སྨན་ཐང་གིས་བོད་ཀྱི་གསོ་རིག་སློབ་གསོའི་འཕེལ་རྒྱས་ཐད་ཐོན་པའི་ནུས་པར་དཔྱད་པ།

དང་པོ། སྤྱིར་བསྟན་པ།

བོད་དུ་པར་སྐྲུན་ལས་རིགས་མ་དར་གོང་དུ«རྒྱུད་བཞི»འདི་ཉིད་བྲིས་མ་ཁོ་ན་ལ་བརྟེན་ནས་སློབ་གཉེར་མཛད་པ་རེད། མཁས་དབང་བྱམས་པ་འཕྲིན་ལས་ཀྱི་དགོངས་པ་ལྟར་ན“དུས་རབས་བཅུ་བདུན་པའི་མཇུག་ལ«བེེ་སྔོན»པར་བརྐོས་བྱུང་བ་ནས། རྒྱུད་བཞིའི་ནང་དོན་དངོས་གནས་གཏན་འཁེལ་བྱས་ཡོད”ཅེས་གསུང་སྟེ། དེ་ནི་ད་ཡོད་མིག་གི་མཐོང་ཡུལ་དུ་གྱུར་པའི«རྒྱུད་བཞིའི»བདག་ཉིད་ཅན་རྒྱུད་དེའོ། །སྲོལ་རྒྱུན་གྱི་གཞུང་ཁ་ཚང་བ་ཞིག་གནའ་ནས་ད་རག་བར་བདེ་བླག་ངང་གནས་ཐུབ་པ་ནི། དེའི་རྒྱུད་པའི་གདམས་པ་མ་བོར་བ་ཡིན་ལ། རྒྱུད་པའི་གདམས་པ་ནི་སློབ་གསོའི་བྱེད་ཐབས་ཡིན་ཞེས་བཤད་ཆོག་སྟེ། ལྷག་པར་དུས་རབས་བཅུ་བདུན་པ་ནས་སྨན་ཐང་གི་བྲིས་ཆ་བྱུང་སྟེ། རྒྱུད་བཞི་འཆད་པ་ལ་རི་མོས་གསལ་སྟོན་དང་སྤྱི་སྡོམ་མཛད་པ་ནས་བོད་ཀྱི་གསོ་བ་རིག་པ་སྔར་ལས་འཕེལ་རྒྱས་སུ་ཕྱིན་པའོ། །
གཉིས་པ། བྲིས་ཆ་བྱུང་མ་བྱུང་སྔ་གཞུག་གི་གསོ་རིག་སློབ་གསོའི་དཔྱད་སྡུར།
གཅིག བྲིས་ཆ་མ་བྱུང་གོང་།

«གསོ་རིག་རྒྱ་མཚོའི་འཇུག་ངོགས»དང་། དགེ་རྒན་ཆེན་མོ་དཀོན་མཆོག་རྒྱལ་མཚན་དང་བྱ་མདོ་ཀླུ་བྱམས་རྒྱལ་གཉིས་ཀྱིས་བསྒྲིགས་པའི«བོད་ཀྱི་གསོ་རིག་དམའ་རིམ་ཆུ་ཚད་ཀྱི་སྤྱོད་བདེ་སློབ་དེབ»ལྟར་ན། “བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་ལ་རིམ་པ་གསུམ་དུ་བཀར་ཡོད། དེ་དག་ནི་བོད་ཀྱི་གསོ་རིག་ཐོག་མར་བྱུང་ཚུལ་དང་། བསྟན་པ་སྔ་ཕྱིའི་གསོ་རིག་དར་ཚུལ་བཅས་ཡིན།” དེ་ཡང་།«རྒྱུད་བཞིའི»ནང་དོན་བྲིས་ཆ་དེ་ནི་བསྟན་པ་ཕྱི་དར་སྐབས་བྱུང་བ་ཡིན་པ་ཀུན་གྱིས་ཤེས་གསལ་ལྟར། བྲིས་ཆ་བྱུང་བའི་སྔོན་གྱི་གསོ་རིག་སློབ་གསོའི་འཕེལ་རྒྱས་ཀྱི་གནས་བབས་བརྗོད་ན། དུས་ཀྱི་ཆ་ནས་སྡེ་ཡན་ཆད་ཀྱི་གསོ་རིག་ལོ་རྒྱུས་ཡོངས་རྫོགས་འཆད་འོས་མོད། ཡིན་ནའང་། གདོད་མའི་ཡིག་རིས་ཀྱི་ལམ་ནས་སྟབས་བདེ་ནད་བཅོས་བྱེད་ཚུལ་དང་། ལུས་གསོའི་གཞུང་མང་པོ་གསུང་ཡོད་པ་དེ་དག་གི་སྐབས་སུ། གསོ་བ་རིག་པ་འདི་ཉིད་འཐུས་ཚང་མ་ལག་ཅན་ཞིག་མིན་པས་བོད་ཀྱི་གསོ་བ་རིག་པའི་ཐོག་མའི་དར་ཚུལ་གླེང་བར་མི་སྤྲོའོ། །

