བོད་འགྱུར«ཚད་མ་ཀུན་བཏུས»རྩ་འགྲེལ་གྱི་གནས་ཚུལ་རགས་བསྡུས།

བྱ་ཉ་བློ་བཟང་ཚུལ་ཁྲིམས།

[ནང་དོན་གནད་བསྡུས།] «དཀར་ཆག་ལྡན་དཀར་མ»སོགས་སུ«ཚད་མ་ཀུན་བཏུས»འགྱུར་བ་འཁོད་མེད་པས«ཚད་མ་ཀུན་བཏུས»བོད་དུ་འགྱུར་བ་ནི་བསྟན་པ་ཕྱི་དར་གྱི་སྐབས་སུ་སྣང་། ཕྱི་དར་གྱི་སྐབས་སུ་ཞ་མ་སེང་རྒྱལ་གྱིས་བསྒྱུར་བ་གཅིག་དང་མར་ཐུང་དད་པ་ཤེས་རབ་ཀྱིས་བསྒྱུར་བ་སྟེ་འགྱུར་མི་འདྲ་བ་གཉིས་ལས་སྔ་མ«སྡེ་བསྟན»དུ་བཞུགས་ཤིང་། ཕྱི་མ་པེ་ཅིང་དང་སྣར་ཐང་པར་མའི«བསྟན་འགྱུར»དུ་བཞུགས་ཡོད། མར་ཐུང་དད་པ་ཤེས་རབ་ནི་མེ་ཕོ་འབྲུག(1076)གི་ཆོས་འཁོར་ལ་ཕེབས་ཡོད་པས་སྐབས་དེ་ཤེད་ཀྱི་ལོ་ཙཱ་བ་ཡིན་ཞིང་བྱུང་བ་ཞིབ་པ་གང་དུ་ཡང་མ་མཇལ། ཞ་མ་སེང་རྒྱལ་ནི་སྤྱི་ལོ(1062)ཆུ་སྟག་གི་ལོར་འཁྲུངས་པའི་ཞ་མ་མ་གཅིག་གི་གཅེན་པོ་ཡིན་པས་སྤྱི་ལོ(1060)ཡས་མས་ཙམ་ལ་འཁྲུངས་སམ་སྙམ་པ་ཡོད་ཅིང་། དུས་རགས་པ་ནི་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་སོགས་དང་མཉམ། ཁོང་གི་བྱུང་བ་ཐོར་བུ་ཞིག་འགོས་ཀྱི«དེབ་སྔོན»དུ་འཁོད་ཅིང་། «ཀུན་བཏུས»རྩ་འགྲེལ་སོགས་གཞུང་དང་སྒྲུབ་ཐབས་འགའ་ཞིག་བསྒྱུར་བ་རྣམས«སྡེ་བསྟན»དུ་བཞུགས་ཡོད། «ཀུན་བཏུས་རང་འགྲེལ»དུ་གྲགས་པ་འདི་ཉིད«རང་འགྲེལ»དངོས་ཡིན་མིན་ལ་བོད་དུ་རྩོད་པ་བྱུང་ཡང་རྒྱ་གར་དུ་སློབ་དཔོན་ཆོས་གྲགས་དང་རྒྱལ་དབང་བློས«རང་འགྲེལ»ཡིན་པ་གཞིར་བཟུང་གིས་འགྲེལ་བ་མཛད་ཡོད། «རང་འགྲེལ»ལ«ཡངས་པ་དང་དྲི་མ་མེད་པ་དང་ལྡན་པ་ཞེས་བྱ་བ་ཚད་མ་ཀུན་ལས་བཏུས་པའི་འགྲེལ་བཤད»སློབ་དཔོན་རྒྱལ་དབང་བློས་མཛད་པ་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས་པཎྜི་ཏ་ལ་མ་ལྟོས་པར་རང་འགྱུར་དུ་མཛད་པ«སྡེ་བསྟན»དུ་བཞུགས་པ་ཕུད་གཞན་འགྲེལ་བཤད་རྒྱ་གར་མ་གང་ཡང་བོད་འགྱུར་བྱུང་མེད།

[གནད་ཚིག] «ཚད་མ་ཀུན་བཏུས» མར་ཐུང་དད་པ་ཤེས་རབ། ཞ་མ་ལོ་ཙཱ་བ་སེང་གེ་རྒྱལ་མཚན། «རང་འགྲེལ»

བོད་འགྱུར«ཚད་མ་ཀུན་བཏུས»ལ་རྒྱ་འགྲེལ་བོད་དུ་འགྱུར་བ་ཇི་ལྟ་བུ་ཡོད་དམ། བོད་ཀྱི་འགྲེལ་པ་གང་དང་གང་བཞུགས་སམ། གཞུང་དེ་བོད་འགྱུར་གྱི་ལོ་ཙཱ་བ་དག་གི་བྱུང་བ་ཇི་ལྟར་ཡིན་ནམ། «ཀུན་བཏུས་རང་འགྲེལ»དུ་གྲགས་པ་འདི་ཉིད་རང་འགྲེལ་ཡིན་མིན་གྱི་དོགས་པ་ཇི་ལྟར་བྱུང་ངམ་ཞེ་ན། འོག་ཏུ་དེ་དག་གི་ལན་ལ་དཔྱད་པ་རགས་ཙམ་བྱའོ། །

གཅིག སྤྱིར་བཤད་པ། 
       དེ་ཡང་ཕྱོགས་ཀྱི་གླང་པོ་མ་བྱོན་པའི་སྔོན་དུ་ནང་པའི་ལུགས་ཀྱི་ཚད་མའི་སྐོར་ཐོར་བུ་འགའ་བྱུང་ཡོད་ཅིང་ལྷག་ཏུ་དབྱིག་གཉེན་གྱི་གཞུང་དག་ཏུ་ཕྱིས་ཀྱི་ཚད་གཞུང་ནང་གི་བརྗོད་བྱ་མང་པོ་ཞིག་གི་རྨང་བཏིང་ཟིན། འོན་ཀྱང་སངས་རྒྱས་པའི་ལུགས་ཀྱི་ཆ་ཡོངས་སུ་ཚང་བའི་ཚད་མའི་བསྟན་བཅོས་ཐོག་མ་ནི་ཕྱོགས་གླང་གི«ཚད་མ་མདོ་ཀུན་ལས་བཏུས་པ»ཡིན།  འདིའི་ནང་དུ་གཞན་སེལ་གྱི་སྐོར་དང་། སྒྲུབ་ངག་ཡན་ལག་ལྔ་ལྡན་འགོག་པ། རང་རིག །རྟོག་བཅས་རྟོག་མེད་ཀྱི་ཁྱད་པར་སོགས་ལྟ་གྲུབ་གལ་ཆེན་མང་པོ་ཞིག་གསར་དུ་གཏན་ལ་འབེབས་པར་མཛད། «ཚད་མ་ཀུན་བཏུས»ལ་ལེའུ་དྲུག་ཡོད་པ་དང་། དེ་ལ«རང་འགྲེལ»ཡང་སློབ་དཔོན་ཉིད་ཀྱིས་མཛད་ཡོད། ཕྱིས་ཆོས་གྲགས་ཀྱིས་དེ་ལ་དོན་འགྲེལ་ལྟ་བུ་རུ«ཚད་མ་རྣམ་འགྲེལ»མཛད་ཅིང་། ལྷག་ཏུ་དེའི་མཆོད་བརྗོད་ཀྱི་གཞུང་ཚིག་རྐང་ཕྱེད་དང་གཉིས་ཀྱི་དོན«རྣམ་འགྲེལ»ཚད་གྲུབ་ཀྱི་ལེའུ་རུ་ཞིབ་ཏུ་འགྲེལ་པར་མཛད། བསྟན་པ་སྔ་དར་སྐབས་ཀྱི«དཀར་ཆག་ལྡན་དཀར་མ»དང་། «འཕང་ཐང་མ»གཉིས་ཀར«ཀུན་བཏུས»རྩ་འགྲེལ་འགྱུར་བ་འཁོད་མེད་པས«ཚད་མ་ཀུན་བཏུས»བོད་དུ་འགྱུར་བ་ནི་བསྟན་པ་ཕྱི་དར་གྱི་སྐབས་སུ་ཡིན། «ཉང་རལ་ཆོས་འབྱུང»ལས། “ཇོ་བོ་དབུས་སུ་བཞུགས་པའི་དུས་སུ་མངའ་རིས་པའི་ལོ་ཙཱ་བ་ཏིང་ངེ་འཛིན་བཟང་པོ། རྒྱ་གར་ཁ་ཆེར་འཁྲུངས་པ། རབ་ཏུ་སྦྱངས་པ། ཡུལ་མ་ག་དྷར་མཁས་པར་གྲགས་པ་པཎ་ཌི་ཏ་ཙན་དྷ་ར་ཧུ་ལ་ཆེན་པོ་སྤྱན་དྲངས་ནས། རྟོག་གེ་རིག་པ་ཚད་མའི་བསྟན་བཅོས་ཕྱོགས་གླང་གིས་མཛད་པ་ཀུན་ལས་བསྡུས་པ་དང་། དེའི་དོན་གྱི་འགྲེལ་པ། ཆོས་ཀྱི་གྲགས་པས་མཛད་པའི་སྡེ་བདུན་བསྒྱུར་རོ། །དགེ་བཤེས་མཐའ་དགེ་མཐོང་ལ་སོགས་པ་རྣམས་ཀྱིས་ཤེས་རབ་རྒྱས་པར་མཛད་དོ། །”[1]ཞེས་དུས་རབས་བཅུ་གཅིག་པའི་ནང་མངའ་རིས་པའི་ལོ་ཙཱ་བ་ཏིང་ངེ་འཛིན་བཟང་པོ་ཞེས་པས«ཀུན་བཏུས»དང«ཚད་མ་སྡེ་བདུན»བསྒྱུར་བའི་སྐོར་འཁོད་ཀྱང་ད་ཡོད«ཀུན་བཏུས»ཀྱི་འགྱུར་བྱང་དུ་དེའི་སྐོར་མི་གསལ། དེ་བཞིན«བསྟན་འགྱུར»ནང་གི་འགྱུར་བྱང་ལ་བརྟག་ན་འདིས«ཚད་མ་སྡེ་བདུན»ལས«འབྲེལ་པ་བརྟག་པ»ལ་འགྱུར་བཅོས་མཛད་པ་ཕུད་གཞན་གང་ཡང་བསྒྱུར་མེད།

