བོད་ལུགས་གསོ་བ་རིག་པ་ལས་བཏུང་བ་ཆུ་ཡི་ཕན་ཡོན་བསྟན་པ་མེས་པོའི་དགོངས་རྒྱན།

       ང་ཚོ་མིའི་གཟུགས་པོའི་ལྗིད་ཚད་ཀྱི་བརྒྱ་ཆ་དྲུག་ཅུ་ཙམ་ནི་བརླན་གཤེར་ཆུ་ཡི་ངོ་བོ་ཡིན་པས་ན། ཆུ་ནི་འགྲོ་བ་ཀུན་གྱི་སྲོག་ཡིན་ཞེས་བཤད་ན་མི་འགྲིག་པ་མེད། མི་སུ་ཞིག་ཡིན་རུང་ཉིན་ལྟར་ཆུ་འོས་ཤིང་འཚམ་པ་འཐུང་རྒྱུ་ནི་ཚེ་སྲོག་གི་རྒྱུན་བསྲིངས་པའི་ཆེད་དུ་ཡིན་ལ། དེ་བས་ཀྱང་ཆུ་ཚད་རན་པོ་བཏུང་ན་དེས་མིའི་གཟུགས་གཞི་བདེ་ཐང་ལའང་ཕན་ཐོགས་ཤིན་ཏུ་ཆེན་པོ་ཡོད། རྒྱུན་དུ་ཁ་སྐོམ་པའི་ཚོར་བ་བྱུང་དུས་ནི། གཟུགས་པོར་ཆུ་མི་འདང་བའི་རྟགས་ཡིན་པས། དེ་དུས་གང་མགྱོགས་ཚད་དང་ལྡན་པའི་ཆུ་གྲང་མོའམ་ཡང་ན་ཆུ་ཁོལ་དྲོ་འཇམ་སོགས་འཐུང་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་རེད། དེང་སང་དངོས་པོའི་དཔལ་ཡོན་དར་ཆེ་བས་ཁྲོམ་རའི་ཐོག་འཐུང་བྱ་མངར་མོ་དང་སྐྱུར་མོའི་རིགས་སྣ་ཚོགས་དོན་ཡོད་ལ། དེས་བཏུང་བ་ཆུ་ཡི་ཚབ་བྱས་ཏེ་འཐུང་མཁན་ཡང་ཤིན་ཏུ་མང་པོ་ཡོད། མ་གཞི་འཐུང་བྱ་དེ་རིགས་བཏུང་མ་ཐག་སྐོམ་པའི་གདུང་བ་སེལ་ཐུབ་པ་ནི་ཤོད་མི་དགོས་མོད། སྐོམ་པ་སེལ་པའི་ཞོར་ལ་གཟུགས་པོར་གནོད་པ་ཡང་གང་ཙམ་ཡོད་པས་ན་ང་ཚོས་དུས་དང་རྣམ་པ་ཀུན་དུ་འཐུང་བྱ་མངར་སྐྱུར་གྱི་རིགས་དེ་ཚོ་དུག་ལྟར་སྤོང་དགོས་ལ། ལྷད་མེད་དྭངས་གཙང་གི་ཆུ་གྲང་མོའམ་ཆུ་ཁོལ་སོགས་བསྟེན་ན། གཟུགས་པོ་བདེ་ཐང་ལའང་ཕན་ཐོགས་ཤིན་ཏུ་ཆེན་པོ་ཡོད། དེའི་ཕྱིར་ལེ་ཚན་འདིའི་ནང་ཆུ་བཏུང་ན་ཡང་སྙིང་མིའི་གཟུགས་པོར་ཕན་ཐོགས་གང་འདྲ་ཡོད་མིན་གོ་བདེའི་ངང་ནས་ངོ་སྤྲོད་ཞུ་བར་བྱའོ། །
དང་པོ། ཆུ་འཐུང་པའི་ཕན་ཡོན་སྤྱིར་བསྟན་པ།
