འཚོ་བཞུགས་སྐབས་སུ་དབང་པོ་གཞན་ལ་འབུལ་འདོད་ཀྱི་རེ་འདུན་བསྟན་མེད་ན་ཁྱིམ་མི་འཐད་པ་བྱུང་རྗེས་གཞན་ལ་ཕུལ་ཆོག་གམ།


གྱོད་དཔེ།

ཚེ་སྐྱིད(གཉེན་བསྒྲིགས་མེད) ལས་ཚོགས་སུ་འགྲོ་བའི་ལམ་བར་དུ་འཁོར་བགེགས་བྱུང་ནས་ཚེ་ལས་འདས་པ་དང་།  ཚེ་ལས་འདས་སྐབས་ལོ་ན23ལ་སོན་ཙམ་ཡིན། ད་ལྟ་དབང་པོ་ཞལ་འདེབས་འབུལ་བའི་དོན་དེའི་ཐད་ནས་ཕ་མ་གཉིས་གྲོས་ཁ་མ་མཐུན་པ་རེད། ཨ་ཕས“བུ་མོ་གསོ་རིག་སློབ་གྲྭའི་སློབ་མ་ཞིག་ཡིན་པས། མོའི་རེ་འདུན་ནི་མི་སྔར་ལས་མང་པོར་རོགས་རམ་བྱེད་རྒྱུ་དེ་ཡིན”པས། ཚེ་སྐྱིད་ཀྱི་གནོད་སྐྱོན་མེད་པའི་དབང་པོ་དག་མཁོ་གལ་ཆེ་བའི་མི་ལ་འབུལ་འདོད་པ་དང་། ཨ་མས་བུ་མོ་ཚེ་ལས་འདས་རྗེས་དབང་པོ་མི་གཞན་ལ་ཞལ་འདེབས་འབུལ་དགོས་ན། མོས་དང་ལེན་བྱེད་མ་ཐུབ་པས། ཞལ་འདེབས་འབུལ་རྒྱུ་ཁས་མ་བླངས་པ་རེད། བརྟག་དཔྱད་བྱས་པ་བརྒྱུད། ཚེ་སྐྱིད་ཀྱིས་འཚོ་བཞུགས་སྐབས་སུ་དབང་པོ་ཞལ་འདེབས་འབུལ་རྒྱུའི་གྲོས་དན་གང་ཡང་བཞག་མེད་ལ། དབང་པོ་ཞལ་འདེབས་འབུལ་བར་མི་འཐད་པའང་གསལ་པོར་བསྟན་མེད་པ་ཤེས། དེ་ལྟར་ན་ཚེ་སྐྱིད་ཀྱི་དབང་པོ་ཞལ་འདེབས་སུ་ཕུལ་ཆོག་གམ།


གྱོད་དོན་དབྱེ་ཞིབ།

གྱོད་དོན་འདི་ནི་གཙོ་བོ་འདས་པོའི་དབང་པོ་ཞལ་འདེབས་འབུལ་སྟངས་ཀྱི་གནད་དོན་དང་འབྲེལ་ཡོད་དེ། གྱོད་དོན་འདིའི་ནང་དུ། ཚེ་སྐྱིད་ཀྱིས་འཚོ་བཞུགས་སྐབས་སུ་ཞལ་འདེབས་འབུལ་བའི་གྲོས་དན་བཞག་མེད་ལ། ཞལ་འདེབས་འབུལ་རྒྱུར་མི་འཐད་པའང་གསལ་པོར་བསྟན་མེད། ཨ་ཕས་བུ་མོའི་དབང་པོ་ཞལ་འདེབས་འབུལ་འདོད་ཀྱང་། ཨ་མ་དེར་འཐད་པ་མ་བྱུང་། དམངས་དོན་ཁྲིམས་གཞུང་གི་གཏན་འབེབས་ལྟར་ན། རང་བྱུང་མིས་འཚོ་བཞུགས་སྐབས་སུ་ཞལ་འདེབས་འབུལ་རྒྱུར་མི་འཐད་པའི་བསམ་ཚུལ་བསྟན་མེད་ན། རང་བྱུང་མི་དེ་ཚེ་ལས་འདས་རྗེས། དེའི་བཟའ་ཟླ་དང་ནར་སོན་པའི་བུ་ཕྲུག ཕ་མ་སོགས་ཀྱིས་མཉམ་དུ་ཞལ་འདེབས་འབུལ་རྒྱུ་ཐག་གིས་བཅད་ཆོག་ལ། ཞལ་འདེབས་འབུལ་བའི་ཐག་གཅོད་དེ་ཡིག་ངོས་ཀྱི་རྣམ་པ་བརྒྱུད་དེ་འདོན་དགོས། གྱོད་དོན་འདིའི་ནང་དུ། ཚེ་སྐྱིད་ཀྱི་ཕ་མ་གཉིས་ཀ་བུ་མོའི་དབང་པོ་ཞལ་འདེབས་འབུལ་བའི་དོན་དེའི་སྟེང་ནས་གྲོས་ཁ་མ་མཐུན་པས། ཚེ་སྐྱིད་ཀྱི་དབང་པོ་ཞལ་འདེབས་འབུལ་མི་ཆོག