ད་ཡོད་བོད་འགྱུར«ཚད་མ་ཀུན་བཏུས»དང་དེའི«རང་འགྲེལ»ལ་འགྱུར་མི་འདྲ་བ་གཉིས་བྱུང་ཞིང་། གཅིག་མར་ཐུང་དད་པ་ཤེས་རབ་དང་པཎྜི་ཏ་གསེར་གྱི་གོ་ཆ་གཉིས་ཀྱིས་བོད་ཡིག་ཏུ་བསྒྱུར་བ་སྟེ་པེ་ཅིང་དང་སྣར་ཐང་པར་མའི«བསྟན་འགྱུར»གྱི་ནང་དུ་བཞུགས་ཡོད། དེའི་འགྱུར་བྱང་དུ། “ཚད་མ་ཀུན་ལས་བཏུས་པ་རྩོད་པ་པ་ཆེན་པོ་ཤིན་ཏུ་ཕྲ་བའི་ཐུགས་མངའ་བ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ་རྫོགས་སོ། །ཕྱོགས་རྣམས་ཀུན་གྱི་ཕས་ཀྱི་རྒོལ་བ་རྣམས། །འཇོམས་པར་བྱེད་ལ་གླང་པོའི་སྟོབས་ལྡན་པ། །ཕྱོགས་ཀྱི་གླང་པོའི་གཞུང་ཀུན་ལས་བཏུས་པ། །བདག་ཉིད་ཀྱི་ནི་འབྱོར་བ་ལ་བརྟེན་ནས། །ཤིས་པའི་དགེ་གནས་གཙུག་ལག་ཁང་གནས་སུ། །རྒྱ་གར་མཁན་པོ་གསེར་གྱི་གོ་ཆ་དང་། །སྒྲ་བསྒྱུར་ལོ་ཙཱ་དད་པའི་ཤེས་རབ་ཀྱིས། །བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ཡིན། །”[2]ཞེས་འཁོད།  ལོ་ཙཱ་བ་དད་པ་ཤེས་རབ་ནི་མངའ་བདག་རྩེ་ལྡེའི་སྐབས་ཀྱི་མེ་ཕོ་འབྲུག(1076)གི་ཆོས་འཁོར་ལ་ཕེབས་པ«ར་ལོ་ཙཱ་བའི་རྣམ་ཐར»[3]དང་འགོས་ཀྱི«དེབ་སྔོན»[4]སོགས་སུ་གསལ་བས་སྐབས་དེ་ཤེད་ཀྱི་ལོ་ཙཱ་བ་ཡིན་ཞིང་ཁོང་གི་བྱུང་བ་ཞིབ་པ་གང་དུའང་མཇལ་དུ་མེད། འགྱུར་གྱི་རོགས་སུ་ཡོད་པའི་པཎྜི་ཏ་འདི་ཉིད་བོད་དུ་ཕེབས་པ་སུམ་པ་ཡེ་ཤེས་དཔལ་འབྱོར་གྱི«ཆོས་འབྱུང་དཔག་བསམ་ལྗོན་བཟང»དུ་གསུངས་ཤིང་། གོང་འཁོད་འགྱུར་བྱང་དུའང་བསྟན་བཅོས་དེ་གུ་གེའི་ཡུལ་གྱི་དགེ་གནས་ཀྱི་གཙུག་ལག་ཁང་དུ་བསྒྱུར་བ་འཁོད། «ཀུན་བཏུས»རྩ་འགྲེལ་གཉིས་ཀྱི་འགྱུར་གཞན་ཞིག་ཡོད་པ་ནི་ཞ་མ་སེང་གེ་རྒྱལ་མཚན་དང་རྒྱ་གར་གྱི་མཁན་པོ་བ་སུ་དྷ་ན་རཀྵི་ཏའམ་བོད་སྐད་དུ་ནོར་འཛིན་བསྲུང་བ་ཞེས་འབོད་པ་གཉིས་ཀྱིས་མཉམ་དུ་བསྒྱུར་བ་ཡིན། གོང་ཞུས་འགྱུར་དེ་གཉིས་ལ་འགྱུར་ཁྱད་ཆེན་པོ་མི་སྣང་ཞིང་། དེ་གཉིས་ལས་སྔོན་ལ་མར་ཐུང་དད་པ་ཤེས་རབ་ཀྱིས་བསྒྱུར་བ་ཡིན་ནམ་སྙམ་སྟེ། ཞ་མ་སེང་རྒྱལ་གྱིས་རྔོག་ལོ་ལས་ལོ་ཙཱ་བསླབས་པའི་སྐོར«དེབ་སྔོན»དུ་གསལ་བས་རྔོག་གིས་ལོ་ཙཱ་མཛད་པའི་རྗེས་སུ་བསྒྱུར་བ་དཔོག་ཐུབ། «ཀུན་བཏུས»རྩ་འགྲེལ་གཉིས་ཀའི་ལེགས་སྦྱར་གྱི་མ་དཔེའང་ད་ལྟ་བཞུགས་མེད་པ་མཁས་དབང་ཁང་དཀར་ལགས་ཀྱིས«རྒྱ་གར་གྱི་ཚད་མ་རིག་པའི་ལྟ་གྲུབ་འཕེལ་རིམ་དང་ཚད་མ་རིག་པའི་ལོ་རྒྱུས»ཞེས་པ་རུ[5]གསུངས།

