བཅའ་ཁྲིམས་ལ་བརྟེན་ནས་སློབ་རའི་བརྙས་བཅོས་སྔོན་འགོག་བྱེད་པ།

གྱོད་དཔེ།

2021ལོར་དྲ་གྲོགས་ཤིག་གིས་བརྙན་ལམ་ནས་རྫོང་ཞིག་གི་སློབ་གྲྭ་ག་གེ་མོའི་སློབ་མ་བུ་མོ་འགས་གསང་སྤྱོད་ཁང་དུ་སློབ་གྲོགས་བུ་མོ་ཞིག་ལ་བརྙས་བཅོས་བྱེད་བཞིན་པའི་བརྙན་ཐུང་ཞིག་ཁྱབ་སྤེལ་བྱས། བརྙན་ཐུང་དེའི་ནང་བརྙས་བཅོས་བྱེད་མཁན་གྱི་བུ་མོ་གཉིས་ཀྱིས་སྔ་རྗེས་སུ་སློབ་གྲོགས་བུ་མོ་དེ་ལ་འགྲམ་ལྕག་ཐེངས་འགའ་གཞུས་ཤིང་། བུ་མོ་གཅིག་གིས་བསྟུད་མར་འགྲམ་ལྕག་ཐེངས20ལྷག་གཞུས་པར་མ་ཟད། གྲོགས་མོ་གཞན་དག་ལ་ངན་སྐུལ་བྱས་ནས་གཅར་རྡུང་བྱེད་དུ་བཅུག་པ་དང་། ད་དུང“དོན་དག་བྱུང་ན་ངས་འགན་འཁུར”ཞེས་བཤད། གཅར་རྡུང་བྱེད་པའི་བརྒྱུད་རིམ་ཁྲོད་བུ་མོ་གཅིག་གིས་འགྲམ་ལྕག་གཞུ་ཐེངས་བརྩིས་པ་དང་། བུ་མོ་གཅིག་གིས་གམ་དུ་པར་བླངས། ཕྱིས་སུ་རྫོང་དེ་གའི་ཉེན་རྟོག་ལས་ཁུངས་ཀྱིས་བརྟག་དཔྱད་བྱས་པ་བརྒྱུད། དྲ་ལམ་ན་སྤེལ་བའི་བརྙན་ཐུང་དེའི་ནང་དོན་ནི་དོན་དངོས་དང་མཐུན་པ་རེད་ཅེས་གྱོད་དོན་ཐོ་འགོད་བྱས། དེ་ན་གྱོད་དོན་དེའི་ཁྲོད་བརྙས་བཅོས་ཀྱི་ལས་ལ་ཞུགས་མཁན་གྱི་སློབ་མ་བུ་མོ་དེ་དག་གིས་བཅའ་ཁྲིམས་ཀྱི་མཇུག་འབྲས་གང་འདྲ་ཞིག་འཁུར་དགོས་སམ།

གྱོད་དོན་དབྱེ་ཞིབ།

གྱོད་དོན་དེའི་ནང་དུ། སློབ་མ་བུ་མོ་འགས་རྩ་འཛུགས་ཡོད་པའི་སྒོ་ནས་ཚོགས་པ་བསྒྲིགས་ཏེ་སློབ་རའི་ནང་དུ་མི་གཞན་ལ་བརྙས་བཅོས་བྱས་པ་ནི་བསམ་བཞིན་དུ་མི་གཞན་ལ་གནོད་འཚེ་བཏང་བ་ཡིན་ལ། གལ་ཏེ་རྨས་སྐྱོན་ལྕི་མོ་ཕོག་པའམ་ཚེ་ལས་འདས་པའི་མཇུག་འབྲས་བཟོས་ཚེ། བབ་མཚུངས་ཀྱི་ཉེས་དོན་འགན་འཁྲི་འཁུར་དགོས། གལ་སྲིད་སློབ་རའི་ནང་མི་གཞན་ལ་བརྙས་བཅོས་བྱས་པའི་དབང་གིས་སྲིད་འཛིན་གྱི་ཆད་པ་ཕོག་ཚེ་གྱོད་གཞི་སོར་འཇོག་བྱས་སྲིད་པས་རྗེས་ཕྱོགས་ཀྱི་ལས་ཞུགས་དང་སློབ་སྦྱོང་། འཚོ་བ་བཅས་ཀྱི་ཕྱོགས་གང་ཐད་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད།