འབྲེལ་ཡོད་ཁྲིམས་ཚན།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན1006པ། དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་ལྡན་པའི་མིར་ཁྲིམས་ལྟར་རིན་མེད་ངང་རང་ལུས་ཀྱི་ཕྲ་ཕུང་དང་ཕུང་གྲུབ། དབང་པོ། བེམ་པོ་བཅས་ཞལ་འདེབས་འབུལ་བའི་རང་དབང་ཡོད།  རྩ་འཛུགས་དང་མི་སྒེར་གང་རུང་གིས་བཙན་ཐབས་དང་མགོ་སྐོར། བསླུ་བྲིད་བཅས་ཀྱིས་མི་དེར་ཞལ་འདེབས་འབུལ་དུ་བཅུག་མི་ཆོག

དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་ལྡན་པའི་མིས་ཚན་པ་གོང་མའི་གཏན་འབེབས་ལྟར་ཞལ་འདེབས་འབུལ་བར་མོས་མཐུན་བྱུང་ན། ཡིག་ངོས་ཀྱི་རྣམ་པ་སྤྱོད་དགོས་ལ། ཁ་ཆེམས་བཞག་ཀྱང་ཆོག

རང་བྱུང་མི་འཚོ་བཞུགས་སྐབས་སུ་ཞལ་འདེབས་འབུལ་རྒྱུར་མི་འཐད་པའི་བསམ་ཚུལ་བསྟན་མེད་ན། རང་བྱུང་མི་དེའི་བཟའ་ཟླ་དང་ནར་སོན་པའི་བུ་ཕྲུག ཕ་མ་བཅས་ཀྱིས་མཉམ་དུ་ཞལ་འདེབས་འབུལ་རྒྱུ་ཐག་གིས་བཅད་ཆོག ཞལ་འདེབས་འབུལ་བའི་ཐག་གཅོད་དེ་ཡིག་ངོས་ཀྱི་རྣམ་པ་བརྒྱུད་དེ་འདོན་དགོས།

དོན་ཚན1007པ། མི་ལུས་ཀྱི་ཕྲ་ཕུང་དང་ཕུང་གྲུབ། དབང་པོ། བེམ་པོ་བཅས་རྣམ་པ་གང་རུང་སྤྱད་དེ་ཉོ་འཚོང་བྱེད་མི་ཆོག

ཚན་པ་གོང་མའི་གཏན་འབེབས་དང་འགལ་བའི་ཉོ་འཚོང་བྱ་སྤྱོད་ལ་ནུས་པ་མི་ལྡན།


ཁྲིམས་ཚན་ཞིབ་འགྲེལ།

གོང་གི་ཁྲིམས་ཚན་དག་ནི་དམངས་དོན་ཁྲིམས་གཞུང་ལས་དབང་པོ་ཞལ་འདེབས་འབུལ་བའི་སྐོར་གྱི་གཏན་འབེབས་རེད།

མི་ལུས་ཀྱི་དབང་པོ་དང་ཕུང་གྲུབ། བེམ་པོ་སོགས་ཞལ་འདེབས་འབུལ་བ་ནི་ཞལ་འདེབས་འབུལ་མཁན་གྱི་ཚེ་སྲོག་བདེ་ཐང་དང་འབྲེལ་བའི་ཐག་གཅོད་གལ་ཆེན་ཞིག་ཡིན་པས། ཞལ་འདེབས་འབུལ་མཁན་གྱིས་རང་འཐད་ཀྱིས་ཐག་གིས་བཅད་པ་ཤ་སྟག་ཡིན་དགོས། དབང་པོ་ཞལ་འདེབས་འབུལ་བ་དེ་རིགས་གཉིས་སུ་དབྱེ་ཡོད་དེ།

