ནུས་མེད་གཉེན་སྒྲིག་དེ་ནུས་ལྡན་དུ་གཏོང་ཐུབ་བམ།
—ནུས་མེད་གཉེན་སྒྲིག་གི་ཁ་སྐོང་སྐོར་གླེང་བ།
གྱོད་དཔེ།
འབྲུག་སྐྱིད་དང་སྒྲོལ་འབུམ་གཉིས་ནི་གཉེན་དོན་ཐོ་འགོད་བྱས་ཡོད་པའི་ཁྲིམས་མཐུན་གྱི་བཟའ་ཚང་ཡིན་ལ། ཁོ་གཉིས་ལ་བུ་ཞིག་སྐྱེས་ཡོད། སྤྱི་ལོ2000ལོའི་སྔ་གཞུག་ཏུ། ཁོ་གཉིས་བར་ལ་རྒྱུན་པར་ཁ་རྩོད་བྱུང་སྟེ་འགལ་བ་རྙོག་འཛིང་དུ་གྱུར་པས། ཆུང་མ་འབྲུག་སྐྱིད་ཁྱིམ་དང་ཁ་བྲལ། 2004ལོའི་ལོ་སྟོད་དུ། མི་གཞན་གྱིས་མཚམས་སྦྱོར་བྱས་པ་བརྒྱུད་དེ་ཟི་ལིང་དུ་ཞོར་ལས་གཉེར་བཞིན་པའི་འབྲུག་སྐྱིད་ཀྱིས་ཚེ་སྐྱབས་ངོ་ཤེས་པ་དང་། དེའི་རྗེས་སུ། འབྲུག་སྐྱིད་དང་ཚེ་སྐྱབས་གཉིས་མཉམ་དུ་བསྡད། མཉམ་དུ་བསྡད་དེ་དུས་ཚོད་ངེས་ཅན་ཞིག་འགོར་རྗེས། འབྲུག་སྐྱིད་ཀྱིས་ཚེ་སྐྱབས་དང་མཉམ་དུ་གཉེན་སྒྲིག་ཐོ་འགོད་ལས་ཁུངས་ནས་ཡང་བསྐྱར་གཉེན་སྒྲིག་ཐོ་འགོད་བྱས་པར་མ་ཟད། གཉེན་སྒྲིག་དཔང་ཡིག་བླངས། འབྲུག་སྐྱིད་དང་ཚེ་སྐྱབས་གཉིས་མཉམ་དུ་བསྡད་པའི་དུས་ཡུན་ནང་རྒྱུན་པར་ཁྱིམ་དོན་ཙག་ཙིག་གི་དོན་དུ་ཁ་རྩོད་བྱུང་། 2011ལོའི་ཧོར་ཟླ་དང་པོའི་ཚེས་གཉིས་ཉིན་གྱི་དགོང་མོར། འབྲུག་སྐྱིད་ཚེ་སྐྱབས་དང་ཁ་བྲལ་ཏེ་ཕ་ཡུལ་དུ་ལོག དེའི་རྗེས་སུ་འབྲུག་སྐྱིད་ལ་གཉེན་བརྩེགས་སྒྲིག་གི་ནག་ཉེས་བསགས་པའི་དོགས་པ་ཡོད་པས་ཉེན་རྟོག་ལས་ཁུངས་ཀྱིས་འཛིན་བཟུང་བྱས།
2014ལོའི་ཟླ3པའི་ཚེས13ཉིན། མི་དམངས་ཁྲིམས་ཁང་གིས་འབྲུག་སྐྱིད་ལ་གཉེན་བརྩེགས་སྒྲིག་གི་ནག་ཉེས་བསགས་པས་དུས་ཡུན་ཟླ་ངོ་བརྒྱད་རིང་གི་དུས་བཀག་བཙོན་འཇུག་བྱེད་པའི་ཁྲིམས་ཐག་བཅད། ཁྲིམས་ཆད་འཁུར་བའི་དུས་ཡུན་ལོངས་རྗེས་འབྲུག་སྐྱིད་ཕྱིར་ཕ་ཡུལ་དུ་ལོག་སྟེ་འཚོ་བ་རོལ། 2014ལོའི་ཟླ6པའི་ཚེས25ཉིན། མི་དམངས་ཁྲིམས་ཁང་གིས་མཐུན་སྦྱོར་བྱས་པ་བརྒྱུད་འབྲུག་སྐྱིད་དང་སྒྲོལ་འབུམ་གཉིས་གཉེན་འཐོར་བྱས།2017ལོའི་ཟླ11པའི་ཚེས8ཉིན། འབྲུག་སྐྱིད་ཀྱིས་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཏེ། ཁྲིམས་ཁང་གིས་མོ་དང་ཚེ་སྐྱབས་བར་གྱི་གཉེན་སྒྲིག་གི་འབྲེལ་བ་ནུས་མེད་ཡིན་པ་ཁྱབ་སྒྲོག་བྱེད་པའི་རེ་འདུན་ཞུས།
གྱོད་དོན་དབྱེ་ཞིབ།