འབྲེལ་ཡོད་ཁྲིམས་ཚན

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནར་མ་སོན་པའི་མིར་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས》ཀྱི་དོན་ཚན39པའི་ནང་གཏན་འབེབས་བྱས་དོན། སློབ་གྲྭས་སློབ་མ་ལ་བརྙས་བཅོས་ཀྱི་བྱ་སྤྱོད་སྤེལ་བ་སྔོན་འགོག་དང་ཚོད་འཛིན་བྱེད་པའི་བྱ་བའི་ལམ་ལུགས་འཛུགས་དགོས་པ་དང་། དགེ་རྒན་དང་ལས་བཟོ་པ། སློབ་མ་བཅས་ལ་སློབ་མར་བརྙས་བཅོས་བྱེད་པ་སྔོན་འགོག་བྱེད་པའི་སློབ་གསོ་དང་གསོ་སྐྱོང་སྦྱོང་བརྡར་བྱེད་དགོས། སློབ་མས་བརྙས་བཅོས་རིགས་ཀྱི་བྱ་སྤྱོད་སྤེལ་ན་སློབ་གྲྭས་མྱུར་དུ་བཀག་འགོག་བྱེད་དགོས་ལ། བརྙས་བཅོས་བྱེད་མཁན་དང་བརྙས་བཅོས་ཕོག་མཁན་གྱི་ནར་མ་སོན་པའི་སློབ་མའི་ཕ་མའམ་ཡང་ན་ལྟ་སྐྱོང་བྱེད་མཁན་གཞན་དག་ལ་བརྙས་བཅོས་བྱེད་པའི་བྱ་སྤྱོད་ངོས་འཛིན་དང་ཐག་གཅོད་བྱ་རྒྱུའི་བརྡ་ཐོ་གཏོང་བ་དང་། འབྲེལ་ཡོད་ཀྱི་ནར་མ་སོན་པའི་སློབ་མ་དག་ལ་དུས་ཐོག་ཏུ་སེམས་ཁམས་སྙོམ་སྒྲིག་དང་སློབ་གསོ། ཁྲིད་སྟོན་བཅས་བྱེད་དགོས། འབྲེལ་ཡོད་ཀྱི་ནར་མ་སོན་པའི་སློབ་མའི་ཕ་མའམ་ལྟ་སྐྱོང་མཁན་གཞན་དག་ལ་དགོས་ངེས་ཀྱི་ཁྱིམ་ཚང་སློབ་གསོའི་ཁྲིད་སྟོན་བྱེད་དགོས། བརྙས་བཅོས་བྱེད་མཁན་གྱི་ནར་མ་སོན་པའི་སློབ་མར་སློབ་གྲྭའི་བརྙས་བཅོས་བྱ་སྤྱོད་ཀྱི་ངོ་བོ་དང་ཚད་གཞིར་གཞིགས་ནས་ཁྲིམས་ལྟར་དོ་དམ་དང་སློབ་གསོ་གཏོང་དགོས། བརྙས་བཅོས་བྱ་སྤྱོད་ཚབས་ཆེན་གྱི་རིགས་ལ་སློབ་གྲྭས་སྦ་གསང་མེད་པར་དུས་ཐོག་ཏུ་སྤྱི་བདེ་ལས་ཁུངས་དང་སློབ་གསོའི་སྲིད་འཛིན་སྡེ་ཁག་ལ་སྙན་སེང་ཞུ་དགོས་པར་མ་ཟད། འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་ལྟར་ཐག་གཅོད་པར་རམ་འདེགས་བྱེད་དགོས།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་དོན་ཚན17པའི་གཏན་འབེབས་ལྟར་ན། རང་ལོ་བཅུ་དྲུག་ལ་སོན་པའི་མིས་བྱས་ཉེས་བསགས་ན་ཉེས་དོན་འགན་འཁྲི་འཁུར་དགོས། རང་ལོ་བཅུ་བཞི་ལ་སོན་ཞིང་བཅུ་དྲུག་མ་ལོན་པའི་མིས་བསམ་བཞིན་དུ་མི་བསད་པ་དང་། བསམ་བཞིན་དུ་མི་གཞན་ལ་གནོད་འཚེ་བཏང་ནས་རྨས་སྐྱོན་ཚབས་ཆེན་བཟོས་པའམ་བཙན་གཡེམ་བྱས་པ། འཕྲོག་བཅོམ་བྱས་པ། དུག་རྫས་ཉོ་འཚོང་བྱས་པ། མེ་བཏང་བ། འབར་གཏོར་བྱས་པ། ཉེན་ཁ་ཡོད་པའི་དངོས་རྫས་འཇོག་པ་བཅས་ཀྱི་བྱས་ཉེས་བསགས་ན་ཉེས་དོན་འགན་འཁྲི་འཁུར་དགོས། རང་ལོ་བཅུ་གཉིས་ལ་སོན་ཞིང་བཅུ་བཞི་མ་ལོན་པའི་མིས་བསམ་བཞིན་དུ་མི་བསད་པ་དང་། བསམ་བཞིན་དུ་མི་གཞན་ལ་གནོད་འཚེ་གཏོང་བའི་བྱས་ཉེས་བསགས་ནས་མི་ཚེ་ལས་འདས་པའམ་ཡང་ན་ཧ་ཅང་གདུག་རྩུབ་ཆེ་བའི་བྱེད་ཐབས་ལ་བརྟེན་ནས་མི་གཞན་ལ་རྨས་སྐྱོན་ཚབས་ཆེན་བཏང་ནས་དབང་པོར་གནོད་སྐྱོན་ཆེན་པོ་བཟོས་པར་མ་ཟད། ཉེས་ཚབས་ཆེན་པོ་ཡིན་པས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་སྦྱོར་རྩད་ཞིབ་དང་ཞིབ་བཤེར་བྱས་ན། ཉེས་དོན་འགན་འཁྲི་འཁུར་དགོས།