བོད་ཀྱི་གསོ་རིག་ཟེར་བ་དེ་དུས་འདི་ལ་ཐོག་མར་མགོ་ཚུགས་ཞེས་གཏན་འཁེལ་བྱེད་དཀའ་ཡང་། ཡོངས་གྲགས་སུ། བསྟན་པ་སྔ་དར་སྐབས་ཀྱི་ཁྲི་ལྡེ་གཙུག་བརྟན་གྱི་རིང་ལ། རྗེ་གཡུ་ཐོག་རྙིང་མ་བྱ་བས་ཡི་གེ་གསར་པའི་ལམ་ནས་ནད་གསོའི་གཞུང་ཚད་ལྡན་ཞིག་བརྩམས་ལ། དེ་འཆད་ཉན་མཛད་སར་ཀོང་པོ་སྨན་གྱི་སློབ་གྲྭ་ཕྱག་འདེབས་མཛད། སློབ་གྲྭ་དེར་སློབ་གཉེར་བྱ་བའི་སློབ་མ་དག་གིས་ཡོན་ཚད་དང་རྒྱུགས་ཚད་ལོན་མིན་གྱི་ཆ་ནས་གསོ་རིག་གི་བསླབ་གནས་མི་འདྲ་བ་ཡང་བྱུང་། སྐབས་དེར་ཆེད་གཉེར་སློབ་མ་ཡང་མང་དུ་བྱུང་བས། སྤྱི་ཚོགས་ཀྱི་ཐད་ནས་ཀྱང་སྨན་པ་ནི་གྲངས་ཉུང་སྲིད་དོན་ལས་གཉེར་ཁོ་ནའི་བླ་སྨན་ནས་འབངས་ཀྱི་ཁྱོན་ལ་ནད་བཅོས་བྱེད་མཁན་ལྟ་བུར་ཁྱབ་གདལ་དུ་སོང་། ཡིན་ནའང་། རྗེ་གཡུ་ཐོག་པས་མཛད་པའི་གཞུང་ནི་ཅུང་ཙམ་གོ་དཀའ་ཞིང་གསང་བའི་ཆ་མང་ཙམ་འདུག་པས། གཡུ་ཐོག་པ་སྐུ་གཤེགས་རྗེས། ཕྱིས་སུ་འགྲེལ་ཆེན་དང་འགྲེལ་ཆུང་མང་དུ་བྱུང་ཡང་། སྔ་ན་མེད་པའི་འཕེལ་རྒྱུས་བྱུང་མ་ཐུབ།