       ཆུ་བཏུང་ན་སྐོམ་པ་སེལ་ཐུབ་པ་ནི་ཨ་ཅང་བརྗོད་མེད་ཡིན་ལ། དེས་མིའི་གཟུགས་པོར་མཁོ་བའི་བརླན་གཤེར་གྱི་ཚད་དེ་མཁོ་འདོན་ལེགས་པར་བྱ་ཐུབ། ད་དུང་ཆུ་བཏུང་ན་མིའི་གཟུགས་གཞི་བདེ་ཐང་ལ་ཕན་ཐོགས་གཞན་དག་ཀྱང་ཤིན་ཏུ་མང་པོ་ཡོད་དེ། དཔེར་ན། ཁ་ཟས་འཇུ་བའི་གྲོགས་བྱེད་པ་དང་ལུས་ཟུངས་ཀྱི་དྭངས་མ་དང་སྙིགས་མ་རྣམས་རང་རང་གི་གནས་སུ་འདྲེན་པར་བྱེད་ཐུབ། མིའི་གཟུགས་པོར་འཁོར་རྒྱུག་བྱེད་པའི་ཁྲག་གི་ངོ་བོ་གཙང་དུ་གཏོང་བ་དང་། མཁལ་མའི་ཟངས་ཚགས་ཀྱི་ནུས་པར་སྲུང་སྐྱོབ་བྱེད་ཐུབ་པ། ལུས་ཟུངས་ཀྱི་སྙིགས་མ་རྣམས་ཕྱིར་འབྱིན་ཐུབ་པ།བཤང་བ་སླ་རུ་གཏོང་ཐུབ་པ། གཅིན་ལམ་གཉན་ཚད་ཀྱི་གཙོས་པའི་ལུས་ཀྱི་གནས་གང་རུང་དུ་གནས་པའི་གཉན་ཁ་དང་ཚད་པ་ཆུང་ངུ་རྣམས་ཞི་བར་བྱེད་པ།ལུས་ཀྱི་པགས་པ་རྣམས་མཉེན་པར་ནུས་པ། གཞན་ཡང་མཁྲིས་པའི་རྡོ་སྐྲན་དང་མཁལ་མ་ལྒང་པའི་རྡོ་སྐྲན་རྣམས་ཀྱང་སྔོན་འགོག་བྱེད་ཐུབ་ལ། ཁྲག་ཤེད་དམའ་རུ་འགྲོ་ཞིང་ཁྲག་ཞག་སླ་རུ་གཏོང་བའི་ནུས་པའང་ལྡན། འོན་ཀྱང་ཆུ་འཐུང་སྐབས་བཟང་ངན་གྱི་གདམ་གསེས་བྱེད་ཐུབ་པ་དང་ཆུ་འཐུང་སྟངས་ཤེས་པ། མི་སོ་སོ་གནས་སའི་ཁོར་ཡུག་གི་དྲོ་གྲང་དང་སྤྱོད་ལམ་དལ་དྲག་སོགས་དང་བསྟུན་ཏེ། ཆུ་འཐུང་བའི་ཚད་གཞི་ཤེས་པ་བྱ་རྒྱུ་ནི་དེ་བས་ཤིན་ཏུ་གལ་ཆེན་ཡིན་པའོ།།
གཉིས་པ། ཆུ་ཁོལ་འཐུང་པའི་ཕན་ཡོན་བསྟན་པ།
       དེ་ཡང་ཆུ་ཁོལ་ནི་བདེ་ཐང་ལ་སྣང་འཇོག་བྱེད་མཁན་མི་རྣམས་ཀྱི་ཆེས་དགའ་ཤོས་ཀྱི་འཐུང་བྱ་ཞིག་ཡིན་ལ། བོད་ལུགས་གསོ་བ་རིག་པའི་ཞུང་ལུགས་དག་ལས་ཀྱང་། ནད་ལ་སྔ་བ་མ་ཞུ་བ་དང་། ནད་པ་ལ་སྔ་བ་ཤེད་བུ། སྨན་ལ་སྔ་བ་ཆུ་ཁོལ་ཞེས་པའི་བཤད་སྲོལ་ཡང་ཡོད། གལ་ཏེ་མི་རྣམས་ཀྱིས་ནམ་རྒྱུན་འཚོ་བའི་ཁྲོད་ཆུ་ཁོལ་མང་ཙམ་བཏུང་ན། དེས་གཟུགས་གཞི་བདེ་ཐང་ལ་ཕན་ནུས་བསམ་གྱིས་མི་ཁྱབ་པ་ཡོད་དེ། ཕན་ཡོན་རགས་ཙམ་ཞིག་གོང་དུ་ཆུ་འཐུང་པའི་ཕན་ཡོན་སྤྱིར་བསྟན་པའི་སྐབས་བཤད་ཡོད་ཅིང་། ཆུ་ཁོལ་དེ་རང་གིས་འགྲོ་བ་མིའི་ནད་མེད་ཚེ་བསྲིང་ལ་ཕན་པའི་ཁྱད་འཕགས་ཀྱི་ནུས་པ་མང་དུ་ལྡན་པའི་སྐོར་ཅུང་ཟད་ཞུས་ན། བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཆེན་མོ་དཔལ་ལྡན་རྒྱུད་བཞི་ལས། ཆུ་ཁོལ་དྲོད་སྐྱེད་ཟས་འཇུ་སྐྱིགས་བུ་