གོང་གསལ་དོན་ཚན་གསུམ་གྱི་གཏན་འབེབས་ལྟར་ཉེས་འགན་བདའ་འདེད་བྱེད་དགོས་པའི་རང་ལོ་བཅོ་བརྒྱད་ལ་མ་སོན་པའི་མིར་ངེས་པར་དུ་ཉེས་ཆད་ཡང་གཅོད་དམ་ཡང་ན་ཉེས་ཆད་ཇེ་ཡང་དུ་གཏོང་དགོས། རང་ལོ་བཅུ་དྲུག་ལ་མ་སོན་པའི་རྐྱེན་གྱིས་ཉེས་ཆད་འཁུར་མི་དགོས་པའི་རིགས་ལ་དེའི་ཕ་མའམ་ཡང་ན་ལྟ་སྐྱོང་མཁན་གཞན་དག་ལ་དོ་དམ་སློབ་གཅུན་བྱེད་དུ་འཇུག་རྒྱུ་དང་། དགོས་ངེས་ཀྱི་སྐབས་སུ་བཅའ་ཁྲིམས་ལྟར་ཡོ་བསྲང་བཅོས་བསྒྱུར་བྱེད་པའི་སློབ་གསོ་གཏོང་དགོས།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན995པའི་གཏན་འབེབས་ལྟར་ན། མིའི་ཐོབ་ཐང་ལ་གནོད་འཚེ་ཕོག་ན། གནོད་འཚེ་ཕོག་མཁན་ལ་བཅའ་ཁྲིམས་འདི་དང་བཅའ་ཁྲིམས་གཞན་དག་གི་གཏན་འབེབས་ལྟར་བྱ་སྤྱོད་སྤེལ་མཁན་ལ་དམངས་དོན་འགན་འཁྲི་འཁུར་དགོས་པའི་རེ་འདུན་ཞུ་རྒྱུའི་དབང་ཆ་ཡོད། གནོད་འཚེ་ཕོག་མཁན་གྱིས་བཏོན་པའི་གནོད་འཚེ་གཏོང་མཚམས་འཇོག་པ་དང་གནོད་པ་བསལ་བ། ཉེན་ཁ་སེལ་བ། ཤུགས་རྐྱེན་མེད་པར་བཟོ་བ། མཚན་སྙན་སླར་གསོ་དང་དགོངས་དག་ཞུ་བ་བཅས་ཀྱི་རེ་འདུན་ཞུ་དབང་ལ་གཏུག་བཤེར་དུས་ཡུན་ནང་གི་གཏན་འབེབས་སྤྱད་མི་འཐུས།