བསྟན་པ་ཕྱི་དར་གྱི་ས་སྐྱ་པའི་སྐབས་སུ་བྲང་ཏིའི་གདུང་རྒྱུད་དང་། ཕག་གྲུའི་སྐབས་སུ་བྱང་ཟུར་གྱི་སློབ་རྒྱུད་སོགས་མང་དུ་བྱུང་ནས་གསོ་རིག་འཕེལ་རྒྱས་ཕྱིན་མོད། བྱང་བ་རྣམ་རྒྱལ་གྲགས་བཟང་དང་ཟུར་མཁར་མཉམ་ཉིད་རྡོ་རྗེ་གཉིས་ཕུད་པ་ལས་གཞན། ཆེད་གཉེར་པ་ཕུལ་བྱུང་ཅན་བགྲང་ལས་འདས་པ་མ་བྱུང་ལ། སྐབས་དེའི་སྤྱི་ཚོགས་ཀྱི་གསོ་རིག་དེ་དེ་སྔ་གཡུ་ཐོག་གི་དུས་དང་འདྲ་བའི་ཁྱབ་གདལ་དུ་སོང་མེད། རྒྱུ་མཚན་ནི་སྐབས་དེ་དག་ལ་དུས་འགྱུར་གྱི་དབང་གིས་དམངས་ཁྲོད་ནས་ལག་ལེན་གཙོ་བོར་བྱེད་པ་ལས།གསོ་བ་རིག་པའི་གཞུང་ལུགས་འཆད་ཉན་ལ་ལྷོད་གཡེང་ཕྲན་ཙམ་བྱུང་བར་སྙམ། ཡང་ན་འཆད་ཉན་གྱི་ཐབས་ཡག་ཤོས་ཤིག་མ་བཀོལ་བས་ཀྱང་སྲིད།
གཉིས། བྲིས་ཆ་བྱུང་བའི་རྗེས།

དུས་རབས་བཅུ་བདུན་པ་ལ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་སྨན་པའི་གྲྭ་ཚང་ལྕགས་རི་བེེ་ཌཱུརྱ་ལྟ་ན་ངོ་མཚར་འགྲོ་ཕན་རིག་བྱེད་གླིང་ཟེར་བ་བཏབ་ནས། སྐུ་ངོ་མས་སྨན་གཞུང་སློབ་ཁྲིད་བསྐྱངས། རྗེས་སོར་གཞན་དར་མོ་སྨན་རམས་པ་དང་། དགེ་སློང་བློ་བཟང་སོགས་སློབ་གྲྭ་དེ་གའི་དགེ་རྒན་ལ་ཞུས། སྤྱིར་བོད་ཀྱི་གསོ་རིག་གི་མ་ལྟ་བུའི་གཞུང་འདི་ཉིད་ལ།གསང་བ་དང་སྦས་པའི་ཆ། དོན་གབ་པའི་ཚུལ་དུ་བརྗོད་པ་མང་ཙམ་འདུག་པས། བྱང་ཟུར་གྱི་གསོ་རིག་སྨན་ཐང་གཞི་བྱས་ཏེ་སློབ་གཉེར་པ་ཀུན་ལ་འདིའོ་ལྟ་བུའི་བག་ཆགས་ངེས་པར་བྱ་ཆེད་དམ། གསོ་རིག་བསྟན་པ་སྔར་ལས་དར་ཞིང་འཕེལ་བའི་ཆེད་དུ། སྡེ་སྲིད་ཚང་ནས་ཚོན་སྣ་ལྡན་པའི་སྨན་ཐང་བརྒྱད་ཅུ་བྲིས་པ་རེད། ཡང་རི་མོ་འགས་གསོ་རིག་སློབ་གསོ་ལ་ནུས་པ་གལ་ཆེན་ཇི་ལྟར་ཐོན་ཡོད་ཅེས་ན། «སྡེ་སྲིད་ཁོག་འབུགས»དུའང་སྨན་ཐང་ནི་གསོ་རིག་སློབ་པ་ལ་གལ་ཆེ་ཚུལ་མང་ཙམ་བརྗོད་ཡོད། གཞན་ད་དུང་བཙན་པོའི་སྐབས་སུ་གསོ་རིག་སློབ་གསོ་འཕེལ་རྒྱས་འགྲོ་བའི་ཆེད་དུ། «རོ་བཀྲ་འཕྲུལ་གྱི་མེ་ལོང»དང་། «རོ་བཀྲ་ཐ་གུ་དགུ་སྦྱོར» «གསོན་ཐིག་ལས་ཐིག་གི་རྣམ་གཞག་དྲང་སྲོང་མིའི་ཁོག་པ»ལྟ་བུའི་བྲིས་ཆ་བྱུང་བ་ལས་ཀྱང་ཤེས། དུས་རབས་བཅུ་བདུན་པར་རྒྱུད་བཞིའི་ནང་དོན་བྲིས་ཆ་བྱུང་བ་ནས། སློབ་མ་རྣམས་ཀྱིས་སློབ་གཉེར་བྱེད་པ་ཅུང་སྟབས་བདེ་པོ་ཆགས་སོང་ལ། གསོ་རིག་སློབ་གསོ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་སོང་བ་རེད། དཔེར་ན། དབུས་ལྷ་ས་ནས་མདོ་སྨད་ཁམས་སུ་ཡང«རྒྱུད་བཞིའི»བསླབ་པ་འདི་ཉིད་དར་བར་བྱས་པ་ནས་སྐུ་འབུམ་བྱམས་པ་གླིང་དང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་སྨན་པ་གྲྭ་ཚང་སོགས་མང་ཙམ་བྱུང་བ་ལྟ་བུའོ། །