འབྲུག་སྐྱིད་དང་ཁྱོ་ག་ཟུར་པ་སྒྲོལ་འབུམ་གཉིས་གཉེན་འཐོར་ཟིན་པའི་སྔོན་འགྲོའི་འོག འབྲུག་སྐྱིད་ཀྱིས་ཡང་བསྐྱར་ཁྲིམས་ཁང་ལ་མོ་དང་ཚེ་སྐྱབས་གཉིས་ཀྱི་གཉེན་སྒྲིག་གི་འབྲེལ་བ་ནུས་མེད་ཡིན་པ་ཁྱབ་སྒྲོག་བྱེད་པའི་རེ་འདུན་ཞུས་ཆོག་གམ། འདི་དམངས་ཁྲིམས་ཁྲོད་ཀྱི“ནུས་མེད་གཉེན་སྒྲིག་གི་ཁ་སྐོང”གི་གནད་དོན་དང་འབྲེལ་ཡོད་དེ། ནུས་མེད་གཉེན་སྒྲིག་གི་ཁ་སྐོང་ཞེས་པ་ནི་གཉེན་འབྲེལ་དེ་ཁྲིམས་འགལ་ཡིན་པ་ཆ་རྐྱེན་དུ་བྱས་པ་ཞིག་ཡིན། གལ་ཏེ་ཁྲིམས་འགལ་མིན་ན། གཉེན་སྒྲིག་ནུས་མེད་ཀྱི་རྒྱུ་རྐྱེན་ཡང་མེད་པར་འགྱུར་བ་ཡིན་པས། ཡང་བསྐྱར་གཉེན་སྒྲིག་ནུས་མེད་ཡིན་པ་ཁྱབ་སྒྲོག་བྱེད་མི་རུང་སྟེ། ཡང་གཅིག་བཤད་ན་ནུས་མེད་ཀྱི་རྒྱུ་རྐྱེན་ཁ་སྐོང་བྱས་ཟིན་པར་གོ་བ་ཡིན། རང་རྒྱལ་གྱི《ཆེས་མཐོའི་མི་དམངས་ཁྲིམས་ཁང་གི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཉེན་འབྲེལ་བཅའ་ཁྲིམས〉སྤྱོད་འཚམ་པའི་གནད་དོན་འགའི་སྐོར་གྱི་འགྲེལ་བཤད(གཅིག)》ཀྱི་དོན་ཚན8པར་གཏན་འབེབས་བྱས་དོན། དོ་བདག་གིས《གཉེན་འབྲེལ་བཅའ་ཁྲིམས》ཀྱི་དོན་ཚན10པའི་གཏན་འབེབས་གཞིར་བཟུང་སྟེ་མི་དམངས་ཁྲིམས་ཁང་ལ་གཉེན་འབྲེལ་ནུས་མེད་ཡིན་པ་ཁྱབ་སྒྲོག་བྱེད་དགོས་པའི་རེ་འདུན་ཞུ་བར། རེ་འདུན་ཞུ་སྐབས། ཁྲིམས་བཀོད་ཀྱི་ནུས་མེད་གཉེན་འབྲེལ་གྱི་སྣང་ཚུལ་མེད་པར་གྱུར་བ་ཡིན་ན། མི་དམངས་ཁྲིམས་ཁང་གིས་རྒྱབ་སྐྱོར་བྱེད་མི་སྲིད། དེ་ལྟར་ན་འབྲུག་སྐྱིད་དང་སྒྲོལ་འབུམ་གཉིས་གཉེན་འཐོར་བ་དེ་འདིར་བཤད་པའི་ནུས་མེད་ཀྱི་རྒྱུ་རྐྱེན་མེད་པར་གྱུར་བར་རྩིའམ་ཞེ་ན། གོང་དུ་བརྗོད་པའི་ཁྲིམས་ཚན་གྱིས་གཉེན་བརྩེགས་སྒྲིག་གི་སྣང་ཚུལ་དེའི་ཁོངས་སུ་མི་ཚུད་པར་བརྗོད་མེད་ལ། དེའི་སྐོར་ལ་དམིགས་སུ་ཕུད་དགོས་མིན་དང་དམིགས་བསལ་གྱི་གཏན་འབེབས་ཀྱང་བཏོན་མེད་པས། ཁྲིམས་བཀོད་ཀྱི་ནུས་མེད་གཉེན་སྒྲིག་གི་སྣང་ཚུལ་མེད་པར་གྱུར་པ་དེའི་ནང་གཉེན་བརྩེགས་སྒྲིག་གི་སྣང་ཚུལ་འདུ་བ་ཡིན། གཉེན་བརྩེགས་སྒྲིག་གི་ཁྲིམས་བཀོད་སྣང་ཚུལ་མེད་པར་གྱུར་པ་དེ་ནུས་ལྡན་གཉེན་འབྲེལ་གྱི་དོ་བདག་གིས་གཉེན་འཐོར་འགྲོ་ལུགས་སྒྲུབ་པའམ་ཡང་ན་བཟའ་ཟླ་ཅིག་ཤོས་ཚེ་ལས་འདས་པར་གོ་བ་ལེན་དགོས། གྱོད་དོན་འདིའི་ནང་དུ། འབྲུག་སྐྱིད་ཀྱིས་མོ་དང་ཚེ་སྐྱབས་གཉིས་བར་གྱི་གཉེན་འབྲེལ་ནུས་མེད་ཡིན་པ་ཁྱབ་སྒྲོག་བྱེད་པའི་རེ་འདུན་ཞུ་སྐབས། མོ་དང་སྒྲོལ་འབུམ་གཉིས་བར་གྱི་ནུས་ལྡན་གཉེན་སྒྲིག་གི་འབྲེལ་བ་དེ་མི་དམངས་ཁྲིམས་ཁང་གིས་མེད་པར་བཟོས་ཡོད་པས། གཉེན་བརྩེགས་སྒྲིག་གི་ཁྲིམས་བཀོད་སྣང་ཚུལ་དེ་མེད་པར་གྱུར་ཡོད། དེའི་ཕྱིར་འབྲུག་སྐྱིད་ཀྱིས་ཡང་བསྐྱར་གཉེན་སྒྲིག་ནུས་མེད་ཡིན་པ་ཁྱབ་སྒྲོག་བྱེད་པའི་རེ་འདུན་ཞུ་མི་འོས། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注