གཉེན་བསྒྲིགས་རྗེས་དངུལ་གཏོང་ལས་ཐོབ་པའི་ཡོང་སྒོ་དེ་བཟའ་ཟླའི་ཐུན་མོང་རྒྱུ་ནོར་དུ་གཏོགས་སམ།


གྱོད་དཔེ།

འབྲུག་རྒྱལ་དང་གཡང་སྐྱིད་གཉིས་ཀྱིས་ཁྲིམས་ལྟར་གཉེན་སྒྲིག་ཐོ་འགོད་བྱས་པ་དང་། གཉེན་བསྒྲིགས་རྗེས་འབྲུག་རྒྱལ་གནའ་རྫས་ཞིབ་འཇུག་གི་ལས་ལ་སྤྲོ་བ་སྐྱེས། དང་ཐོག་ཁོ་བཟའ་ཟླ་གཉིས་ཀྱི་བརྩེ་དུང་ཧ་ཅང་བཟང་མོད། འོན་ཀྱང་དུས་ཡུན་རིང་ཙམ་འགོར་རྗེས། འབྲུག་རྒྱལ་གྱིས་རྒྱུན་པར་ཁྱིམ་གྱི་བསགས་དངུལ་ཡོད་ཚད་གནའ་རྫས་ཉོ་བའི་ཐད་སྤྱད་པར་མ་ཟད། ཁྱིམ་གྱི་བྱ་བར་སེམས་ཁུར་བྱེད་ལོང་མེད་པར་གྱུར་པས།བཟའ་ཟླ་གཉིས་ཀྱི་བར་ཁ་རྩོད་དྲག་པོ་བྱུང་། གཡང་སྐྱིད་ཀྱིས་གཉེན་འཐོར་རྒྱུའི་སེམས་ཐག་བཅད་དེ། ཁྲིམས་ཁང་ལ་གཉེན་འཐོར་རེ་ཞུ་བཏོན་པ་དང་། ཁྲིམས་ཁང་གིས་གཉེན་འཐོར་ཁྲིམས་ཐག་མ་བཅད་སྔོན་ལ། འབྲུག་རྒྱལ་གྱིས་རིན་གོང་དམའ་མོས་ཆིང་རྒྱལ་རབས་ཀྱི་དཀར་བུམ་ཞིག་ཉོས་ཡོད་པ་དེ་རྡེག་འཚོང་ཚོང་ཚོགས་ཐེངས་ཤིག་གི་སྟེང་སྒོར་ཁྲི150ཡི་གོང་ལྟར་ཚོང་འགྲིག དེ་ན་ཡོང་སྒོ་དེ་ཇི་ལྟར་ཐག་གིས་གཅོད་དགོས་སམ།


གྱོད་དོན་དབྱེ་ཞིབ།

གྱོད་དོན་འདིའི་རྩོད་གཞི་ནི་གཉེན་བསྒྲིགས་རྗེས་མ་དངུལ་བཞག་པ་ལས་ཐོབ་པའི་ཡོང་སྒོ་དེ་བཟའ་ཟླའི་ཐུན་མོང་རྒྱུ་ནོར་དུ་གཏོགས་མིན་ལ་ཐུག་ཡོད། དམངས་དོན་ཁྲིམས་གཞུང་གི་གཏན་འབེབས་ལྟར་ན། བཟའ་ཟླའི་གཉེན་སྒྲིག་གི་འབྲེལ་བ་སོར་གནས་རིང་མ་དངུལ་བཞག་པ་ལས་ཐོབ་པའི་ཡོང་སྒོ་ནི་བཟའ་ཟླ་ཐུན་མོང་ལ་དབང་བ་ཡིན།

གྱོད་དོན་འདིའི་ནང་དུ། འབྲུག་རྒྱལ་གྱིས་ཉོས་པའི་ཆིང་རྒྱལ་རབས་ཀྱི་དཀར་བུམ་དེ་རྡེག་འཚོང་བྱས་པ་ལས་ཐོབ་པའི་རིན་དངུལ་དེ་ནི་འབྲུག་རྒྱལ་གྱིས་མ་དངུལ་བཞག་པ་ལས་ཐོབ་པའི་ཡོང་འབབ་ཡིན་ལ། ཡང་ཡོང་འབབ་སྒོར་ཁྲི150ཡོད་པ་དེ་ཚོང་འགྲིག་པའི་དུས་ཚོད་ནི་ཁྲིམས་ཁང་གིས་གཉེན་འཐོར་ཆོག་པའི་ཁྲིམས་ཐག་མ་བཅད་པའི་སྔོན་ཡིན་པ་དང་། དེ་ནི་ཏག་ཏག་འབྲུག་རྒྱལ་དང་གཡང་སྐྱིད་གཉིས་ཀྱི་གཉེན་སྒྲིག་གི་འབྲེལ་བ་སོར་གནས་ཀྱི་དུས་སྐབས་ཡིན་པས། ཡོང་འབབ་དེ་ནི་འབྲུག་རྒྱལ་དང་གཡང་སྐྱིད་གཉིས་ཀྱི་ཐུན་མོང་རྒྱུ་ནོར་དུ་གཏོགས་ལ། རིན་འཕར་གྱི་ཡོང་སྒོ་དེའི་ཆ་ཤས་ཀྱང་བཟའ་ཟླའི་ཐུན་མོང་རྒྱུ་ནོར་དུ་གཏོགས་པ་རེད།


