བསྐུར། གནས་ཚུལ་དེ་འདྲའི་འོག ཀུང་སིAཡིས་ཀུང་སིCཁྲིམས་ཁང་ལ་ཞུ་གཏུག་བྱས་ནས་དེ་གའི་སྒོར་ཁྲི100པོ་དེ་ཕྱིར་བསློག་པའི་རེ་བ་བཏོན།
གྱོད་དོན་དབྱེ་ཞིབ།
སྒོར་མོ་བསྐུར་ནོར་བྱུང་བ་ནི་ཉིན་རྒྱུན་འཚོ་བའི་ཁྲོད་རྒྱུན་མཐོང་དུ་གྱུར་བའི་གནས་ཚུལ་ཞིག་རེད། གནས་ཚུལ་འདི་འདྲའི་འོག སྒོར་མོ་ཕྱིར་ལེན་ཐུབ་མིན་དེ་ནི་དམངས་དོན་ཁྲིམས་གཞུང་ལས་ཚུལ་མིན་ཁེ་སྤོགས་ཀྱི་གནད་དོན་དང་འབྲེལ་ཡོད་དེ། 《དམངས་དོན་ཁྲིམས་གཞུང》གི་དོན་ཚན985པའི་གཏན་འབེབས་ལྟར་ན། ཚུལ་མིན་ཁེ་སྤོགས་ཞེས་པ་ནི་ཁེ་སྤོགས་ཐོབ་མཁན་ལ་བཅའ་ཁྲིམས་ཀྱི་གཞི་འཛིན་ས་མེད་པའི་གནས་ཚུལ་འོག་ཚུལ་དང་མི་མཐུན་པའི་ཁེ་སྤོགས་ཐོབ་པའི་རྐྱེན་གྱིས། མི་གཞན་གྱི་ཁེ་ཕན་ལ་གྱོང་གུན་བཟོས་པའི་དོན་དངོས་ལ་བྱ། གྱོང་གུན་ཐེབས་མཁན་གྱིས་ཚུལ་མིན་ཁེ་སྤོགས་ཐོབ་མཁན་ལ་ཚུལ་མིན་གྱི་ཁེ་སྤོགས་ཕྱིར་བསློག་པའི་རེ་བ་བཏོན་ཆོག གྱོད་དོན་འདིའི་ནང་དུ། ཀུང་སིCལ་ཁེ་བཟང་ཐོབ་པ་དང་། ཀུང་སིAལ་གྱོང་གུན་རེག ཀུང་སིAལ་གྱོང་གུན་རེག་པ་དང་ཀུང་སིCལ་ཁེ་བཟང་ཐོབ་པའི་བར་རྒྱུ་དང་འབྲས་བུའི་འབྲེལ་བ་ཆགས་ཡོད་ཅིང་། ཀུང་སིAདང་ཀུང་སིCགཉིས་ཀྱི་བར་དུ་བུན་བདག་དང་བུན་འགན་གྱི་འབྲེལ་བ་ཡང་མེད་པས། ཀུང་སིCལ་སྒོར་ཁྲི100ཐོབ་པ་དེར་བཅའ་ཁྲིམས་ཀྱི་གཞི་འཛིན་ས་གང་ཡང་མེད། དེ་ལྟ་ན། ཀུང་སིCལ་སྒོར་ཁྲི100ཐོབ་པ་དེ་ཚུལ་མིན་ཁེ་སྤོགས་ཀྱི་གྲས་སུ་གཏོགས། 《དམངས་དོན་ཁྲིམས་གཞུང》གི་དོན་ཚན986པའི་ནང་གཏན་འབེབས་བྱས་དོན། ཁེ་སྤོགས་ཐོབ་མཁན་གྱིས་ཉིད་ལ་ཐོབ་པའི་ཁེ་སྤོགས་ལ་བཅའ་ཁྲིམས་ཀྱི་གཞི་འཛིན་ས་མེད་པ་མི་ཤེས་པ་དང་ཤེས་མི་འོས་པའི་གནས་ཚུལ་འོག ཐོབ་པའི་ཁེ་སྤོགས་དེ་མེད་པར་གྱུར་རྗེས། ཁེ་སྤོགས་དེ་ཕྱིར་བསློག་པའི་འོས་འགན་འཁུར་མི་དགོས། འདི་ལ་བལྟས་ཡོང་ན། གྱོད་དོན་འདིའི་ནང་དུ། ཀུང་སིCཡི་གནས་ཚུལ་ཆ་རྐྱེན་འདི་དང་མི་མཐུན་པ་མངོན་གསལ་རེད། དེའི་རྒྱུ་མཚན་ནི་ཀུང་སིAཡིས་སྒོར་མོ་བསྐུར་ནོར་བྱུང་རྗེས། ཀུང་སིAཡི་སྦྱིན་བདག་གིས་དེ་མ་ཐག་ཀུང་སིCཡི་སྦྱིན་བདག་ལ་འབྲེལ་གཏུག་བྱས་ནས། ཀུང་སིCཡིས་སྒོར་མོ་དེ་ཕྱིར་ཀུང་སིAལ་བསློག་པའི་རེ་བ་ཞུས་པར་མ་ཟད། ཕ་རོལ་བས་ཕྱིར་བསློག་རྒྱུར་འཐད་པ་ཡིན་ཚུལ་གསལ་པོར་བསྟན། དེའི་ཕྱིར། ཀུང་སིCཡིས་ཚུལ་མིན་གྱི་ཁེ་སྤོགས་སྒོར་ཁྲི100པོ་དེ་ཕྱིར་བསློག་ན་འགྲིག །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注