«ཀུན་བཏུས»ཀྱི་འགྲེལ་པ་ལ་གོང་ཞུས«རང་འགྲེལ»ལས་གཞན་ཞིག་ནི«ཡངས་པ་དང་དྲི་མ་མེད་པ་དང་ལྡན་པ་ཞེས་བྱ་བ་ཚད་མ་ཀུན་ལས་བཏུས་པའི་འགྲེལ་བཤད»སློབ་དཔོན་རྒྱལ་དབང་བློས་མཛད་པ་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས་པཎྜི་ཏ་ལ་མ་ལྟོས་པར་རང་འགྱུར་དུ་མཛད་ཡོད། དེའི་འགྱུར་བྱང་དུ། “ཡངས་པ་དང་དྲི་མ་མེད་པ་དང་ལྡན་པ་ཞེས་བྱ་བ་ཚད་མ་ཀུན་ལས་བཏུས་པའི་འགྲེལ་བཤད། །བྱང་ཆུབ་སེམས་དཔའི་ཡུལ་བ་སློབ་དཔོན་རྒྱལ་བའི་དབང་པོའི་བློ་གྲོས་ཀྱི་ཞབས་ཀྱིས་མཛད་པ་རྫོགས་སོ།། །།ཤློ་ཀ་སྟོང་ཕྲག་དགུ་པའོ་ཞེས་རྒྱང་པའི་མཇུག་ཏུ་འབྱུང་ངོ༌། །ཚུལ་འདི་ནི་ཆོས་ཀྱི་རྗེ་ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་གྱིས་ལེགས་པར་བཤད་པའི་སྲོལ་ལ་སོགས་པ་ལ་བརྟེན་ནས་ལེགས་པར་སྦྱར་བ་བརྡ་སྤྲོད་པའི་ཚུལ་ལ་བློའི་སྣང་བ་ཆེར་རྒྱས་པ། དཔང་ལོ་ཙཱ་བ་དགེ་སློང་དཔལ་ལྡན་བློ་གྲོས་བསྟན་པས། པཎྜི་ཏ་ལ་མ་ལྟོས་པར་རང་ཉིད་ཀྱིས་རྒྱ་དཔེ་ལ་བལྟས་ནས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།དཔལ་ལྡན་རྒྱལ་བའི་དབང་པོའི་བསྟན་པའི་ཁང་བཟངས་ཕན་བདེའི་མཛོད་ལྡན་དམ་པའི་སྒོ་འཕར་མཆོག །དཔལ་ལྡན་ཕྱོགས་ཀྱི་གླང་པོའི་གཞུང་ལུགས་རང་གི་སྡེ་པས་བརྟགས་པའི་རྟོག་གེ་ངན་སེལ་ཞིང༌། །རྒྱལ་བ་རྒྱལ་དཔོག་རྐང་མིག་གཟེགས་ཟན་སེར་སྐྱ་འཇིག་རྟེན་མིག་གི་རྗེས་སུ་འཇུག་རྣམས་ཀྱི། །རྟོག་གེ་ངན་པ་རྨེག་མེད་བྱེད་དེའི་འགྲེལ་བཤད་མཆོག་འདི་སྔོན་མེད་བསྒྱུར་ཅིང་ཞུ་ཆེན་བྱས། །གཞུང་འགྲེལ་འགྲེལ་བཤད་བཅས་པ་རྣམས། །ཚིག་བརླིང་དོན་ཡང་གཏིང་དཔག་དཀའ། །དེ་སླད་ལེགས་པར་རབ་འབད་ཀྱང༌། །འདི་ལ་འཁྲུལ་མེད་ཤིན་ཏུ་དཀོན། །འཕགས་བློ་མ་ཐོབ་བློ་གྲོས་སྐྱོན། །རྣམ་གཡེང་ལེ་ལོ་སྦྱོར་བའི་སྐྱོན། །མཁས་ལས་མ་ཐོས་སྐལ་བའི་སྐྱོན། །འདི་ཡི་སྐྱོན་ལྡན་བཟོད་པར་མཛོད། །བློ་མཆོག་སྦྱོར་བ་རབ་རྒྱས་ཤིང༌། །གཟུ་བོར་གནས་པའི་དགེ་མཚན་ལྡན། །ལེགས་བཤད་དོན་གཉེར་དུས་སྐབས་ཅན། །དེ་རྣམས་རིགས་པའི་དགའ་སྟོན་མཛོད། །འདིར་འབད་དགེ་བས་འགྲོ་བ་ཀུན། །རིགས་པ་དམ་པའི་དཔུང་བསགས་ཏེ། །བདུད་དང་མུ་སྟེགས་ཀུན་བཅོམ་ནས། །རྒྱལ་བའི་དབང་པོ་མྱུར་ཐོབ་ཤོག །”[6]ཅེས་འཁོད། བོད་འགྱུར་གཞུང་ལུགས་ཕལ་མོ་ཆེ་འགྱུར་གྱི་རོགས་པཎྜི་ཏ་དང་བཅས་ཏེ་བསྒྱུར་བ་ཡིན་ཡང་། འདི་ཉིད་ཀྱི་འགྱུར་གྱི་རོགས་སུ་པཎྜི་ཏ་མེད་ཅིང་། མཁས་པ་གཞན་ལས་མཉན་པའི་སྐལ་བའང་བྱུང་མེད་པ་ནི། ཁོང་གི་འགྱུར་བྱང་དེར། “མཁས་ལས་མ་ཐོས་སྐལ་བའི་སྐྱོན། །”ཞེས་གསུངས་པ་ལས་ཤེས། འདིའི་ལེགས་སྦྱར་གྱི་མ་དཔེ་བོད་དུ་བཞུགས་ཡོད་པའང་ཁང་དཀར་ལགས་ཀྱི«རྒྱ་གར་གྱི་ཚད་མ་རིག་པའི་ལྟ་གྲུབ་འཕེལ་རིམ་དང་ཚད་མ་རིག་པའི་ལོ་རྒྱུས»ཞེས་པ[7]རུ་གསལ། དེ་ལས་གཞན་འགྲེལ་པ་རྒྱ་གར་མ་གང་ཡང་བོད་འགྱུར་བྱུང་མེད། རྒྱལ་དབང་བློའི་འགྲེལ་པ་འདི«རྣམ་འགྲེལ»གྱིས«ཀུན་བཏུས་»ཀྱི་དགོངས་པ་ཇི་ལྟར་བཀྲལ་བའི་རྗེས་སུ་འབྲངས་ཏེ་བྲིས་པ་ཞིག་ཡིན[8]ཞིང་འགྲེལ་པ་ཅུང་རྒྱས་པ་ཞིག་སྣང་མོད། «རང་འགྲེལ»གྱི་ཚིག་ཡོངས་རྫོགས་མི་གསལ་ཞིང་ད་ལྟ་བཞུགས་པའི«རང་འགྲེལ»དང་འགྱུར་མི་འདྲ་བ་ནི་འདིའི་དོན་གོ་བའི་གེགས་ཆེ་ཤོས་སུ་སྣང་། བོད་འགྲེལ་ལ་བཅོམ་ལྡན་རལ་གྲིའི«ཚད་མ་ཀུན་བཏུས་རྒྱན་གྱི་མེ་ཏོག»ཅེས་པ་དབུ་མེད་བྲིས་མ་ཤོག་ལྡེབ534ཅན་ཞིག་དང་། ཀུན་དགའ་དབང་ཕྱུག་གི«ཀུན་བཏུས་ཀྱི་འགྲེལ་པ་ཚིག་དོན་རབ་གསལ»ཞེས་པ་དང་། འཇུ་མི་ཕམ་གྱི«ཚད་མ་ཀུན་ལས་བཏུས་པའི་མཆན་འགྲེལ་རིགས་ལམ་རབ་གསལ་སྣང་བ»ཞེས་པ་སོགས་ད་ལྟའང་འགའ་ཞིག་བཞུགས་ཡོད། དེ་དག་ལས་གཡག་མི་ཕམ་གྱི་སློབ་མ་དགེ་བ་རྒྱལ་མཚན་གྱིས་མཛད་པའི«ཚད་མ་ཀུན་ལས་བཏུས་པ་ཞེས་བྱ་བའི་རབ་ཏུ་བྱེད་པའི་རྒྱན»ཞེས་པ་དེའི་སྦྱར་བྱང་དུ། “འགྱུར་འདིའི་རྣམ་གྲངས་ལ་རྩ་འགྲེལ་གཉིས་ཀ་ལ་ལོ་ཙྪ་བ་དད་པ་ཤེས་རབ་ཀྱིས་བསྒྱུར་པ་དང་། ཞ་མའི་འདི་གཉིས་ཡོད་པར་ཀུན་ལ་གྲགས་མོད་དེ་ལའང་དད་པ་ཤེས་རབ་ཀྱིས་བསྒྱུར་བའི་དཔེ་ཆ་ཡོངས་སུ་རྫོགས་པ་ནི་མ་མཐོང་ངོ་། །རྔོག་ལོ་ཆེན་དང་། ས་ལོས་ཀུན་ལས་བཏུས་པ་བསྒྱུར་འཆད་ཉན་གྱིས་གཏན་ལ་ཕབ་པར་སྣང་ཡང་འགྱུར་ཡོངས་སུ་རྫོགས་པ་མ་རྙེད་ཅིང་། འགྱུར་དམ་དུམ་རྙེད་པའི་རིགས་རྣམས་ཤིན་ཏུ་མི་མཐུན་པར་སྣང་བ་དང་། སློབ་དཔོན་རྒྱལ་བའི་དབང་པོའི་ཀུན་ལས་བཏུས་པའི་འགྲེལ་བཤད་དཔང་ལོས་བསྒྱུར་བ་དང་། འདིའི་འགྱུར་གཉིས་ཤིན་ཏུ་མི་མཐུན་པར་སྣང་བ་དང་། བོད་ན་ཀུན་ལས་བཏུས་པའི་ཊཱིཀ་མང་རབ་གཅིག་མཐོང་ཡང་རིགས་པའི་ལམ་ནས་དྲངས་ནས་བཤད་པ་རྒྱས་པོ་བྱས་པ་མི་སྣང་བ་དང་། ཉན་ས་ཡང་འདི་ཡིན་གཅིག་མ་རྙེད་པས་འདིའི་དོན་ཤིན་ཏུ་དཀའ་བར་བྱུང་ཡང་། བརྩོན་འགྲུས་ཤིན་ཏུ་ཆེན་པོ་བྱས་ནས་འགྲེལ་པ་དང་འགྲེལ་བཤད་ཀྱི་དོན་ལ་ཡང་ལེགས་པར་བལྟས་པ་དང་། ཁྱད་པར་དུ་རྗེ་བཙུན་ཆ་པ་ཆོས་ཀྱི་སེང་གེས་མདོ་འདིའི་དོན་ལེགས་པར་བཤད་ནས་དགག་སྒྲུབ་བྱས་པར་སྣང་བ་ལ་བརྟེན་པ་བྱས་པ་ཡིན་ནོ། །”[9]ཞེས་འཁོད་ཡོད། འགྱུར་བྱང་དེ་གཞིར་བཟུང་ན་ཁོང་གིས་མར་ཐུང་དད་པ་ཤེས་རབ་ཀྱི་འགྱུར་ཡོངས་སུ་རྫོགས་པ་མ་གཟིགས་པ་དང་། རྔོག་ལོ་དང་ས་ལོས་བསྒྱུར་བའི«ཀུན་བཏུས»ཀྱི་འགྱུར་དུམ་བུ་ཞིག་ཡོད་པ་གསལ་ཞིང་། ད་དུང་སློབ་དཔོན་ཕྱྭ་བས་མཛད་པའི་མདོའི་འགྲེལ་པའང་ཡོད་པ་གསལ། གཞན་བོད་འགྲེལ་མང་པོ་ཡོད་ཀྱང་བསྡུས་ཙམ་ལས་མེད་ཅིང་ཉན་ས་ཡང་ཡག་པོ་ཞིག་རྙེད་ཀྱི་མེད་པའི་སྐོར་གསལ། གཞན་ཁོང་དང་དུས་ཐོག་རགས་པ་མཉམ་པའི་རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི«ཚད་མ་ཀུན་ལས་བཏུས་པའི་རྣམ་བཤད་མཐའ་འཛིན་གྱི་གདུང་བ་འཇོམས་བྱེད་རིགས་པའི་རྒྱ་མཚོ»ཞེས་པའི་སྦྱར་བྱང་དུ། “འགྱུར་འདི་མ་གཏོགས་རྩ་བ་དང་རང་འགྲེལ་གྱི་འགྱུར་གཞན་ཡོད་པར་གྲགས་ནའང་མ་རྙེད་ཅིང་། བོད་ཀྱི་དགེ་པའི་བཤེས་གཉེན་གྱིས་བྱས་པའི་བསྡུས་དོན་དང་། རྣམ་བཤད་སོགས་ཀྱང་མ་རྙེད་པས་རྩ་འགྲེལ་གྱི་ཚིག་དོན་ལ་ཅུང་ཟད་དཔྱད་པ་དང་། སློབ་དཔོན་རྒྱལ་བའི་དབང་པོའི་བློ་གྲོས་ཀྱིས་མཛད་པའི་འགྲེལ་བཤད་དཔང་ལོ་ཙཱ་པ་བློ་གྲོས་བརྟན་པས་བསྒྱུར་བ་འདི་དང་འགྱུར་ཆེས་ཤིན་ཏུ་མི་མཐུན་པ་མང་བ་གཅིག་ཡོད་པ་ལ་དཔྱད་ནས་བྱས་པའོ། །”[10]ཞེས་གསུངས་ཏེ། ཁོང་གིས་ཞ་མ་སེང་རྒྱལ་གྱི་འགྱུར་ཁོ་ན་ལས་གཟིགས་མེད་པ་དང་། བོད་མིས་བརྩམས་པའི་འགྲེལ་པ་གང་ཡང་མ་རྙེད་པ་གསལ། འགྲེལ་པ་དེ་གཉིས་ཀར་ད་ལྟའི«ཀུན་བཏུས»ཀྱི་འགྱུར་དེ་དཔང་ལོས་བསྒྱུར་བའི་འགྲེལ་བཤད་དང་ཤིན་ཏུ་མི་མཐུན་པར་གསུངས། དཔང་ལོའི་སྐབས་སུ་ད་ལྟ་བཞུགས་པའི་འགྱུར་དེ་གཉིས་ཀ་བྱུང་ཟིན་པས་དཔང་ལོས་དེ་གཞིར་བཟུང་གིས་མི་བསྒྱུར་བ་ལ་བརྟག་ན་ཁོང་གིས་འགྱུར་གཞན་ཞིག་ཀྱང་གཟིགས་པ་ཡིན་སྲིད།

བསྟན་པ་ཕྱི་དར་གྱི་སྐབས«ཀུན་བཏུས»རྩ་འགྲེལ་གཉིས་ཀ་བོད་དུ་འགྱུར་ཡང་ད་བར་འཆད་ཉན་རྒྱུན་ཆགས་སུ་བྱུང་མེད་ལ་བོད་འགྲེལ་ཡང«རྣམ་འགྲེལ»སོགས་དང་བསྡུར་ན་ཧ་ཅང་ཉུང་། དེའི་རྒྱུ་མཚན་དུ་ཁག་གཅིག་གིས«ཀུན་བཏུས»སུ་ནང་རིག་པའི་བརྗོད་དོན་གལ་ཆེན་རྣམས་བདེན་པར་སྒྲུབ་མེད་པས་དང་། «རྣམ་འགྲེལ»ལེའུ་གཉིས་པར་ནང་རིག་གི་བརྗོད་དོན་གལ་ཆེན་རྣམས་བདེན་པར་བསྒྲུབས་པས་བོད་མིས་ཕྱི་མ་ལ་གལ་ཆེན་དང་སྔ་མ་དེ་ལྟར་མི་བྱེད་པར་སྨྲ་ཡང་། དོན་ལ་དེ་ལྟར་མིན་ཏེ། བོད་དུ་བསྟན་པ་སྔ་དར་གྱི་སྐབས་སུ«རིགས་ཐིགས»ལ་འཆད་ཉན་གཙོ་བོ་བྱེད་པ་ནི། «དཀར་ཆག་ལྡན་དཀར་མ»རུ«རིགས་ཐིགས»སྐོར་གྱི་གཞུང་ལྔ་འགྱུར་བ་འཁོད་ཡོད་ཅིང་། ལྷག་ཏུ«དཀར་ཆག་འཕང་ཐང་མའི»ནང་དུ། “ན་ཡ་བིན་དྷུའི་བརྗེད་བྱང་། བམ་པོ། ན་ཡ་བིན་དྷུའི་སྐབས་ཀྱི་བརྗེད་བྱང་། ཤུ་ལོག”[11]ཅེས་པ་གཉིས་འཁོད་ཡོད་ཅིང་། འདིའི་ན་ཡ་བིན་དྷུ་ནི«རིགས་ཐིགས་»ཀྱི་སྐད་དོད་ཡིན་ པས་བོད་མིས་བརྩམས་པའི«རིགས་ཐིགས་»ཀྱི་འགྲེལ་པ་ཡོད་པ་ལས་ཀྱང་ཤེས། ཕྱི་དར་གྱི་སྐབས་རྔོག་ལོའི་དུས་ནས་ས་པཎ་གྱི་རྗེས་ཙམ་གྱི་བར་དུ«རྣམ་ངེས»ལས«རྣམ་འགྲེལ»ལ་འཆད་ཉན་གཙོ་བོ་བྱ་བའི་སྲོལ་བྱུང་མེད་པའང་།  འགོས་ཀྱི«དེབ་སྔོན»དུ། “འུ་ཡུག་པས་ས་སྐྱར་ས་པཎ་ལ་རྣམ་འགྲེལ་གསན་ནས་དེར་བཤད་པ་མཛད་པས་མཁས་པ་ཆེན་པོ་ཞང་མདོ་སྡེ་དཔལ་ལ་སོགས་པའི་སློབ་མ་མང་དུ་བྱུང་ཞིང༌། དིང་སང་གི་བར་དུ་རྣམ་འགྲེལ་དར་བའང་པཎ་ཆེན་དང་ཁོང་རྣམ་གཉིས་ཀྱི་དྲིན་ཡིན། གསང་ཕུ་བ་རྣམས་ཀྱང་ཁོ་བོ་གཞོན་པའི་དུས་ན་རྣམ་ངེས་ཀྱི་བདག་པོ་མཛད་པ་ལས། དིང་སང་ནི་རྣམ་འགྲེལ་བར་གྱུར་ཏོ། །”[12]ཞེས་གསུངས་པ་ལས་ཤེས་ཐུབ། འོན་ཀྱང«རིགས་ཐིགས»དང«རྣམ་ངེས»ནི«ཀུན་བཏུས»བཞིན་དུ་གཏན་ཚིགས་རིག་པའི་སྐོར་གྱི་བརྗོད་གཞི་རྣམས་གཏན་ལ་ཕབ་པ་ལས«རྣམ་འགྲེལ»ལེའུ་གཉིས་པར་འཁོད་པའི་ནང་ཆོས་ཀྱི་བརྗོད་གཞི་གལ་ཆེན་རྣམས་མི་གསལ། འོ་ན་ཕྱིས་སུ«རྣམ་འགྲེལ»ལ་འཆད་ཉན་གཙོ་བོ་བྱེད་པ་ཅི་ཞེ་ན། དེ་ནི་དེའི་ནང་དུ«ཀུན་བཏུས»ཀྱི་བརྗོད་བྱ་གལ་ཆེན་རྣམས་འདུས་པ་མ་ཟད་དེ་དག་རིགས་པའི་སྒོ་སྣ་ཚོགས་ནས་མཐའ་དཔྱད་དེ་གསུངས་པས་དེ་ལ་འཆད་ཉན་བྱས་ན«ཀུན་བཏུས»ཀྱི་བརྗོད་བྱ་གལ་ཆེན་རྣམས་ཞིབ་ཚགས་པོས་གོ་བར་ནུས་ཏེ་དེའི་ཕྱིར་དེ་ཉིད་ཀྱིས«ཀུན་བཏུས»ཀྱི་ཚབ་བྱེད་པ་ཡིན། རྒྱ་གར་དུ་ཡང་ཆོས་གྲགས་ཀྱི་རྗེས་སུ«ཚད་མ་ཀུན་བཏུས»ལས«ཚད་མ་རྣམ་འགྲེལ»གྱི་འཆད་ཉན་རྒྱས་པ་ནི་དེ་གཉིས་ཀྱི་འགྲེལ་པའི་གྲངས་འབོར་བསྡུར་བས་ཀྱང་ཤེས་ཐུབ།