འབྲེལ་ཡོད་ཁྲིམས་ཚན།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམས་དོན་ཁྲིམས་གཞུང》གི་དོན་ཚན1062པ། བཟའ་ཟླ་གཉིས་ཀྱི་གཉེན་སྒྲིག་གི་འབྲེལ་བ་སོར་གནས་རིང་གི་གཤམ་གྱི་རྒྱུ་ནོར་དག་ནི་བཟའ་ཟླའི་ཐུན་མོང་རྒྱུ་ནོར་དུ་གཏོགས་པ་དང་། བཟའ་ཟླ་ཐུན་མོང་ལ་དབང་བ་ཡིན །

(གཅིག)གླ་ཕོགས་དང་བྱ་དགའི་དངུལ། ངལ་རྩོལ་གྱི་ཐོབ་ཆ་སོགས།

(གཉིས)ཐོན་སྐྱེད་དང་། གཉེར་སྐྱོང་། མ་འཇོག་བཅས་ཀྱི་ཁེ་འབབ།

(གསུམ)ཤེས་བྱའི་ཐོན་དབང་གི་ཁེ་འབབ།

(བཞི)ཤུལ་འཛིན་བྱས་པའམ་གཞན་གྱིས་ཕུལ་བ་ལས་ཐོབ་པའི་རྒྱུ་ནོར། ཡིན་ན་ཡང་བཅའ་ཁྲིམས་འདིའི་དོན་ཚན་ཆིག་སྟོང་རེ་གསུམ་པའི་ཁོད་ཚན་གསུམ་པའི་གཏན་འབེབས་དེ་འདིའི་ཁོངས་སུ་མི་ཚུད།

(ལྔ)ཐུན་མོང་ལ་དབང་དགོས་པའི་རྒྱུ་ནོར་གཞན་དག་བཅས་ཡིན།

བཟའ་ཟླ་གཉིས་ཀར་ཐུན་མོང་གི་རྒྱུ་ནོར་འདྲ་མཉམ་ངང་ཐག་གཅོད་བྱེད་དབང་ཡོད།

དོན་ཚན1063པ།  གཤམ་གསལ་གྱི་རྒྱུ་ནོར་ནི་བཟའ་ཟླ་ཕྱོགས་གཅིག་གི་རྒྱུ་ནོར་ཡིན།

(གཅིག)ཕྱོགས་གཅིག་གི་གཉེན་སྒྲིག་མ་བྱས་གོང་གི་རྒྱུ་ནོར།

(གཉིས)ཕྱོགས་གཅིག་གི་མི་ལུས་ལ་གནོད་སྐྱོན་ཐེབས་པ་ལས་ཐོབ་པའི་སྐྱིན་ཚབ་བམ་གུན་གསབ།

(གསུམ)ཁ་ཆེམས་སམ་གཞན་གྱིས་ཕུལ་བའི་གན་རྒྱའི་ནང་ཕྱོགས་གཅིག་ཁོ་ནར་དབང་བ་གཏན་འཁེལ་བྱས་པའི་རྒྱུ་ནོར།

