༄༅།།མཚོ་སྔོན་ཙོང་ཁ་བཀའ་བསྟན་གསེར་བྲིས་རིག་གནས་ཐོན་ལས་ཚད་ཡོད་སྤྱི་གཉེར་ཁང་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་ལ་རང་ནུས་ཀྱིས་སྲི་ཞུ་སྒྲུབ་པར་དམིགས་ཏེ་བཙུགས་པའི་ཁེ་ལས་ཤིག་ཡིན་ལ། སྤྱི་ལོ་༢༠༡༦ལོའི་ཧོར་ཟླ་༣པའི་ཚེས་༣ཉིན་ཐོད་འགོད་བྱས་ཤིང་ལོ་དེའི་ཟླ༥ བའི་ཚེས༡༩ ཉིན་སྒོ་འབྱེད་ཀྱི་མཛད་སྒོ་གཟབ་རྒྱས་ངང་འཚོགས། སྤྱི་གཉེར་ཁང་ལ་ཁྱོན་མ་དངུལ་ཁྲི་སྟོང་ཕྲག་གསུམ་ཐོ་འགོད་བྱས་ཡོད།རྒྱལ་ཡོངས་སུ་ཆེས་ཐོག་མར་བཙུགས་པའི་བཀའ་བསྟན་གཙོས་པའི་ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་གསུང་རབ་བསྟན་བཅོས་སོགས་གསེར་དངུལ་གཡུ་གསུམ་གྱིས་འབྲི་བཞེངས་བྱེད་པ་གཙོར་བྱས་ཏེ། གནའ་བོའི་གླེགས་བམ་གསེར་བྲིས་མའི་དཔེ་བཀོད་ལྟར་འཆར་འགོད་དང་། སྒྲིག་བཟོ། འགྲེམས་སྟོན། ཕྱིར་འཚོང་བཅས་གཅིག་ལྕོགས་སྒོས་ཚོང་གཉེར་བྱེད་ཀྱིན་པའི་ཁེ་ལས་ཤིག་ཡིན། སྤྱི་གཉེར་ཁང་དུ་ལས་བཟོ་བ་བརྒྱ་ལྷག་ཡོད་ཅིང་ ༡ བོད་ཤོག་བཟོ་བ་དང་བརྡར་བ། ༢ ཐིག་བརྡབས་པ། ༣ གསེར་དངུལ་གཡུ་གསུམ་འདུལ་བ། ༤ གསེར་ཡིག་འབྲི་བ། ༥ ཞུ་དག་བྱས་པ། ༦ ལྷ་བཞེངས་པ། འདུ་ཁང་བཞེངས་སྐྲུན་གྱི་ལས་བཟོ་བ། རྡོ་བརྐོས་བཅས་ཀྱི་རིག་ཚན་བརྒྱད་ལྷག་བརྒྱུད་དེ་ད་གཟོད་བཀའ་བསྟན་གསེར་བྲིས་ཀྱི་ཐོན་ལས་གཉེར་གྱིན་པ་དེ་འདྲ་ཞིག་ཡིན། གཞན་ཡང་འགྲེམ་སྟོན་ཁང་དུ་དཔེ་རྙིང་དང་ཅ་དངོས་རྙིང་བ། ཐང་ག་རྙིང་བ་སོགས་རྒྱ་ཆེའི་མང་ཚོགས་རྣམ་པའི་མིག་གི་སྤྱོད་ཡུལ་དུ་ལོ་རྒྱུས་དང་བཅས་བཤམས་ཡོད་ལ། སྤྱི་གཉེར་ཁང་གི་ཐོན་རྫས་གཙོ་གྲས་ཀྱི་རིགས་ནི། ༢༠༡༢ ལོ་ནས་བཟུང་སྟེ་རྗེ་ཙོང་ཁ་བའི་གསུང་འབུམ་དང་། ཨ་ལག་ཤ་ངག་དབང་བསྟན་དར་གྱི་གསུང་འབུམ། གསེར་འོད། ཐར་མདོ། ལམ་རིམ་ཆེན་མོ། བཀའ་བསྟན་སོགས་ཀྱི་གླེགས་བམ་ཆེ་ཆུང་ཅི་རིགས་གསེར་དངུལ་གཡུ་གསུམ་གྱིས་འབྲི་བཞེངས་བྱས་པས་གཡུར་ཟའི་གྲུབ་འབྲས་ཐོབ་པ་ལ་རྒྱུས་ཡོད་དགོན་སྡེ་ཁག་དང་། དངོས་མང་བཤམས་སྟོན་ཁང་། བོད་ཀྱི་སྤྱི་གཉེར་ཁང་མང་པོ་ནས་ཀྱང་དུས་ཡུན་ཐུང་བའི་ལས་གཉེར་གྱི་གྲུབ་འབྲས་ལ་དགའ་བསུ་དང་བསྔགས་བརྗོད་ཀྱི་མེ་ཏོག་ལན་བརྒྱར་གཏོར་གྱིན་པའོ།། འབྲི་བཞེངས་བྱས་ཟིན་པའི་ཨ་ལག་ཤ་ངག་དབང་བསྟན་དར་གྱི་གསུང་འབུམ་ད་ལྟའི་ཆར་ནང་སོག་ཨ་ལག་ཤ་ཙོའུ་ཆུའུ་ཡིག་ཚགས་ཁང་དུ་ཉར་ཚགས་བྱས་ཡོད།དེ་མིན་བཀའ་བསྟན་གསེར་བྲིས་སྤྱི་གཉེར་ཁང་འདི་མ་བཙུགས་པའི་སྔོན་ཏེ་སྤྱི་ལོ་༢༠༡༣ལོར་ནང་སོག་ཨ་ལག་ཤ་ས་ཁུལ་གྱི་དགོན་སྡེ་ཁག་ཏུ་མཐོ་ཚད་ལ་སྨི་དགུ་ལྷག་ཡོད་པའི་འཇམ་དབྱངས་རིགས་ལྔའི་ལྷ་སྐུ་གཙོར་བྱས་ཏེ། ཐང་ཀ་དང་ལྡེབས་རིས། མ་ཎི་རྡོ་བརྐོས་སོགས་བཞེངས་ཏེ་དགའ་བསུ་ཆེན་པོ་ཐོབ་ཡོད། ང་ཚོས་ཤེས་གསལ་ལྟར་བཀའ་བསྟན་སོགས་རྒྱལ་བའི་གསུང་རབ་གསེར་དངུལ་གཡུ་སོགས་རིན་ཆེན་སྣ་ལྔའམ་སྣ་བདུན་གྱིས་འབྲི་བཞེངས་བྱས་པའི་སྲོལ་འདི་རང་རེའི་བོད་ལ་མ་གཏོགས་སྔོན་ཆད་ཕལ་ཆེར་བྱུང་མེད་ཅིང་། དེ་ཡང་གསུང་རབ་གསེར་དངུལ་གྱིས་བྲིས་པའི་རིན་ཐང་ལྟ་ཚུལ་ཆུངས་དྲག་པས་ཡིན་ལ། རང་རེའི་ཚོར་མདོ་རྒྱུད་དུ་མ་ནས་བཀའ་བསྟན་གསེར་དངུལ་གྱིས་འབྲི་བཞེངས་བྱས་པའི་ཕན་ཡོན་མང་དུ་གསུངས་ཡོད་པས་ཡིན་ཏེ། མདོ་སྡུད་པ་ལས། འབྲིར་འཇུག་པས་བསྐལ་བ་སྟོང་གི་སྡིག་སྒྲིབ་འབྱང་བར་འགྱུར་རོ་ཞེས་དང་། ཚེ་མདོ་ལས། ཚེ་དཔག་ཏུ་མེད་པའི་གཟུངས་སྔགས་འདི་འབྲི་བ་དང་འཆད་པའི་ཕན་ཡོན་བགྲང་དུ་མེད་དོ་ཞེས་དང་། འབུམ་ཆུང་དུ། སངས་རྒྱས་ཀྱི་སྐུ་རིང་ལ་ཉིན་གཅིག་ལ་འབུམ་ཆུང་ཚར་བརྒྱ་བྲིས་པས་རྒན་རྒོན་གཉིས་ཀྱི་ཚེ་རིང་བར་ཕྱིན་པའི་གཏམ་རྒྱུད་ལ་སྦྱར་ཏེ་གསུངས་ཡོད། གཞན་ཡང་བཀའ་བསྟན་འབྲི་བཞེངས་བྱས་པས་འགལ་རྐྱེན་བར་ཆད་ཞི་བས་ཚེ་རིང་བ་དང་། ནད་གདོན་སྡིག་སྒྲིབ་ཞི་བ། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ལ་ཉེ་བ་སོགས་ཀྱི་ཕན་ཡོན་བསམ་གྱིས་མི་ཁྱབ་ཅིང་། བསམ་པ་དག་པས་བྲིས་ན་ཡི་གེ་འབྲུ་གཅིག་པུ་ལའང་རྣམ་དཀར་གྱི་ཆོས་སྤྱོད་བཅུ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཉམས་ལེན་ཀྱང་ཚང་བར་འགྱུར་ལ། མ་ཟད་དམ་པའི་ཆོས་ཀྱི་ཡི་གེ་བྲིས་པའི་ཕན་ཡོན་གཟུགས་སུ་གྲུབ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་མི་ཤོང་བར་བཀའ་དང་བསྟན་བཅོས་རྣམས་ལས་ཡང་དང་ཡང་དུ་གསུངས་ཞེས་རྒྱལ་ཁམས་འགྲིམས་པའི་ལྡོམ་བུ་བ་མི་ནུས་གསུངས་སོ།། གོང་དུ་འབྲི་བཞེངས་བྱས་པའི་ཕན་ཡོན་གསུངས་པ་དག་ལ་ཡང་རྒྱུ་མཚན་མེད་པ་ཡེ་མིན་ཏེ། སངས་རྒྱས་ཀྱི་མཛད་པ་ཐམས་ཅད་ཀྱི་ནང་ནས་གསུང་གི་མཛད་པ་མཆོག་ཡིན་པ་བཞིན་དུ་དགེ་བ་ཐམས་ཅད་ཀྱི་ནང་ནས་གསུང་རབ་འབྲི་བ་ཉིད་མཆོག་ཡིན་པ་མཁས་གྲུབ་ཚད་ལྡན་མང་པོས་མགྲིན་དབྱངས་གཅིག་གིས་གསུངས་ཡོད་ན་བློ་དང་ལྡན་པ་རྣམས་ཀྱིས་ཉིན་རེར་ཤོ་ལོ་ཀ་གཅིག་རེ་ཆགས་མེད་དུ་འབྲི་རྒྱུ་གལ་ཆེ་ཞེས་གསུངས་སོ།། ཡང་གཅིག་བཤད་ན་ང་ཚོ་བོད་ལ་སྔོན་ནས་རྒྱལ་བའི་གསུང་རབ་རིན་ཆེན་སྣ་ལྔའམ་སྣ་བདུན་གྱིས་འབྲི་སྲོལ་ཡོད་པ་དེ་རྒྱལ་ཁབ་གཞན་དག་ལ་མེད་ཚོད་རེད། གལ་སྲིད་དེ་འདྲ་ཡིན་ན་ང་ཚོས་གསེར་དང་དངུལ། གཡུ། བྱུ་རུ། མུ་ཏིག་སོགས་ཀྱིས་བྲིས་ཏེ་འགྲེམས་སྟོན་ཁང་དུ་འཇོག་ཐུབ་པ་དེ་གལ་ཆེན་པོ་ཡིན་ཞེས་ད་ལྟའི་དངོས་ཡོད་གནས་ཚུལ་དང་སྦྱར་ཏེ་གསུངས་འདུག་པ་འདིས་ཀྱང་གསེར་དངུལ་གྱིས་གསུང་རབ་འབྲི་བཞེངས་བྱེད་པའི་དགེ་མཚན་སྔོག་འདོན་བྱས་པའང་མཚོན་ཐུབ་བོ།། མཇུག་ཏུ་ངེད་སྤྱི་གཉེར་ཁང་གིས་གོང་དུ་གསུངས་པའི་ཕན་ཡོན་དང་དགེ་མཚན་གཞིར་བཅོལ་བའི་འདུ་ཤེས་འཛིན་སྟངས་ཀྱི་སྟེང་ནས་དུས་དང་རྣམ་པ་ཀུན་ཏུ་རྒྱུ་སྤུས་དང་ཞབས་ཞུ། གཟབ་ནན། དྲིན་འཇལ་གྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། རྒྱུ་སྤུས་ཀྱིས་འཚོ་གནས་ཁག་ཐེག་བྱེད་པ་དང་ཡིད་རྟོན་གྱིས་འཕེལ་རྒྱས་གོང་འཕེལ་གཏོང་བའི་རྩ་དོན་སྲོག་བཞིན་བསྲུངས་ནས་བོད་ཆོལ་ཁ་གསུམ་གཙོས་པའི་རྒྱལ་ནང་གི་ཡུལ་གྲུ་ཀུན་ལ་ཞབས་ཞུ་གང་ལེགས་སྒྲུབ་ངེས་ཡིན་ཞེས་མཚོ་སྔོན་ཙོང་ཁ་བཀའ་བསྟན་རིག་གནས་ཐོན་ལས་ཚད་ཡོད་སྤྱི་གཉེར་ཁང་གིས་ཟླ་ཚེས་བཟང་པོར་བྲིས། གསེར་དངུལ་ལྷད་མེད་ཀྱིས་བཞེངས་པའི་རྒྱལ་བའི་གསུང་རབ་མཁོ་ན་འདི་ལ་འབྲེལ་བ་བྱོས།རང་སེམས་དད་སྟོབས་ཀྱིས་དྲངས་པའི་དམ་པའི་གསུང་རྟེན་མཁོ་ན་འདི་ལ་འབྲེལ་བ་བྱོས།ས་གནས། གཅན་ཚ་རྫོང་རྨ་ཆུའི་ཟམ་ཁའི་ཧི་མ་ལ་ཡ་རིག་གནས་གྲོང་།འབྲེལ་གཏུགས་བྱེད་ས། བརྩོན་འགྲུས། ཁ་པར་ཨང་གྲངས། 156-8062-4196ཕུན་ཚོགས། ཁ་པར་ཨང་གྲངས། 130-0774-6664