གཉིས། བོད་འགྱུར«རང་འགྲེལ»འདི«རང་འགྲེལ»དངོས་ཡིན་མིན་གྱི་དོགས་པ།

དེ་ཙམ་ཞུས་རྗེས་ད་ལྟ«ཀུན་བཏུས་རང་འགྲེལ»དུ་གྲགས་པ་འདི་ཉིད«རང་འགྲེལ»ཡིན་མིན་ལ་དཔྱད་གཞིའི་ཕྱིར་དུ་ཅུང་ཟད་སྤྲོས་ཏེ་བཤད་པར་བྱ། དེ་ཡང་ཆོས་མཆོག་གི«འཐད་ལྡན»དུ«རྣམ་ངེས»ཀྱི་མཇུག་ཏུ་འཁོད་པའི་ཤོ་ལོ་ཀ་ཞིག་གི་དགོངས་པ་འགྲེལ་སྐབས། “ཅི་སྟེ་གལ་ཏེ་ཀུན་ལས་བཏུས་པ་བསྟན་པར་འདོད་ན། ཅི་ལྟར་དེ་ཉིད་ལ་ལ་སྤོང་སྟེ། དཔེར་ན་འདི་ནི་ངེས་པར་བྱ་བའི་དོན་ཡིན་ཏེ། མེད་པ་ཉིད་ལ་མེད་པ་ཡིན་གྱི་གཞན་པ་ལ་མ་ཡིན་ལ་འགལ་བ་ལ་ཡང་མ་ཡིན་ནོ་ཞེས་ཚུལ་གསུམ་པ་ངེས་པའི་དོན་ཡིན་པར་བཤད་པ། ཁྱོད་ཀྱི་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གི་སྦྱོར་བ་ཤེས་པར་བྱ་བའི་དོན་དུ་བརྗོད་པ་ལྟ་བུ་སྟེ། དེ་བཞིན་དུ་ཡང་སྦྱར་རོ་ཞེ་ན། བཤད་པ། མདོ་དག་གིས་བསྟན་གྱི། འགྲེལ་པས་ནི་མ་ཡིན་གྱི་འགྲེལ་པ་ནི་འདི་ཉིད་མ་ཡིན་ནོ། །དབང་ཕྱུག་སྡེ་དང་དེའི་ཕྱོགས་པ་གཞན་སྔ་མ་དག་གིས་ནི་འགྲེལ་པ་ཕྱིན་ཅི་ལོག་ཏུ་བྱས་སོ། །མདོ་ནི་འགྲེལ་པའི་དབང་གིས་གཞུང་གཞན་དུ་བྱ་བར་མི་ནུས་པ་དེའི་ཕྱིར་དེ་ཉིད་བཤད་དོ། །ཅི་ལྟར་ན་དེ་སློབ་དཔོན་གྱི་གཞུང་ཡང་མ་ཡིན་ཞེ་ན། གང་གི་ཕྱིར་དོན་ཡོད་དེ་འབྲས་བུ་དང་བཅས་པའི་ལུགས་རྟོག་གེའི་ཚུལ་གང་ཡིན་པ་གཟིགས་པ་དེའི་ཕྱིར་འགྲེལ་པ་འགལ་བ་ནི་དེའི་མ་ཡིན་ནོ། །”[13]ཞེས་སོགས་གསུངས་ཡོད། དེ་ཡང་རྗེས་ཁྱབ་ལས་ལྡོག་ཁྱབ་ལོགས་སུ་སྨོས་པའི་དགོས་པ་ནི་“མེད་པ་ཉིད་ལ་མེད་པ་ཡིན་གྱི་གཞན་པ་ལ་མ་ཡིན་ལ་འགལ་བ་ལ་ཡང་མ་ཡིན་ནོ། །”ཞེས་པ་དེ་དབང་ཕྱུག་སྡེའི་འདོད་པ་ཡིན་ཏེ། «རྣམ་ངེས»རང་དོན་ལེའུར།  “དེ་དང་མཐུན་པ་ཉིད་ལ་ཡོད་པ་ཞེས་བྱ་བས་ལྡོག་པ་འགྲུབ་མོད་ཀྱི། མེད་པ་ལ་མེད་པ་ཉིད་བརྗོད་པ་ནི་མེད་པ་ཁོ་ན་ལ་མེད་པ་ཉིད་ཡིན་གྱི། གཞན་པ་ལ་ཡང་མ་ཡིན་ལ། འགལ་བ་ལ་ཡང་མ་ཡིན་ནོ་ཞེས་ངེས་པར་བྱ་བའི་ཕྱིར་ཡིན་ནོ་ཞེས་ཟེར་རོ། །”[14]ཞེས་རྗེས་ཁྱབ་ལས་ལོགས་སུ་ལྡོག་ཁྱབ་སྨོས་པའི་དགོས་པ་བཤད་པའི་ཕྱོགས་སྔ་མའི་འདོད་ཚུལ་ཞིག་བཀོད་ཡོད་ཅིང་། ཕྱོགས་སྔ་མ་དེ་དབང་ཕྱུག་སྡེ་ཡིན་པ་དེའི་ཐད་ཀྱི་སློབ་དཔོན་ཡེ་ཤེས་དཔལ་བཟང་གིས་མཛད་པའི་འགྲེལ་པ་རུ[15]ཁོང་གི་བཞེད་ཚུལ་ཞིབ་པར་བཀོད་པ་ལས་ཤེས་སོ། །འདོད་ཚུལ་དེ«རྣམ་ངེས»སུ་བཀག་ནས་རང་ལུགས་ལ་རྗེས་སུ་འགྲོ་ལྡོག་གི་ཚུལ་དངོས་སུ་སྟོན་པའི་སྦྱོར་བ་མི་འདྲ་བ་གཉིས་ཡོད་པ་གོ་བའི་ཕྱིར་ཡིན་པར་གསུངས། ཡ་མཚར་བ་ཞིག་ལ་གོང་གི་ཕྱོགས་སྔ་མའི་གཞུང་དེ«ཀུན་བཏུས་རང་འགྲེལ»དུ་ཡང་ཇི་བཞིན་དུ་བྱུང་བ་མ་ཟད། འདིར་ཡང་ཆོས་གྲགས་ཀྱིས«ཀུན་བཏུས»ཀྱི་གཞུང་འཆད་ནས་ཡང་གོང་གི་གཞུང་དེ་དོར་ཏེ་རང་གིས་གཞན་དུ་བཤད་པ་ལ་སྐྱོན་བརྗོད་བྱས་པ་ལ་བསམས་ན་ཕྱོགས་སྔ་མས་ཀྱང་དེ་ཉིད«རང་འགྲེལ»གྱི་གཞུང་ཚིག་ཏུ་བཞེད་པར་སྙམ། བོད་དུ་ནི་ཕལ་མོ་ཆེ་ལ«རང་འགྲེལ»དུ་གྲགས་ཀྱང་བོད་ཀྱི་ནཱ་ལེནྡྲའི་མཁན་རབས་གསུམ་པ་དགེ་བ་རྒྱལ་མཚན་གྱིས་མཛད་པའི«ཀུན་བཏུས་»ཀྱི་འགྲེལ་པ་རུ་ད་ལྟ་བོད་དུ«ཀུན་བཏུས་རང་འགྲེལ»དུ་གྲགས་པ་འདི་ཉིད«རང་འགྲེལ»མིན་པའི་རྒྱུ་མཚན་ཁག་གཅིག་གསུངས་པ་ལས་རྒྱུ་མཚན་གཞན་རྣམས་དེ་ཙམ་གལ་ཆེ་བར་མི་སྣང་། འོན་ཀྱང་དེ་ཉིད«རང་འགྲེལ»མིན་པ་དེ་སློབ་དཔོན་ཆོས་མཆོག་གི་དགོངས་པ་ཡིན་པ་དང་། དེའི་ཁུངས་སུ་གོང་གི«འཐད་ལྡན»གྱི་ལུང་དེ་དྲངས་པ་དཔྱད་གཞི་ཆེ་སྟེ།  གོང་དུ་དྲངས་པའི«འཐད་ལྡན»གྱི་ཚིག“མདོ་དག་གིས་བསྟན་གྱི། འགྲེལ་པས་ནི་མ་ཡིན་གྱི་འགྲེལ་པ་ནི་འདི་ཉིད་མ་ཡིན་ནོ། །”ཞེས་དང་། “ཅི་ལྟར་ན་དེ་སློབ་དཔོན་གྱི་གཞུང་ཡང་མ་ཡིན་ཞེ་ན། གང་གི་ཕྱིར་དོན་ཡོད་དེ་འབྲས་བུ་དང་བཅས་པའི་ལུགས་རྟོག་གེའི་ཚུལ་གང་ཡིན་པ་གཟིགས་པ་དེའི་ཕྱིར་འགྲེལ་པ་འགལ་བ་ནི་དེའི་མ་ཡིན་ནོ། །”ཞེས་པ་དག་ལ་བལྟས་ན་དེ་ཉིད«རང་འགྲེལ»མིན་པར་གསུངས་སམ་སྙམ་པ་འདུག་པས་སོ། །འོན་ཀྱང་བོད་འགྱུར་རྒྱལ་དབང་བློའི་འགྲེལ་བཤད་ཀྱི་མཇུག་ཏུ། “གང་ལ་འཇམ་པའི་དཔལ་འདིས་རང་ཉིད་ཀྱིས་ནི་རྗེས་སུ་ཡང་དག་བྱུང་གང་དེ་ལས་འགྲོ་བས་དེ་ཁོ་ན་ཉིད་རྟོགས་གྱུར་ཚད་མ་འགྲུབ་པའི་ཆེད་དུ་མཛད་པའི་བསྟན་བཅོས་གང་ཡིན་དེ། །ཀུན་ནས་ཕྱེ་སྟེ་རྒྱལ་བའི་དབང་པོའི་བློ་ལྟར་དེ་ཉིད་དོན་ཅན་བཤད་པ་འདི་བྱས་ལས། །”[16]ཞེས་བྱུང་བ་ལས་དེ་ཉིད«རང་འགྲེལ»ཡིན་པ་བཞེད་པ་གསལ། དེ་བཞིན་རྒྱལ་ཚབ་ཆོས་རྗེའི«ཀུན་བཏུས»ཀྱི་འགྲེལ་པ་རུ། ཁོང་གི་བླ་མ་རྗེ་རེད་མདའ་བས་“མེད་པ་ཉིད་ལ་མེད་པ་ཡིན་གྱི་གཞན་པ་ལ་མ་ཡིན་ལ་འགལ་བ་ལ་ཡང་མ་ཡིན་ནོ། །”ཞེས་པའི་ཚིག་དེ་དབང་ཕྱུག་སྡེས་ཕྱོགས་གླང་གི«རང་འགྲེལ»ལ་བསྣན་པ་བཏབ་པར་བཞེད་པའི་སྐོར་བཀོད་ཡོད། དེས་ན་གོང་གི«འཐད་ལྡན»གྱི་གཞུང་ཚིག་སྟེ། “འགྲེལ་པ་ནི་འདི་ཉིད་མ་ཡིན་ནོ། །”ཞེས་པ་དང་། “དེའི་ཕྱིར་འགྲེལ་པ་འགལ་བ་ནི་དེའི་མ་ཡིན་ནོ། །”ཞེས་པ་དག་གིས་ཀྱང་“མེད་པ་ཉིད་ལ་མེད་པ་ཡིན་གྱི་གཞན་པ་ལ་མ་ཡིན་ལ་འགལ་བ་ལ་ཡང་མ་ཡིན་ནོ། །”ཞེས་པའི་གཞུང་ཚིག་དུམ་བུ་དེ་ཉིད«རང་འགྲེལ»གྱི་གཞུང་མིན་པར་བསྟན་གྱི། «རང་འགྲེལ»དུ་གྲགས་པའི་གཞུང་ཧྲིལ་པོ་སློབ་དཔོན་གྱི་མིན་པར་སྟོན་པར་མི་བཞེད་དེ། «རྣམ་ངེས་ཊཱིཀ་ཆེན»གྱི་མཇུག་ཏུ། “འདི་དག་གིས་ནི་མདོ་མཛད་པའི་རང་འགྲེལ་ལ་སློབ་དཔོན་གཞན་གྱིས་ལྷད་བཅུག་པར་བསྟན་ཏོ། །”[17]ཞེས་གསུངས་པ་ལྟར་རོ། །མཁས་གྲུབ་རྗེའི«ཚད་འབྲས་ཆེན་མོ»རུ་ཡང་། “རང་འགྲེལ་རྐྱང་པའི་འགྱུར་རྙིང་ནི། དབང་ཕྱུག་སྡེའི་འཆན་བུ་དཀྱུས་སུ་ཤོར་བའི་རྒྱ་དཔེ་མ་དག་པ་ལས་བསྒྱུར་བར་སྔ་མ་དག་ལ་གྲགས་པ་ལྟར་གྱི་སྐྱོན་མང་དུ་ཡོད་པར་མངོན་པས་འགྲེལ་བཤད་དང་བསྟུན་ནས་ལེགས་པར་དཔྱད་པའི་རྗེས་སུ་འབྲངས་ཏེ་རྩ་བའི་དོན་བཤད་དགོས་སོ་ཞེས་ཀྱང་རྗེ་ཐམས་ཅད་མཁྱེན་པ་གསུང་ཞིང༌།”[18]ཞེས་འཁོད། དེ་ལྟ་ན་ཡང«རང་འགྲེལ»ཡིན་པ་སློབ་དཔོན་ཆོས་གྲགས་རང་གི་དགོངས་པ་ཡིན་ཏེ། «རང་འགྲེལ»གཞན་དོན་ལེའུར་བྱུང་བའི་“དཔེར་ན་སྒྲ་མཉན་དུ་མི་རུང་ངོ༌། །བུམ་པ་རྟག་གོ །ཚད་མས་གཞལ་བར་བྱ་བའི་དོན་སྒྲུབ་པར་མི་བྱེད་དོ་”ཞེས་སོགས་དང་། “འདི་ལྟར་དཔེར་ན་ཡན་ལག་ཅན་ནི་ཡན་ལག་ལས་གཞན་མ་ཡིན་ཏེ། སྲང་མཐོ་དམན་གྱི་བྱེ་བྲག་མ་བཟུང་བའི་ཕྱིར་རོ། །་”ཞེས་སོགས་ཀྱིས་མཚོན་པའི་རྩ་རྐྱང་དུ་མི་གསལ་བའི«རང་འགྲེལ»གྱི་གཞུང་མང་པོ་ཞིག་ཕྱོགས་ཀྱི་གླང་པོའི་གཞུང་ཡིན་པ་གཞིར་བཟུང་གིས་ཚིག་དོན་ཞིབ་ཏུ་འགྲེལ་པ་མཛད་པ་ལས་ཤེས་སོ། །དེས་ན་རེད་མདའ་བ་སོགས་ཀྱིས་དབང་ཕྱུག་སྡེའི་མཆན་བུ་ཤོར་བའི་རྒྱུ་མཚན་ཇི་ལྟར་བཤད་པ་འཁོད་མེད་ཀྱང་། འདི་ཉིད་ཆོས་གྲགས་ཀྱིས«རང་འགྲེལ་དུ»བཞེད་པ་ལ་གོང་གི་གཞུང་དུམ་བུ་དེར་དགག་པ་མཛད་ཅིང་། གཞན་ཕྱོགས་གླང་གི་གཞུང་དུ་ཁས་བླངས་ནས་གང་ལ་ཡང་དགག་པ་མཛད་པ་མི་གསལ་བས་དེ་ནི་མཆན་བུ་ཞིག་ལས་ཕྱོགས་གླང་གི་གཞུང་ཡིན་མི་སྲིད་དགོངས་པར་སྣང་།