(བཞི)ཕྱོགས་གཅིག་གི་ཆེད་སྤྱོད་འཚོ་བའི་ཉེར་སྤྱོད།

(ལྔ)ཕྱོགས་གཅིག་ལ་དབང་དགོས་པའི་རྒྱུ་ནོར་གཞན་དག

དོན་ཚན1065པ། བཟའ་ཟླ་ཕྱོགས་གཉིས་ཀས་གཉེན་སྒྲིག་གི་འབྲེལ་བ་སོར་གནས་ཀྱི་རིང་དུ་ཐོབ་པའི་རྒྱུ་ནོར་དང་དེ་བཞིན་གཉེན་མ་བསྒྲིགས་གོང་གི་རྒྱུ་ནོར་རང་རང་སོ་སོར་དབང་བ་དང་། ཐུན་མོང་ལ་དབང་བའམ་ཆ་ཤས་ཤིག་རང་རང་སོ་སོར་དབང་ལ་ཆ་ཤས་ཤིག་ཐུན་མོང་ལ་དབང་བ་བཅས་ཀྱི་གྲོས་དན་བཞག་ཆོག གྲོས་དན་ཡིག་ཐོག་ནས་འཇོག་དགོས། གྲོས་དན་བཞག་མེད་པའམ་གྲོས་དན་གསལ་ཐག་ཆོད་པ་ཞིག་མིན་ན། བཅའ་ཁྲིམས་འདིའི་དོན་ཚན1062པ་དང་། དོན་ཚན1063པའི་གཏན་འབེབས་སྤྱད་འཐུས།

བཟའ་ཟླ་གཉིས་ཀར་གཉེན་སྒྲིག་གི་འབྲེལ་བ་སོར་གནས་ཀྱི་རིང་ཐོབ་པའི་རྒྱུ་ནོར་དང་དེ་བཞིན་གཉེན་མ་བསྒྲིགས་གོང་གི་རྒྱུ་ནོར་སྐོར་གྱི་གྲོས་དན་ནི་ཕྱོགས་གཉིས་ཀར་བཅའ་ཁྲིམས་ཀྱི་འཆིང་ནུས་ལྡན་པ་ཡིན།

བཟའ་ཟླ་གཉིས་ཀས་གཉེན་སྒྲིག་གི་འབྲེལ་བ་སོར་གནས་ཀྱི་རིང་ཐོབ་པའི་རྒྱུ་ནོར་རང་རང་སོ་སོར་དབང་བའི་གྲོས་དན་བཞག་ཡོད་པ་དང་། ཁྱོའམ་ཤུག་གི་ཕྱོགས་གཅིག་གིས་ཕྱི་ལོགས་སུ་ཁུར་བའི་བུན་འགན་ནི། བལྟོས་བཅས་མིས་གྲོས་དན་དེ་ཡོད་པ་ཤེས་པ་ཡིན་ན། ཁྱོའམ་ཤུག་གི་ཕྱོགས་དེའི་མི་སྒེར་གྱི་རྒྱུ་ནོར་ལས་གཙང་འཇལ་བྱེད་དགོས།


ཁྲིམས་ཚན་ཞིབ་འགྲེལ།

གོང་གི་ཁྲིམས་ཚན་དག་ནི་དམངས་དོན་ཁྲིམས་གཞུང་ལས་བཟའ་ཟླའི་རྒྱུ་ནོར་ལམ་ལུགས་སྐོར་གྱི་གཏན་འབེབས་རེད།

དམངས་དོན་ཁྲིམས་གཞུང་གི་གཏན་འབེབས་ལྟར་ན། རང་རྒྱལ་གྱི་བཟའ་ཟླའི་རྒྱུ་ནོར་ལམ་ལུགས་རིགས་གཉིས་སུ་དགར་ཡོད་དེ།

(1)བཟའ་ཟླའི་ཁྲིམས་བཀོད་རྒྱུ་ནོར་ལམ་ལུགས། བཟའ་ཟླའི་ཁྲིམས་བཀོད་རྒྱུ་ནོར་ལམ་ལུགས་ཞེས་པ་ནི་བཅའ་ཁྲིམས་ཀྱིས་ཐད་ཀར་གཏན་འབེབས་བྱས་པ་དེ་བཟའ་ཟླའི་རྒྱུ་ནོར་གྱི་འབྲེལ་བར་སྤྱད་འཐུས་པའི་བཟའ་ཟླའི་རྒྱུ་ནོར་ལམ་ལུགས་ལ་བྱ། བཟའ་ཟླའི་བར་རྒྱུ་ནོར་ལམ་ལུགས་ལ་ཁ་ཆད་མེད་པ་དང་ཡང་ན་ཁ་ཆད་ནུས་མེད་ཡིན་པའི་གནས་བབ་འོག་སྤྱད་འཐུས། བཟའ་ཟླའི་ཁྲིམས་བཀོད་རྒྱུ་ནོར་ལམ་ལུགས་དེ་གཙོ་བོ་རིགས་གཉིས་སུ་ཕྱེ་ཡོད་དེ། ①བཟའ་ཟླའི་ཐུན་མོང་རྒྱུ་ནོར་གྱི་ལམ་ལུགས། ②བཟའ་ཟླའི་སྒེར་དབང་རྒྱུ་ནོར་གྱི་ལམ་ལུགས།