གསུམ་པ། མཇུག་བསྡུ་བ།

རྒྱུད་བཞིའི་ནང་དོན་བྲིས་ཆའམ། སྨན་ཐང་བྱུང་བ་ཡིས་བོད་ཀྱི་གསོ་རིག་སློབ་གསོའི་འཕེལ་རྒྱས་ལ་ནུས་པ་གལ་ཆེན་ཐོན་ཡོད་དེ། སློབ་གཉེར་པ་རྣམས་ཀྱིས་གཞུང་ཚིག་སྐམ་པོ་བློར་འཛིན་པ་ལས། ནང་དོན་གསལ་བར་བྱས་པ་ལྟ་བུ་རེད། དེ་ནི་དེང་དུས་ཀྱི་མི་ཞིག་གི་ངོས་ནས་བཤད་ན་ཡ་མཚར་རྒྱུ་ཆེར་མེད། རྒྱུ་མཚན་ནི་དེང་དུས་ཀྱིMicrosoft OfficePowerPointསྒྲོན་བརྙན་སྤྱིན་ཤོག་སྟེང་གི་རི་མོ་དག་ནི། བྲིས་ཆ་དེ་དག་ལས་ལྷག་པར་ཡག་ལ་གོ་རིམ་ཡང་ལྡན། འོན་ཀྱང་། ང་ཚོས་དུས་རབས་བཅུ་བདུན་པའི་མི་ཞིག་གི་ངོས་ནས་བསམ་བློ་བཏང་ན། དེ་ནི་བློ་ལ་དཔག་དཀའ་བའི་ཐོད་བརྒལ་ཞིག་མ་ཡིན་ནམ། སློབ་ཁྲིད་བྱེད་ཐབས་དེ་ལྟ་བུ་བཀོལ་ནས་དུས་དེ་རིང་གི་གསོ་རིག་ལ་གནས་བབ་འདི་འདྲ་མངོན་པ་མ་ཡིན་ནམ། ཡང་ན་མ་འོངས་ལ་ཁ་ཕྱོགས་པའི་གསོ་རིག་སློབ་གསོ་ལ་ཡང་། སྨན་ཐང་ངམ་བྲིས་ཆ་མེད་ན་འགྲེལ་བཤད་ཇི་ལྟར་བྱེད་དམ། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号