སེལ། །བད་ཀན་ལྟོ་སྦོས་དབུགས་མི་བདེ་བ་དང་། །ཆམ་པ་རིམས་གསར་འཕྲལ་དུ་ལྡོག་པར་བྱེད། །ཞེས་གསུངས་པ་ལྟར། དུས་རྒྱུན་དུ་ཆུ་ཁོལ་ཚད་དང་ལྡན་པ་མང་དུ་འཐུང་ཚེ། གཟུགས་པོ་ལ་དྲོད་སྐྱེད་པ་སྟེ་གཅིག་ནས་ཕོ་བའི་མེ་དྲོད་སྐྱེད་པ་དང་། གཉིས་ནས་གཟུགས་པོ་ཡོངས་ལ་དྲོད་སྐྱེད་ཐུབ་ཀྱི་ཡོད། གཞན་ཡང་ཆུ་ཁོལ་ཚ་མོ་འཐུང་ཚེ་སྐྱིགས་བུ་ཕྲ་མོ་སྟེ་ཨིག་ཨིག་ཅེས་པའི་ཨིག་སྒྲ་སེལ་ཐུབ་པ་དང་། ཕོ་རླུང་དང་ཕོ་བར་བད་ཀན་འཕེལ་བ་སོགས་གྲང་བའི་རྐྱེན་གྱིས་སྐྱེད་པའི་ལྟོ་བ་སྦོས་པའམ་གྲོད་ཁོག་སྦོས་པ་ཞི་ཐུབ། ད་དུང་ཡང་དབུགས་རྒྱུའི་ལམ་དུ་བད་ཀན་བེ་སྣབས་འཕེལ་བའི་རྐྱེན་གྱིས་དབུགས་མི་བདེ་བ་སྟེ་དབུགས་གཏོང་དཀའ་བའི་ནད་རྟགས་སེལ་ཐུབ། ཁྱད་པར་དུ་གནམ་གཤིས་དྲོ་གྲང་འགྱུར་བའི་སྐབས་ཏེ། དཔྱིད་ཀ་དང་དགུན་ཁའི་དུས་སུ་མི་རྣམས་ལ་ཆམ་པ་ཕོག་སླ་བས་ན། ཆམ་པ་ཕོག་མ་ཐག་ནས་ཆུ་ཁོལ་མང་ཙམ་འཐུང་ཚེ་ཆམ་པ་མྱུར་དུ་ལྡོག་ཐུབ་པ་དང་ཆམ་པ་སྔོན་འགོག་ཡང་བྱེད་ཐུབ། དེ་བས་རིམས་ནད་གསར་པ་འགའ་ཞིག་ཕོག་མ་ཐག་ཆུ་ཁོལ་མང་ཙམ་འཐུང་ཚེ་དེས་ལྡོག་པར་གྱུར་བའམ་ཡང་ན་ལྡོག་པར་མ་གྱུར་ཀྱང་ནད་ཚབས་ཡང་དུ་འགྲོ་བའི་ནུས་པའང་ལྡན་ཡོད། བོད་ལུགས་གསོ་བ་རིག་པའི་གཞུང་དག་ལས་ཆུ་ཁོལ་ནི་བཅོས་མའི་ཡན་ལག་བརྒྱད་ལྡན་གྱི་ཆུ་རུ་བརྩི་བས་ན་ཆུ་ཡི་ནང་གི་མཆོག་ཏུ་གྱུར་བ་ཡིན་ཞིང་། བདེ་ཐང་ལ་ཕན་ཐོགས་ཤིན་ཏུ་ནས་ཆེ་བས། ནམ་རྒྱུན་ང་ཚོས་ཆུ་ཁོལ་མང་ཙམ་འཐུང་རྒྱུ་ནི་རྒྱུ་གཏོང་མི་དགོས་པར་ལྷ་དབུ་ཆེན་པོ་བཞེངས་པ་མ་ཡིན་ནམ།
       ཆུ་གྲང་ངམ་ཆུ་བསིལ་བཏུང་ན་གོང་དུ་གསུངས་པའི་ཕན་ཡོན་དག་ཡོད་པ་ནི་བཤད་མི་དགོས་ལ། ཁྱད་པར་དུ་དེ་ལ་དམིགས་བསལ་གྱི་ནད་གཞི་འགའ་ཞིག་སེལ་བའི་ནུས་པའང་ཡོད་དེ། བོད་ཀྱི་གསོ་བ་རིག་པའི་གཞུང་ཆེན་དཔལ་ལྡན་རྒྱུད་བཞི་ལས། ཆུ་བསིལ་བརྒྱལ་ངལ་ཆང་ནད་མགོ་འཁོར་སྐྱུག །སྐོམ་དད་ལུས་ཚ་ཁྲག་མཁྲིས་དུག་ནད་སེལ། །ཞེས་གསུངས་པ་བཞིན་ཆར་ཆུ་གངས་ཆུ་སོགས་ཆུའི་འབྱུང་ཁུངས་བཟང་ལ་དྭངས་ཤིང་གཙང་བའི་ཆུ་གྲང་ངམ་ཆུ་བསིལ་དེ་ཁོང་དུ་བཏང་བའམ་ཡང་ན་ལུས་ལ་གཏོར་ན་དྲན་མེད་དུ་བརྒྱལ་བ་ལས་སངས་ཐུབ་པ་དང་། ལུས་ཤིན་ཏུ་ངལ་བ་སྟེ་ཐང་ཆད་པ་གསོས་པ། དེ་མིན་ཆང་བཏུངས་དྲགས་པའི་རྐྱེན་གྱིས་ཆང་ནད་ཕོག་པ་སྟེ། མགོ་ཡུ་འཁོར་ཞིང་ན་ཟུག་གཏོང་བ་རྣམས་སེལ་བ། ཡང་རྒྱུ་རྐྱེན་སྣ་ཚོགས་དབང་གིས་སྐྱུག་མེར་ལངས་ཤིང་ཟས་སྐོམ་སྐྱུགས་པར་བྱེད་པ་སེལ་བ། གཞན་ཡང་སྐོམ་དད་ཤིན་ཏུ་ཆེ་བ་དང་ལུས་ལ་ཚ་དྲོད་རྒྱས་པ། ཁྲག་མཁྲིས་འཕེལ་བའི་ནད། དུག་རིགས་ཕོག་པའི་ནད་བཅས་སེལ་བའི་ནུས་པའང་ལྡན་པའོ། །
གསུམ་པ། མཇུག་བསྡུ་བ།
       དེ་ཡང་ཇི་སྐད་དུ། ཆུ་ཡིས་ཕན་པ་ཙམ་ཞིག་སྨན་གྱིས་ག་ལ་ཕན། །ཆུ་ཡིས་གནོད་པ་ཙམ་ཞིག་དུག་གིས་ག་ལ་གནོད། །ཅེས་པའི་དཔེ་ལྟར་རྣམ་པ་ཀུན་དུ་དྭངས་གཙང་གི་ཆུ་གྲང་མོའམ། ཡང་ན་ཆུ་ཁོལ་མང་ཙམ་འཐུང་ཐུབ་ན་ནད་རྣམས་སེལ་བའི་གཉེན་པོ་སྨན་ལས་ཀྱང་ཕན་ནུས་ལྡན་ཡོད། དེ་བས་དེས་ནད་གཞི་མང་པོ་ཞིག་སྔོན་འགོག་བྱེད་ཐུབ་པ་སྟེ། ནད་མེད་པར་གནས་ཤིང་ཚེ་བསྲིང་བ་དང་རྒས་པ་འགོག་པ་སོགས་ཀྱི་ནུས་པའང་ངེས་ཅན་ལྡན་པས་ན་དུག་དང་མཚུངས་པའི་བཏུང་བྱ་མངར་མོའི་རིགས་རྣམས་རིང་དུ་སྤང་སྟེ་ཆུ་བསིལ་ལམ་ཆུ་ཁོལ་བསྟེན་པའི་ཐབས་ལ་འབད་པར་བྱའོ། གཞན་ཡང་གནམ་གཤིས་ཚ་བ་ཤིན་ཏུ་ཆེ་བའི་དུས་སོགས་དགོས་པའི་དབང་གིས་ཆུ་གྲང་ཅུང་ཟད་བསྟེན་ཡང་ཆོག་མོད། སྤྱིར་ན་ཆུ་གྲང་མོ་ལས་ཆུ་ཁོལ་གྱི་ནུས་པ་ལྡབ་འགྱུར་གྱིས་ཆེ་བས་ཆུ་ཁོལ་བཏུང་ན་ལུས་ལ་ཕན་པ་ཆེ་ལ། ཁྱད་པར་དུ་ཕོ་བའི་མེ་དྲོད་ཞན་པའམ་ཕོ་བ་ཡག་པོ་མེད་པའི་རིགས་ཀྱིས་ཆུ་གྲང་སྤང་སྟེ་ཆུ་ཁོལ་མང་དུ་བསྟེན་པར་བྱའོ། །

བཏུང་བའི་མཆོག་གྱུར་ཆུ་ཡི་ཕན་ཡོན་འདི། །
དམངས་རྣམས་ཀུན་གྱིས་མཐོང་ཞིང་ཐོས་པ་དང་། །
རྟག་ཏུ་དེ་ཉིད་བསྟེན་པར་འབད་པ་ཡིས། །
འགྲོ་རྣམས་བདེ་བའི་ཁམས་ལ་རོལ་བར་སྨོན། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号