གསུམ། «དེབ་སྔོན»དུ་འཁོད་པའི་ཞ་མ་སེང་གེ་རྒྱལ་མཚན་གྱི་བྱུང་བ།

འདིའི་ལོ་ཙཱ་བ་ཞ་མ་སེང་གེ་རྒྱལ་མཚན་གྱི་བྱུང་བ་རྒྱས་པ་གང་དུའང་མ་མཇལ་མོད་འོན་ཀྱང་འགོས་ཀྱི«དེབ་སྔོན»དུ་ཅུང་ཟད་བསྡུས་པ་འཁོད་པ་འདི་ལྟར། “ཡུལ་ཕ་དྲུག་ན། ཡབ་བྱི་བ་ཧབ་ཤ་ཞེས་བྱ་བ་མཚན་དངོས་ཞ་མ་རྡོ་རྗེ་རྒྱལ་མཚན་ཏེ། ཚོགས་ཀྱི་བདག་པོ་ཧ་ལུ་མནྟ་ཡིན་ཟེར། དེའི་ཆུང་མ་རྒྱ་གར་ལྷ་མོ་ནི། བལ་མོ་བཟའ་ཁྲི་བཙུན་གྱི་སྐྱེ་བ་ཡིན་ཟེར། དེ་གཉིས་ལ་སྲས་ལྕམ་སྲིང་དྲུག་འཁྲུངས་པའི་ཆེ་བ་ཞ་མ་རྒྱ་ལེ་བྱ་བ་དགེ་བཤེས་སྙེ་མ་བའི་ཐད་དུ་རབ་ཏུ་བྱུང་། མཚན་རིན་ཆེན་འོད་ཟེར་དུ་བཏགས། འཕགས་ཡོག་དུས་གསུམ་ལ་མཁས། དེའི་འོག་རྒྱལ་ཆུང་སྟེ། ཡང་ཁྱེད་བླ་མ་ལ་བརྟེན་ནས་མདོ་རྒྱུ་འཕྲུལ་སེམས་ཕྱོགས་གསུམ་ག་ལ་མཁས་པ་ཞིག་བྱུང་། དེ་འོག་སེང་གེ་རྒྱལ་པོ་སྟེ།”[19]ཞེས་འཁྲུངས་ཡུལ་ཕ་དྲུག་དང་། ཡབ་ཞ་མ་རྡོ་རྗེ་རྒྱལ་མཚན་དང་། ཡུམ་རྒྱ་གར་ལྷ་མོ་གཉིས་ལ་སྲས་ལྕམ་སྲིང་དྲུག་ཡོད་པའི་གསུམ་པ་ཡིན་པར་གསུངས། ཞ་མ་མ་གཅིག་ཅེས་པའི་རྣལ་འབྱོར་མ་ལོ་ཙཱ་བ་རྨ་བན་ཆོས་འབར་གྱི་ཕྱག་རྒྱ་མ་དེ་ཡང་ཡབ་ཡུམ་འདི་གཉིས་ཀྱི་སྲས་བཞི་པ་ཡིན་པས་ཞ་མ་སེང་རྒྱལ་དང་འདི་གཉིས་མིང་སྲིང་ཡིན། སྲས་གཞན་རྣམས་ཀྱི་བྱུང་བ་ལ་བལྟས་པས་ཀྱང་ཁྱིམ་རྒྱུད་འདིར་མཁས་པའི་སྐྱེས་བུ་མང་པོ་བྱོན་པ་ཞིག་ཡིན་ཏེ། ཞིབ་པ«དེབ་ཐེར་སྔོན་པོའི»དུམ་བུ་བཞི་པ་རྨ་ལོ་ཙཱ་བ་དང་ཞ་མ་ལྕམ་སྲིང་གིས་བསྟན་པ་ཇི་ལྟར་བསྐྱངས་པའི་སྐབས་ཞེས་པར་གསལ། གོང་གི་དེའི་འཕྲོར། “རྨ་ལོ་དང་པུ་ཧྲངས་པ་དང་ག་རོང་ལོ་ཙཱ་བ་དང་རྔོག་ལོ་རྣམས་ལ་ལོ་ཙཱ་བསླབས་ཤིང་མཁས་པར་མཁྱེན་པས། ཚད་མ་ཀུན་ལས་བཏུས་པ་རང་འགྲེལ་དང་བཅས་པ་བསྒྱུར་ཞིང་། དིང་སང་གི་བར་དུ་ཚད་མ་བ་རྣམས་དེ་ལ་བརྟེན་པ་ཡིན། ཆོས་ཆོས་ཉིད་རྣམ་འབྱེད་ཚིགས་སུ་བཅད་པར་བསྒྱུར་སྣང་།”ཞེས་གསུངས་པ་ལ་བལྟས་ན་ཁོང་གིས་རྨ་ལོ་སོགས་ཀྱི་མདུན་ནས་ལོ་ཙཱ་སློབ་པ་ལས་རྒྱ་གར་སོགས་སུ་སོང་བའི་སྐོར་མི་གསལ། འོན་ཀྱང་འོག་ཏུ་འགོད་འགྱུར་གྱི«བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་འགྲེལ་པ་དོན་གྱི་སྒྲོན་མ»ཞེས་པའི་འགྱུར་བྱང་ལ་བརྟག་ན་བལ་ཡུལ་དུ་ནི་ཕེབས་སམ་སྙམ་པ་ཞིག་ཡོད། འདིའི་རྨ་ལོ་ནི་ཞ་མ་མ་གཅིག་གི་ཁྱོ་ག་གཉིས་པ་སྟེ་རྨ་བན་ཆོས་འབར་ཞེས་པའི་ལོ་ཙཱ་བ་དེ་ཡིན། དེའི་འཕྲོར། “བཀའ་བཞི་ཤེས་ཤིང་། དབུས་སུ་ཡུངས་དཀར་བྲེ་ཕྱེད་ཙམ་དང་གསུམ་གྱི་གྲངས་དང་མཉམ་པའི་གྲྭ་པ་བསྐྱངས། ཕྱིས་རི་བོ་རྩེ་ལྔ་ལ་གཤེགས་ཏེ། དེ་ནས་ཕྱིར་མ་བྱོན། འབྱོན་ཁར་དམ་པ་སངས་རྒྱས་ལ་ཞུས་པས། ཞ་མ། ཕ་དྲུག་གཏན་ཡུལ་ནི་མིན། རྩེ་ལྔར་སོང་ལ་འགྲོ་བའི་དོན་གྱིས་ཤིག་དེ་ནས་འོ་སྐོལ་ཕ་སྤད་དགའ་ལྡན་དུ་དུས་བྱའོ་གསུང་ངོ་། །”ཞེས་གྲྭ་སློབ་བསྐྱངས་པའི་མཛད་འཕྲིན་རྒྱས་ཤིང་། མཐར་རི་བོ་རྩེ་ལྔར་ཕེབས་ནས་ཕྱིར་མ་ཕེབས་པར་གཤེགས། ཁོང་གི་འཁྲུངས་གཤེགས་ཀྱི་ལོ་ཚིགས་གསལ་པོར་འཁོད་པ་མ་མཇལ་ཡང་། ཞ་མ་སེང་རྒྱལ་ནི་སྲས་ལྕམ་སྲིང་དྲུག་གི་གསུམ་པ་དང་དེའི་འོག་མ་ཞ་མ་མ་གཅིག་ཡིན་པ་དང་། མ་གཅིག་དེ་ཉིད་སྤྱི་ལོ(1062)ཆུ་སྟག་གི་ལོར་འཁྲུངས་པ་ཡང«དེབ་སྔོན»དུ་འཁོད་ཡོད་དེ། དེ་ཉིད་ལས། “དེ་འོག་མ་གཅིག་ཡིན། དེ་ཡང་རྨ་ལོ་ཙཱ་བ་དེ། ཇོ་བོ་རྗེ་ལྷ་གཅིག་བོད་དུ་བྱོན་ནས་མངའ་རིས་སུ་ལོ་གསུམ་བཞུགས་རྗེས་ཤིང་ཕོ་སྤྲེའུའི་ལོ་ལ་འཁྲུངས་ཤིང༌། བཅུ་དགུ་བཞེས་པ་ཆུ་ཕོ་སྟག་གི་ལོ་ལ་མ་གཅིག་འདི་འཁྲུངས།”[20]ཞེས་སོ། །དེས་ན་ཞ་མ་སེང་རྒྱལ་ནི་སྤྱི་ལོ1060ཡར་མར་ཙམ་ལ་སྐུ་འཁྲུངས་པ་ཚོད་དཔག་བྱེད་ཐུབ་ལ། འདས་ལོ་ཇི་བཞིན་ཤོད་དཀའ། «ཚད་མ་ཀུན་ལས་བཏུས་པའི»རྩ་འགྲེལ་གྱི་འགྱུར་བྱང་དུ་རྟེན་དགེ་བསྙེན་ཡིན་པ་འཁོད་ཡོད་ཀྱང«ཆོས་ཆོས་ཉིད་རྣམ་པར་འབྱེད་པ་ཚིག་ལེའུར་བྱས་པ»ཞ་མ་སེང་རྒྱལ་གྱིས་བསྒྱུར་བ«དེབ་སྔོན»དུ་འཁོད་པས་དེའི་འགྱུར་བྱང་དང་འདིས་བསྒྱུར་བའི«བསླབ་པའི་མེ་ཏོག་སྙེ་མ»ཞེས་པའི་འགྱུར་བྱང་དུ་དགེ་སློང་སེང་གེ་རྒྱལ་མཚན་ཞེས་བྲིས་ཡོད་པས་དང་པོ་རྟེན་དགེ་བསྙེན་ཡིན་པ་ལ་ཕྱིས་སུ་བསྙེན་པར་རྫོགས་ཡོད།

བཞི། ཞ་མ་ལོ་ཙཱ་བས་བསྒྱུར་བའི་གཞུང་འགའ་ཞིག་གི་འགྱུར་བྱང་།

ཁོང་གིས་བསྒྱུར་བའི«ཚད་མ་ཀུན་བཏུས་རང་འགྲེལ»གྱི་འགྱུར་བྱང་དུ། “ཚད་མ་ཀུན་ལས་བཏུས་པའི་འགྲེལ་པ་རྩོད་པ་པ་ཆེན་པོ་ཤིན་ཏུ་ཕྲ་བའི་ཐུགས་མངའ་པ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ་རྫོགས་སོ།། རྒྱ་གར་གྱི་མཁན་པོ་བ་སུ་དྷ་ར་རཀྵི་ཏ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་བསྙེན་སེང་རྒྱལ་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།འཇམ་པའི་མགོན་པོའི་བཀས་བསྐུལ་ཕྱོགས་ཀྱི་གླང་པོའི་བསྟན་བཅོས་རྒྱ་མཚོ་ལྟར་ཟབ་འདི། །རིགས་ལྡན་རྒྱལ་པོའི་བཀས་བསྐུལ་ནོར་འཛིན་སྲུང་བ་ཞེས་བྱ་སྡེ་བདུན་བཤད་མཁན་དང༌། །གཟུས་ཆུང་སྟོན་པའི་བཀས་བསྐུལ་དགེ་བསྙེན་སེང་རྒྱལ་ཞེས་བྱ་ཞ་མ་ལོ་ཙཱས་བསྒྱུར། །དགེ་གང་བསོད་ནམས་བཀས་བསྐུལ་འགྲོ་ཀུན་རིགས་ལམ་ལ་གནས་བྱང་ཆུབ་མྱུར་ཐོབ་ཤོག།། །།”[21]ཞེས་འཁོད་འདུག །ཚིག་རྐང་དང་པོས་རྗེ་བཙུན་འཇམ་དབྱངས་ཀྱིས་བསྐུལ་ནས་ཕྱོགས་གླང་གི«ཀུན་བཏུས»བརྩམས་པ་དང་། གཉིས་པ་དང་གསུམ་པས་རིགས་ལྡན་རྒྱལ་པོས་བསྐུལ་ནས་ནོར་འཛིན་སྲུང་བ་དང་། གཟུས་ཆུང་སྟོན་པས་བསྐུལ་ནས་ཞ་མ་སེང་རྒྱལ་གཉིས་ཀྱིས་ཐུན་མོང་དུ་བསྒྱུར་བ་བསྟན། དེ་བཞིན«ཀུན་བཏུས»རྩ་བའི་འགྱུར་བྱང་དུ་ཡང[22]གོང་གི་དེ་དང་ཕལ་ཆེར་ཕྱོགས་འདྲ་ཞིག་འཁོད་ཡོད། ཚད་མའི་སྐོར་ནས་བསྒྱུར་བ«ཀུན་བཏུས»རྩ་འགྲེལ་དེ་གཉིས་ཙམ་ཡིན། གཞན«སྡེ་བསྟན»དབུ་མ<ཁི>བའི་ནང་དུ་བཞུགས་པའི«བསླབ་པ་ཀུན་ལས་བཏུས་པའི་ཕྱོགས་ཙམ་ཞིག་བླངས་པའི་བཤད་པ་བསླབ་པའི་མེ་ཏོག་སྙེ་མ»ཞེས་པའི་འགྱུར་བྱང་དུ། “བསླབ་པའི་མེ་ཏོག་སྙེ་མ་ཞེས་བྱ་བ་རྫོགས་སོ།། །།བི་ཀྲ་མ་ལ་ཤཱི་ལའི་པཎྜི་ཏ་ཆེན་པོ་བཻ་རོ་ཙ་ན་རཀྵི་ཏའི་ཞལ་སྔ་ནས་སྦྱར་བའོ། །དབང་ཕྱུག་དམ་པའི་མངའ་བདག་བོད་རྗེ་ལྷ་བཙན་པོ་བཀྲ་ཤིས་ནམ་མཁའ་དབང་ཕྱུག་བཙན་གྱི་བཀའ་ལུང་གིས་རྒྱ་གར་གྱི་མཁན་པོ་སུ་མ་ཏི་ཀཱི་རྟི་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཞ་མ་སེང་རྒྱལ་དང༌། གློག་སྐྱ་གཞོན་ནུ་འབར་གྱིས་བསྒྱུར་བ་ལས། སླད་ནས་བོད་ཀྱི་ལོ་ཙཱ་བ་བན་དེ་མར་པ་ཆོས་ཀྱི་དབང་ཕྱུག་གིས་ཞུས་ཏེ་གཏན་ལ་ཕབ་པའོ།། །།”[23]ཞེས་མངའ་བདག་རྩེ་ལྡེའི་སྲས་དབང་ལྡེས་བཀས་བསྐུལ་ནས་རྒྱ་གར་གྱི་མཁན་པོ་སུ་མ་ཏི་ཀཱིརྟི་དང་མཉམ་དུ་བསྒྱུར་བ་འཁོད་ཅིང་། པཎྜི་ཏ་དེ་ནི་རྔོག་ལོའི་དུས་སུ་བོད་དུ་ཕེབས་པ་ཞིག་ཡིན། «སྡེ་བསྟན»སེམས་ཙམ<ཕི>བའི་ནང་དུ་བཞུགས་པའི་རྗེ་བཙུན་བྱམས་པས་མཛད་པར་གྲགས་པའི«ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པའི་ཚིག་ལེའུར་བྱས་པའི»འགྱུར་བྱང་དུ། “ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པའི་ཚིག་ལེའུར་བྱས་པ། མགོན་པོ་བྱམས་པས་མཛད་པ་རྫོགས་སོ།། །།ཁ་ཆེའི་མཁན་པོ་མ་ཧཱ་ཛ་ན་དང༌། ལོ་ཙཱ་བ་དགེ་སློང་སེང་གེ་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།  །”[24]ཞེས་འཁོད།