(2)བཟའ་ཟླས་ཁ་ཆད་རྒྱུ་ནོར་ལམ་ལུགས། བཟའ་ཟླས་ཁ་ཆད་བཞག་པའི་རྒྱུ་ནོར་ལམ་ལུགས་ཞེས་པ་ནི་བཟའ་ཟླ་གཉིས་ཀྱིས་གྲོས་ཆིངས་ཀྱི་རྣམ་པ་ལྟར་གཉེན་སྒྲིག་གི་འབྲེལ་བ་སོར་གནས་རིང་ཐོབ་པའི་རྒྱུ་ནོར་གྱི་དབང་བའི་འབྲེལ་བ་ཐག་གཅོད་པའི་བཟའ་ཟླའི་རྒྱུ་ནོར་ལམ་ལུགས་ལ་གོ། བཟའ་ཟླའི་རྒྱུ་ནོར་ལས་ཁ་ཆད་བྱས་ཆོག་པའི་ནང་དོན་ལ་གཉེན་སྒྲིག་གི་འབྲེལ་བ་སོར་གནས་རིང་ཐོབ་པའི་རྒྱུ་ནོར་དང་གཉེན་མ་བསྒྲིགས་སྔོན་གྱི་རྒྱུ་ནོར་རང་རང་སོ་སོར་དབང་བའམ་ཐུན་མོང་ལ་དབང་བ་དང་ཡང་ན་ཆ་ཤས་རང་རང་སོ་སོར་དབང་བ་དང་ཆ་ཤས་ཐུན་མོང་ལ་དབང་བ། གལ་ཏེ་ཁ་ཆད་མེད་པའམ་ཁ་ཆད་ཀྱི་ནང་དོན་གསལ་ཐག་ཆོད་པ་ཞིག་མིན་ན། བཟའ་ཟླའི་ཐུན་མོང་རྒྱུ་ནོར་གྱི་ཁྱབ་ཁོངས་དང་བཟའ་ཟླ་མི་སྒེར་ལ་དབང་བའི་རྒྱུ་ནོར་གྱི་ཁྱབ་ཁོངས་ལ་ཟུར་ལྟ་བྱས་ནས་ཐག་གིས་བཅད་ཆོག བཟའ་ཟླའི་རྒྱུ་ནོར་གྱི་ཁ་ཆད་དེ་ཡིག་ཐོག་ནས་འཇོག་དགོས།

བཟའ་ཟླའི་རྒྱུ་ནོར་ཁ་ཆད་གྱི་ནུས་ཕྱོད་ནི། ཕྱོགས་གཉིས་ཀར་བཅའ་ཁྲིམས་ཀྱི་འཆིང་ནུས་པ་ཡོད་པ་དང་། གལ་ཏེ་བཟའ་ཟླ་ཕྱོགས་གཉིས་ཀས་གཉེན་སྒྲིག་གི་འབྲེལ་བ་སོར་གནས་རིང་ཐོབ་པའི་རྒྱུ་ནོར་རང་རང་སོ་སོར་དབང་བ་ཁ་ཆད་བྱས་ཡོད་ཚེ། ཕྱོགས་གཅིག་གིས་ཕྱི་ཕྱོགས་ལ་ཁུར་བའི་བུན་འགན་དེ། བལྟོས་བཅས་མིས་ཁ་ཆད་དེ་ཤེས་པ་ཡིན་ན། ཁྱོའམ་ཤུག་གི་མི་སྒེར་གྱི་རྒྱུ་ནོར་ལས་གཙང་འཇལ་བྱེད་དགོས།

དམངས་དོན་ཁྲིམས་གཞུང་གི་གཏན་འབེབས་ལ་བལྟས་ཡོང་ན། རང་རྒྱལ་གྱིས་བཟའ་ཟླའི་ཁྲིམས་བཀོད་རྒྱུ་ནོར་གྱི་ལམ་ལུགས་དང་བཟའ་ཟླའི་ཁ་ཆད་རྒྱུ་ནོར་གྱི་ལམ་ལུགས་མཉམ་སྤྱོད་བྱེད་ཐབས་སྤྱོད་པར་མ་ཟད། “ཁ་ཆད་ཡོད་ན་ཁ་ཆད་དང་བསྟུན་པ། ཁ་ཆད་མེད་ན་ཁྲིམས་བཀོད་དང་བསྟུན་པ”ཡི་རྩ་དོན་བརྩི་སྲུང་བྱེད་པ་ཡིན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号