བཅའ་ཁྲིམས་འགྲེལ་བཤད།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》ནང་གི་གཏན་འབེབས་ལྟར་ན། མི་གཞན་གྱི་མི་ལུས་དང་རྒྱུ་ནོར་ལ་གནོད་འཚེ་བཏང་ན། བབ་མཚུངས་ཀྱི་མི་ལུས་གནོད་འཚེ་བཏང་བར་སྐྱིན་ཚབ་སྤྲོད་པའི་འགན་འཁྲི་དང་རྒྱུ་ནོར་ལ་གནོད་འཚེ་བཏང་བར་སྐྱིན་ཚབ་སྤྲོད་པའི་འགན་འཁྲི་འཁུར་དགོས། འོན་ཀྱང་ནར་མ་སོན་པའི་མིར་བྱ་སྤྱོད་སྤེལ་ནུས་ཆ་ཚང་མེད་པ་དང་དཔལ་འབྱོར་ཡོང་ཁུངས་མེད་པའི་རྐྱེན་གྱིས་དེས་མི་གཞན་ལ་གནོད་སྐྱོན་བཟོས་ན་ལྟ་སྐྱོང་མཁན་གྱིས་དབང་གནོད་འགན་འཁྲི་འཁུར་དགོས། གལ་ཏེ་ནར་མ་སོན་པའི་མི་དེ་ལ་རང་ཉིད་ཀྱི་རྒྱུ་ནོར་ཡོད་ན་རང་ཉིད་ཀྱི་རྒྱུ་ནོར་ལས་སྐྱིན་ཚབ་སྤྲད་ཆོག མི་འདང་བའི་ཆ་དེ་ལྟ་སྐྱོང་མཁན་གྱིས་འགན་ཁུར་ཏེ་སྤྲོད་དགོས། དེ་མིན་གལ་ཏེ་ནར་མ་སོན་པའི་མིས་སློབ་རའི་ནང་བརྙས་བཅོས་བྱས་པའི་གནས་ཚུལ་ཚབས་ཆེན་གྱི་རིགས་ལ་ཉེས་དོན་འགན་འཁྲི་འཁུར་དགོས།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་གཏན་འབེབས་ལྟར་ན། རང་ལོ་བཅུ་གཉིས་ལ་སོན་ཞིང་བཅུ་བཞི་མ་ལོན་པའི་མིས་བསམ་བཞིན་དུ་མི་བསད་པ་དང་བསམ་བཞིན་དུ་མི་གཞན་ལ་གནོད་འཚེ་གཏོང་བའི་བྱས་ཉེས་བསགས་པའམ་གདུག་རྩུབ་ཧ་ཅང་ཆེ་བའི་བྱེད་ཐབས་ལ་བརྟེན་ནས་མི་གཞན་ལ་རྨས་སྐྱོན་ཚབས་ཆེན་བཏང་སྟེ་དབང་པོར་གནོད་སྐྱོན་ཆེན་པོ་བཟོས་པ། ཉེས་ཚབས་ཆེན་པོ་བཟོས་པས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་བྱས་ཏེ་ཁྲིམས་སྦྱོར་རྩད་ཞིབ་བྱས་ན། ཉེས་དོན་འགན་འཁྲི་འཁུར་དགོས། རང་ལོ་བཅུ་བཞི་ལ་སོན་ཞིང་བཅུ་དྲུག་མ་ལོན་པའི་མིས་བསམ་བཞིན་དུ་མི་བསད་པ་དང་བསམ་བཞིན་དུ་མི་གཞན་ལ་གནོད་འཚེ་བཏང་ནས་རྨས་སྐྱོན་ཚབས་ཆེན་བཟོས་པའམ་ཚེ་ལས་འདས་པ་དང་བཙན་གཡེམ་བྱས་པ། འཕྲོག་བཅོམ་བྱས་པ། དུག་རྫས་ཉོ་འཚོང་བྱས་པ། མེ་བཏང་བ། འབར་གཏོར་བྱས་པ། ཉེན་ཁ་ཡོད་པའི་དངོས་རྫས་འཇོག་པ་བཅས་ཀྱི་བྱས་ཉེས་བསགས་ན་ཉེས་དོན་འགན་འཁྲི་འཁུར་དགོས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号