«སྡེ་བསྟན»རྒྱུད<ནུ>བའི་ནང་དུ་བཞུགས་པའི་ «འཇམ་དབྱངས་སྨྲ་བའི་སེང་གེའི་སྒྲུབ་ཐབས»ཞེས་པའི་འགྱུར་བྱང་དུ། “རྩོད་པ་ཀུན་ལས་རྒྱལ་བར་ འགྱུར། །གཅན་གཟན་རྒྱལ་པོ་སེང་གེའི་སྒྲ་བསྒྲགས་པས། །དུར་ཁྲོད་ཝ་ཚོགས་ཐམས་ཅད་བརྒྱལ་བར་འགྱུར། །ཉོན་མོངས་དུག་རྣམས་འཇོམས་པའི་ཤེས་རབ་མཆོག །བདག་གིས་འཇམ་པའི་དཔལ་ལ་རབ་ཞུས་པས། །འགྲོ་རྣམས་ཤེས་རབ་གྲུ་ཡིས་འདོན་པར་ཤོག །རྗེ་བཙུན་དམ་པ་རྒྱ་གར་གྱི་གདམས་པ་རྫོགས་སོ། །”[25]ཞེས་པ་ཙམ་ལས་འཁོད་མེད་ཀྱང་ཞ་མ་སེང་རྒྱལ་གྱིས་བསྒྱུར་བ«སྡེ་བསྟན་དཀར་ཆག»ཏུ་གསུངས། «སྡེ་བསྟན»ཤེར་ཕྱིན<མ>འི་ནང་དུ་བཞུགས་པའི«བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་འགྲེལ་པ་དོན་གྱི་སྒྲོན་མ»ཞེས་པའི་འགྱུར་བྱང་དུ། “བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་འགྲེལ་པ་དོན་གྱི་སྒྲོན་མ་ཞེས་བྱ་བ་པཎྜི་ཏ་ཕྱག་ན་རྡོ་རྗེས་མཛད་པ་རྫོགས་སོ།། །།བལ་ཡུལ་ཡེ་རང་གི་གྲོང་ཁྱེར་དུ་རྗེ་བཙུན་བླ་མ་དམ་པ་ཕྱག་ན་རྡོ་རྗེའི་སྤྱན་སྔར་བོད་ཀྱི་དགེ་བའི་བཤེས་གཉེན་རྣམས་ཀྱིས་ཆོས་ཞུས་པའི་དུས་སུ། བླ་མ་ཆོས་སྟོན་པ་མ་བབས་གནང་བའི་ཉིན་པར་བོད་ཀྱི་དགེ་བའི་བཤེས་གཉེན་རྣམས་ཀྱིས་མདོ་བཏོན་པ་ལ། བླ་མ་དམ་པས་ལོ་ཙཱ་བ་ལ་ཁོང་འདོན་པ་དེ་ཅི་ཡིན་གསུངས་པས། ལོ་ཙཱ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་ལགས་ཞུས་པས། འོ་ན་བོད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པོའི་སྙིང་པོ་དར་ན་སངས་རྒྱས་ཀྱིས་ལུང་བསྟན་པ་དེ་བདེན་པ་ཡིན་ནོ། །སྙིང་པོའི་དོན་གྱི་གདམས་ངག་ཤེས་སམ་གསུངས་པ་ལ། ལོ་ཙཱ་བས་མ་འཚལ་ཞེས་ལན་བཏབ་པ་ལ། འོ་ན་ངས་ཁྱེད་རྣམས་ལ་གདམས་ངག་བསྟན་གྱིས་གསུངས་ནས། སྙིང་པོའི་དོན་གྱི་གདམས་ངག་གནང་བ་ཟིན་རིས་བྲིས་ནས་ནན་ཏན་བྱས་པ་ཡིན་ནོ། །བླ་མ་དམ་པའི་ཞབས་ཀྱི་པད་མའི་སྦྲང་རྩི་སྨྱོ་ཆུ་འཐུངས་ནས་སུ། །སྐྱེ་མེད་བདེ་ཆེན་བུང་བ་སྨྱོན་པའི་ཁ་ལ་སུ་ཞིག་མཉན་དུ་ཡོད། །གལ་ཏེ་སྨྱོན་པའི་ཚིག་ལ་བདེན་པ་ཡོད་སྲིད་ཐུགས་ལ་དགོངས་ནས་སུ། །མཐུན་པའི་གྲོགས་པོ་རྣམས་ཀྱིས་མི་བདེན་ན་ཡང་དོན་འདི་དགོངས་པར་ཞུ། །གལ་ཏེ་སྟོང་པ་ཐབས་ཡིན་ན། །དེ་ཚེ་སངས་རྒྱས་ཉིད་མི་འགྱུར། །རྒྱུ་ལས་འབྲས་བུ་གཞན་མེད་ཕྱིར། །ཐབས་ནི་སྟོང་པ་ཉིད་མ་ཡིན། །ལྟ་བ་རྣམས་ལས་ ལོག་རྣམས་དང་། །བདག་ཏུ་ལྟ་བ་ཚོལ་རྣམས་ཀྱི། །བདག་ཏུ་འཛིན་པ་བཟློག་པའི་ཕྱིར། །རྒྱལ་བ་རྣམས་ཀྱིས་སྟོང་པ་བསྟན། །སྲིད་ཞི་མཉམ་ཉིད་དུས་གསུམ་རྒྱལ་བའི་ཡུམ། །འགྲོ་བའི་བདེ་སྒྲུབ་ཐབས་མཁས་སྟོན་པར་བྱེད། །གཞུང་གི་བདག་ཉིད་རིན་ཆེན་ལྟ་བུ་ལ། །དད་དང་གུས་པས་ཡང་ཡང་ཕྱག་འཚལ་ལོ། །ཕན་སེམས་སྤྲོ་དགས་བྲིས་པའི་འགྲེལ་པ་འདི། །གང་ཟག་དམ་པ་རྣམས་ཀྱི་ཕྱག་ཏུ་བརྒྱུད་པ་དང་། །བསྟན་པའི་བྱ་བ་མཛད་པ་བདག་གི་སྨོན་ལམ་ཡིན། །ཆོས་ཉིད་བདེན་པས་དེ་ལྟར་འགྲུབ་གྱུར་ཅིག །རྒྱ་གར་གྱི་མཁན་པོ་དེ་ཉིད་དང་། སྒྲ་བསྒྱུར་གྱི་ལོ་ཙཱ་བ་དགེ་སློང་སེང་གེ་རྒྱལ་མཚན་གྱིས་ཞུས་ཏེ་གཏན་ལ་ཕབ་པའོ།  །”[26]ཞེས་འཁོད་ཡོད། འདིའི་པཎྜི་ཏ་ཕྱག་ན་རྡོ་རྗེ་ཞེས་པ་དེ་ཕ་དམ་པའི་སློབ་མ་རྒྱ་གར་ཕྱག་ན་ཞེས་པ་བོད་དུ་ཕེབས་པ་དེ་ཡིན་པར་སྣང་།  གཞན«སྡེ་བསྟན»རྒྱུད<ཟི>བའི་ནང་དུ་ཞ་མ་ལོ་ཙཱ་བས་བསྒྱུར་བའི་སྒྲུབ་ཐབས་ཀྱི་སྐོར་ཉུང་ངུ་འགའ་བཅས་ཚང་མ«སྡེ་བསྟན»དུ་བཞུགས་སོ། །

ལྔ། གྲུབ་དོན།

གོང་ཞུས་དེ་དག་བསྡུ་ན། «དཀར་ཆག་ལྡན་དཀར་མ»སོགས་སུ«ཚད་མ་ཀུན་བཏུས»འགྱུར་བ་འཁོད་མེད་པས«ཚད་མ་ཀུན་བཏུས»བོད་དུ་འགྱུར་བ་ནི་བསྟན་པ་ཕྱི་དར་གྱི་སྐབས་སུ་སྣང་། ཕྱི་དར་གྱི་སྐབས་སུ་ཞ་མ་སེང་རྒྱལ་གྱིས་བསྒྱུར་བ་གཅིག་དང་མར་ཐུང་དད་པ་ཤེས་རབ་ཀྱིས་བསྒྱུར་བ་སྟེ་འགྱུར་མི་འདྲ་བ་གཉིས་ལས་སྔ་མ«སྡེ་བསྟན»དུ་བཞུགས་ཤིང་། ཕྱི་མ་པེ་ཅིང་དང་སྣར་ཐང་པར་མའི«བསྟན་འགྱུར»དུ་བཞུགས་ཡོད། མར་ཐུང་དད་པ་ཤེས་རབ་ནི་མེ་ཕོ་འབྲུག(1076)གི་ཆོས་འཁོར་ལ་ཕེབས་ཡོད་པས་སྐབས་དེ་ཤེད་ཀྱི་ལོ་ཙཱ་བ་ཡིན་ཞིང་བྱུང་བ་ཞིབ་པ་གང་དུ་ཡང་མ་མཇལ། ཞ་མ་སེང་རྒྱལ་ནི་སྤྱི་ལོ(1062)ཆུ་སྟག་གི་ལོར་འཁྲུངས་པའི་ཞ་མ་མ་གཅིག་གི་གཅེན་པོ་ཡིན་པས་སྤྱི་ལོ(1060)ཡས་མས་ཙམ་ལ་འཁྲུངས་སམ་སྙམ་པ་ཡོད་ཅིང་། དུས་རགས་པ་ནི་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་སོགས་དང་མཉམ། ཁོང་གི་བྱུང་བ་ཐོར་བུ་ཞིག་འགོས་ཀྱི«དེབ་སྔོན»དུ་འཁོད་ཅིང་།  «ཀུན་བཏུས»རྩ་འགྲེལ་སོགས་གཞུང་དང་སྒྲུབ་ཐབས་འགའ་ཞིག་བསྒྱུར་བ་རྣམས«སྡེ་བསྟན»དུ་བཞུགས་ཡོད། «ཀུན་བཏུས་རང་འགྲེལ»དུ་གྲགས་པ་འདི་ཉིད«རང་འགྲེལ»དངོས་ཡིན་མིན་ལ་བོད་དུ་རྩོད་པ་བྱུང་ཡང་རྒྱ་གར་དུ་སློབ་དཔོན་ཆོས་གྲགས་དང་རྒྱལ་དབང་བློས«རང་འགྲེལ»ཡིན་པ་གཞིར་བཟུང་གིས་འགྲེལ་བ་མཛད་ཡོད། «རང་འགྲེལ»ལ«ཡངས་པ་དང་དྲི་མ་མེད་པ་དང་ལྡན་པ་ཞེས་བྱ་བ་ཚད་མ་ཀུན་ལས་བཏུས་པའི་འགྲེལ་བཤད»སློབ་དཔོན་རྒྱལ་དབང་བློས་མཛད་པ་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས་པཎྜི་ཏ་ལ་མ་ལྟོས་པར་རང་འགྱུར་དུ་མཛད་པ«སྡེ་བསྟན»དུ་བཞུགས་པ་ཕུད་གཞན་འགྲེལ་བཤད་རྒྱ་གར་མ་གང་ཡང་བོད་འགྱུར་བྱུང་མེད། འགྲེལ་བཤད་འདི་ནི«རང་འགྲེལ»གྱི་འགྱུར་དང་ཤིན་ཏུ་མི་འདྲ་བས«རང་འགྲེལ»གྱི་དོན་ཐད་ཀར་གོ་བ་ལ་བཀག་རྒྱ་ཐེབས་ཡོད། རྩ་བ་ལ་བོད་ཀྱི་མཁས་པས་བརྩམས་པའི་འགྲེལ་པ་འགའ་བཞུགས་ཀྱང«རང་འགྲེལ»ལ་འགྲེལ་བཤད་བརྩམས་པ་ཞིག་བྱུང་མེད། ད་ལྟ་བོད་དུ«ཀུན་བཏུས»གྱི་འཆད་ཉན་ནུབ་ཟིན་པས་དེ་ལ་ཞིབ་ཏུ་རྒྱུས་ཡོད་དཀོན་ནོ། །