(1)མི་གསོན་པོའི་དབང་པོ་ཞལ་འདེབས་འབུལ་བ། གསོན་པོའི་དབང་པོ་ཞལ་འདེབས་འབུལ་བར་གཤམ་གྱི་ཆ་རྐྱེན་དག་ཚང་དགོས་ཏེ། ①ཞལ་འདེབས་འབུལ་མཁན་ནི་དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་ལྡན་པའི་མི་ཡིན་དགོས་ལ། སུ་དང་གང་གིས་ཀྱང་ལོ་ན18ལ་མ་སོན་པའི་མིའི་དབང་པོ་བླངས་ནས་གཞན་ལ་སྤྱོད་མི་ཆོག ②ཞལ་འདེབས་འབུལ་མཁན་གྱི་འདོད་བློའི་བསྟན་དོན་ངོ་མ་ཡིན་དགོས་ལ། རྩ་འཛུགས་སམ་མི་སྒེར་གང་གིས་ཀྱང་བཙན་ཐབས་དང་མགོ་སྐོར་རམ་ཡང་ན་བསླ་བྲིད་ཀྱི་བྱེད་ཐབས་སྤྱད་དེ་མི་གཞན་ལ་ཞལ་འདེབས་འབུལ་དུ་བཅུག་མི་ཆོག ③ངེས་པར་དུ་ཞལ་འདེབས་འབུལ་མཁན་གྱི་ཡིག་ངོས་ཀྱི་འདོད་བློའི་བསྟན་དོན་ཡོད་དགོས། གལ་ཏེ་ཞལ་འདེབས་འབུལ་མཁན་བློ་འགྱོད་སྐྱེས་ཚེ་ཕྱིར་འཐེན་བྱེད་ཆོག ④གསོན་པོའི་དབང་པོ་དང་ལེན་མཁན་ངེས་གཏན་ཡིན་ཏེ། གསོན་པོའི་དབང་པོ་དང་ལེན་མཁན་ནི་གསོན་པོའི་དབང་པོ་ཞལ་འདེབས་འབུལ་མཁན་གྱི་བཟའ་ཟླ་དང་ཐད་ཀའི་གཉེན་ཚན་དང་ཡང་ན་མི་རབས་གསུམ་ནང་ཚུན་གྱི་རྒྱུད་འབྲེལ་གཉེན་ཚན་ཡིན་དགོས་ལ། ཡང་ན་གསོན་པོའི་དབང་པོ་ཞལ་འདེབས་འབུལ་མཁན་དང་རོགས་སྐྱོར་སོགས་ཀྱི་དབང་གིས་གཉེན་ཚན་གྱི་འབྲེལ་བ་ཆགས་ཡོད་པ་བདེན་དཔང་བྱེད་ཐུབ་པ་ཞིག་ཡིན་དགོས།

(2)བེམ་པོའི་དབང་པོ་ཞལ་འདེབས་འབུལ་བ། འདས་པོས་འཚོ་བཞུགས་སྐབས་སུ་ཞལ་འདེབས་དང་བླངས་ཐོ་འགོད་དང་ཡང་ན་ཁ་ཆེམས་འཇོག་པའི་བྱེད་ཐབས་བརྒྱུད་དེ། རང་ཉིད་ཚེ་ལས་འདས་རྗེས་དབང་པོ་ཞལ་འདེབས་འབུལ་རྒྱུ་གཏན་འཁེལ་བྱེད་ཆོག རང་བྱུང་མི་འཚོ་བཞུགས་སྐབས་སུ་ཞལ་འདེབས་འབུལ་རྒྱུར་མི་འཐད་པའི་བསམ་ཚུལ་གསལ་པོར་བསྟན་ཡོད་ན། རྩ་འཛུགས་དང་མི་སྒེར་གང་རུང་གིས་སྒེར་དབང་གིས་འདས་པོའི་དབང་པོ་ལེན་པ་དང་བེམ་པོ་ཞལ་འདེབས་ཕུལ་མི་ཆོག ཡིན་ནའང་། གལ་ཏེ་འདས་པོས་ཚེ་ཐོག་ཏུ་ཞལ་འདེབས་འབུལ་རྒྱུར་མི་འཐད་པའི་བསམ་ཚུལ་བསྟན་མེད་ཚེ། རང་བྱུང་མི་ཚེ་ལས་འདས་རྗེས། དེའི་བཟའ་ཟླ་དང་ནར་སོན་པའི་བུ་ཕྲུག ཕ་མ་བཅས་ཀྱིས་ཡིག་ངོས་ཀྱི་རྣམ་པ་སྤྱད་དེ་ཞལ་འདེབས་འབུལ་རྒྱུ་མཉམ་དུ་ཐག་བཅད་ཆོག །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号