མཆན་དང་ལུང་ཁུངས།
[1] ཉང་ཉི་མ་འོད་ཟེར། «ཆོས་འབྱུང་མེ་ཏོག་སྙིང་པོའི་སྦྲང་རྩིའི་བཅུད།» [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010ལོའི་པར་ཐེངས་གཉིས་པ།  ཤ434
[2] ཕྱོགས་ཀྱི་གླང་པོ། «ཚད་མ་ཀུན་ལས་བཏུས་པ།» «བསྟན་འགྱུར་དཔེ་བསྡུར་མ།»  [G] པོད189 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤ424
[3] «རྭ་ལོ་ཙཱ་བའི་རྣམ་ཐར»ལས། “དེའི་ཚེ་མངའ་བདག་རྩེ་ལྡེས་དབུས་གཙང་གི་སྡེ་སྣོད་འཛིན་པ་དྲག་རིམ་རྣམས་སྤྱན་དྲངས་ཏེ་ཆོས་འཁོར་བཙུགས་པ་དང་དུས་མཚུངས་པས། གཞིས་བྱེས་ཀྱི་སྐྱེ་བོའི་བསུ་སྐྱེལ་རྒྱུན་མི་འཆད་པས་བསུས་ཏེ་ཆོས་འཁོར་ལ་ཕེབས། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ། གཉན་ལོ་ཙཱ་བ་དར་མ་གྲགས། བཙན་ཁ་བོ་ཆེ། ཁྱུང་པོ་ཆོས་བརྩོན། མར་ཐུང་དད་པ་ཤེས་རབ། མང་འོར་བྱང་ཆུབ་ཤེས་རབ། དྭགས་པོ་དབང་རྒྱལ་རྣམས་དང་སྟབས་གཅིག་ཏུ་བྱུང་། དེར་ཆོས་ཀྱི་འཁོར་ལོ་ལེགས་པར་བསྐོར། ཟངས་འཁར་ལོ་ཙཱ་བས་ཚད་མ་རྒྱན་ཡང་དུས་དེར་བསྒྱུར།” ཞེས་གསུངས། རྭ་ཡེ་ཤེས་སེང་གེ །«རྭ་ལོ་ཙཱ་བའི་རྣམ་ཐར» [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1997ལོའི་པར་ཐེངས་ལྔ་བ། ཤ205
[4] འགོས་ཀྱི«དེབ་ཐེར་སྔོན་པོ»ལས། “དེའི་སྲས་རྩ་ལྡེའི་རིང་ལ། མེ་ཕོ་འབྲུག་གི་ཆོས་འཁོར་ཞེས་བྱ་བ་དབུས་གཙང་ཁམས་གསུམ་གི་སྡེ་སྣོད་འཛིན་པ་ཆེན་པོ་ཕལ་ཆེ་བ་ཡང་འདུས། ཆོས་ཀྱི་འཁོར་ལོ་ལེགས་པར་སོ་སོར་བསྐོར། ཟངས་དཀར་ལོ་ཙཱ་བས་ཚད་མ་རྒྱན་ཡང་དེའི་དུས་སུ་བསྒྱུར་བ་མཛད་དེ། སྤྱིར་ན་མངའ་རིས་སྟོད་ཀྱི་རྒྱལ་པོ་དེ་རྣམས་ཀྱིས་བསྟན་པའི་ཞབས་ཏོག་བགྱིས་པ་དེ་ལྟ་བུ་ནི་ཡུལ་གཞན་གང་ན་ཡང་མ་མཆིས། ཆོས་འཁོར་དེ་ལ་རྭ་ལོ་ཙཱ་བ་དང༌། གཉན་ལོ་ཙཱ་དང༌། ཁྱུང་པོ་ཆོས་བརྩོན་དང༌། བཙན་ཁ་བོ་ཆེ་དང༌། རྔོག་བློ་ལྡན་ཤེས་རབ་དང༌། མར་ཐུང་དད་པ་ཤེས་རབ་སྟེ་ལོ་ཙཱ་བ་རྣམས་ཀྱི་འགྲུལ་ཚན་ལ་དྭགས་པོ་དབང་རྒྱལ་ཡང་ཡོད་དེ་ཆོས་འཁོར་དེ་ལ་སྙེགས།”ཞེས་གསུངས། འགོས་ལོ་ཙཱ་བ་གཞོན་ནུ་དཔལ། «དེབ་ཐེར་སྔོན་པོ།»སྟོད་ཆ། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1985ལོའི་དཔར་ཐེངས་དང་པོ། ཤ98
[5][7] ཁང་དཀར་ཚུལ་ཁྲིམས་སྐལ་བཟང་། «རྒྱ་གར་གྱི་ཚད་མ་རིག་པའི་ལྟ་གྲུབ་འཕེལ་རིམ་དང་ཚད་མ་རིག་པའི་ལོ་རྒྱུས།» སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2013ལོའི་པར་ཐེངས་དང་པོ། ཤ202 ཤ202
[6] སློབ་དཔོན་རྒྱལ་བའི་དབང་པོའི་བློ་གྲོས། «ཡངས་པ་དང་དྲི་མ་མེད་པ་དང་ལྡན་པ་ཞེས་བྱ་བ་ཚད་མ་ཀུན་ལས་བཏུས་པའི་འགྲེལ་བཤད།» སྡེ་དགེའི་པར་ཁང་གི་ཤིང་པར། «སྡེ་བསྟན»ཚད་མ། <ཡེ> ཤ0627
[8] འགྲེལ་བཤད་ལས། “ཆོས་ཀྱི་གྲགས་པ་དང་ནི་གཞན་རྣམས་ཀྱིའང༌། །ལུགས་ལས་ཅུང་ཟད་ངེས་པར་བསྡུས་བྱས་ནས། །དེ་ལས་མཐོང་བར་གྱུར་པའི་ཕྱོགས་ཀྱིས་ཀྱང༌། །འབད་པས་རང་གིས་མངོན་པར་བརྟག་པར་བྱ། །”ཞེས་བྱུང་། (སློབ་དཔོན་རྒྱལ་བའི་དབང་པོའི་བློ་གྲོས། «ཡངས་པ་དང་དྲི་མ་མེད་པ་དང་ལྡན་པ་ཞེས་བྱ་བ་ཚད་མ་ཀུན་ལས་བཏུས་པའི་འགྲེལ་བཤད།» སྡེ་དགེའི་པར་ཁང་གི་ཤིང་པར། «སྡེ་བསྟན»ཚད་མ། <ཡེ> ཤ1b)
[9] ས་སྐྱའི་གཞུང་ཆེན་བཅུ་གསུམ་གྱི་གློག་རྡུལ་པར་མ་པོད119TSEMAརྟགས་ཅན་ལས་དྲངས།
[10] བསོད་ནམས་དབང་རྒྱལ་གྱིས་བསྒྲིགས། «རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ།» [G] པོད། (ང) མི་རིགས་དཔེ་སྐྲུན་ཁང་། 2019ལོའི་པར་ཐེངས་དང་པོ  ཤ536
[11] དཔལ་བརྩེགས་དང་ཆོས་ཀྱི་སྙིང་པོ་སོགས། «དཀར་ཆག་འཕང་ཐང་མ།» [M] མི་རིགས་དཔེ་སྐྲུན་ཁང་། 2012ལོའི་པར་ཐེངས་དང་པོ།  ཤ56
[12][19][20] འགོས་ལོ་ཙཱ་བ་གཞོན་ནུ་དཔལ། «དེབ་ཐེར་སྔོན་པོ།»སྟོད་ཆ། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1985ལོའི་དཔར་ཐེངས་དང་པོ།  ཤ408 ཤ272-273 ཤ273
[13] ཆོས་མཆོག «ཚད་མ་རྣམ་པར་ངེས་པའི་ཊཱིཀ་འཐད་ལྡན་ཞེས་བྱ་བ» སྡེ་དགེའི་པར་ཁང་གི་ཤིང་པར། «བསྟན་འགྱུར»ཚད་མ།<ཚེ> <ཛེ>ཤ353
[14] ཆོས་གྲགས། «ཚད་མ་རྣམ་པར་ངེས་པ་ཞེས་བྱ་བ།» སྡེ་དགེའི་པར་ཁང་གི་ཤིང་པར། «བསྟན་འགྱུར»ཚད་མ། <ཅེ> ཤ338
[15] ཡེ་ཤེས་དཔལ་བཟང་། «ཚད་མ་རྣམ་པར་ངེས་པའི་འགྲེལ་བཤད།» སྡེ་དགེའི་པར་ཁང་གི་ཤིང་པར། «བསྟན་འགྱུར»ཚད་མ། <ཚེ> ཤ411
[16] སློབ་དཔོན་རྒྱལ་བའི་དབང་པོའི་བློ་གྲོས། «ཡངས་པ་དང་དྲི་མ་མེད་པ་དང་ལྡན་པ་ཞེས་བྱ་བ་ཚད་མ་ཀུན་ལས་བཏུས་པའི་འགྲེལ་བཤད།» སྡེ་དགེའི་པར་ཁང་གི་ཤིང་པར། «སྡེ་བསྟན»ཚད་མ། <ཡེ> ཤ0627
[17] བསོད་ནམས་དབང་རྒྱལ་གྱིས་བསྒྲིགས། «རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ།» [G] པོད། (ཉ) མི་རིགས་དཔེ་སྐྲུན་ཁང་། 2019ལོའི་པར་ཐེངས་དང་པོ  ཤ470
[18] བསོད་ནམས་དབང་རྒྱལ་གྱིས་བསྒྲིགས། «རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ།» [G] པོད། (ཐ་སྟོད།) མི་རིགས་དཔེ་སྐྲུན་ཁང་། 2019ལོ། ཤ266
[21] སློབ་དཔོན་ཕྱོགས་གླང་། «ཚད་མ་ཀུན་ལས་བཏུས་པའི་རང་འགྲེལ།» སྡེ་དགེའི་པར་ཁང་གི་ཤིང་པར། «སྡེ་བསྟན»ཚད་མ། <ཅོ> ཤ0170
[22] སློབ་དཔོན་ཕྱོགས་ཀྱི་གླང་པོ། «ཚད་མ་ཀུན་ལས་བཏུས་པའི་རྩ་བ།» སྡེ་དགེའི་པར་ཁང་གི་ཤིང་པར། «བསྟན་འགྱུར»ཚད་མ། <ཅོ> ཤ0025
[23] བཻ་རོ་ཙ་ན་རཀྵི་ཏ། «བསླབ་པ་ཀུན་ལས་བཏུས་པའི་ཕྱོགས་ཙམ་ཞིག་བླངས་པའི་བཤད་པ་བསླབ་པའི་མེ་ཏོག་སྙེ་མ།» སྡེ་དགེའི་པར་ཁང་གི་ཤིང་པར། «བསྟན་འགྱུར»དབུ་མ། <ཁི> ཤ0433
[24] རྗེ་བཙུན་བྱམས་པ། «ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པའི་ཚིག་ལེའུར་བྱས་པའི» སྡེ་དགེའི་པར་ཁང་གི་ཤིང་པར། «བསྟན་འགྱུར»སེམས་ཙམ། <ཕི> ཤ0105
[25] རྗེ་བཙུན་དམ་པ། «འཇམ་དབྱངས་སྨྲ་བའི་སེང་གེའི་སྒྲུབ་ཐབས» སྡེ་དགེའི་པར་ཁང་གི་ཤིང་པར། «བསྟན་འགྱུར»རྒྱུད། <ནུ> ཤ73a
[26] པཎྜི་ཏ་ཕྱག་ན་རྡོ་རྗེ། «བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་འགྲེལ་པ་དོན་གྱི་སྒྲོན་མ།»སྡེ་དགེའི་པར་ཁང་གི་ཤིང་པར། «བསྟན་འགྱུར» ཤེར་ཕྱིན། <མ> ཤ294

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号