དཔའ་ལུང་ཐ་རྒྱ་སྡེ་བས་སྲོལ་རྒྱུན་ཡུལ་སྲོལ་ལ་བརྟེན་ནས་འཕེལ་རྒྱས་བརྩོན་ལེན་བྱས།


ཞོགས་པའི་ཉི་འོད་ས་གཞི་ཡོངས་སུ་འཕྲོས་པ་དང་བསྟུན་ནས། རིན་ཆེན་མཁའ་འགྲོ་སོགས་སྡེ་མི་རྒན་པ་རྣམས་ཀྱི་སྣེ་ཁྲིད་འོག མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་ཐ་རྒྱ་བོད་རིགས་ཡུལ་ཚོ་ཐ་རྒྱ་བར་མ་སྡེ་བའི་ཕོ་མོ་རྒན་གཞོན་ཀུན་སྔ་མོ་ནས་ཡར་ལངས་ཏེ་ཁ་ལག་བཀྲུས་ཤིང་འཕྱོར་ལྭ་གོན་པ་དང་། ཤུག་དྲི་འཐུལ་བའི་ཐོང་གཤོལ་དང་ཐོང་ལྕགས། བོང་རྡུང་སོགས་ཞིང་ཆས་དང་། སྔ་མོ་ནས་གྲ་སྒྲིག་བྱས་པའི་ས་བོན“རས་ཁུག”བཅས་བཟུང་སྟེ། ས་བོན་བཀལ་བའི་ནོར་དང་རྟ་ཡི་རྗེས་བསྙེགས་ནས་ཞིང་ཁར་ཐོན།

ཁོད་ཡངས་པའི་ཞིང་ཚིགས་བར་དུ། སྙན་ཞིང་འཇེབས་པའི་ཐོང་ཁ་ཕྱེ་གླུ་སིང་སིང་དུ་གྲགས་པ་དང་མཉམ་དུ། སྐྱེས་ཕོ་མོ་ཀུན་གྱིས་རྗེས་དེད་ནས་ལེན་ཞོར་དུ་ས་བོན་གཏོར་བ་དང་ལུད་འཇོག་པ། ཞིང་རྨོ་བ་སོགས་ཀྱི་མཛད་སྒོ་སྤེལ། འགྱུར་ཁུགས་ལྡན་པའི་གླུ་སྐད་དེ་ཡུན་རིང་ཞིག་ལ་རི་སྐེད་དུ་འཁྱིལ་ཏེ་དཔྱིད་ཀྱི་དཔལ་མོ་གཉིད་ལས་དཀྲོགས་སོང་།

མཛད་སྒོའི་ཡོ་ལང་རྒྱས་པའི“ཐོང་ཁ་ཕྱེ་བའི་དུས་ཆེན”འདིས། ཐ་རྒྱ་ཡུལ་ཚོའི་སྡེ་མིས་སྲོལ་རྒྱུན་རིག་གནས་དར་སྤེལ་དང་སོ་ནམ་ལ་མཐོང་ཆེན་བྱེད་པ། དེ་མིན་ལོ་ལེགས་འབྱུང་བར་རེ་སྒུག་བྱེད་པ་བཅས་མཚོན་ཡོད།

རྒྱང་རིང་གི་རི་མཐོན་པོ་དང་དབྱར་དུས་ཀྱི་མེ་ཏོག་གི་རྒྱ་མཚོ། གནའ་བོའི་ཡུལ་མིའི་སྡོད་ཁང་བཅས་གནས་འདིའི་མི་རྣམས་རང་བྱུང་ཁམས་དང་མཐའ་གཅིག་ཏུ་འཆམ་མཐུན་མཉམ་གནས་བྱས་ཡོད་པ་རེད། ལོ་ངོ་བརྒྱའི་རིང་ལ། སྤྱི་ཚོགས་ཇི་ལྟར་འཕེལ་རྒྱས་སོང་རུང་། གནས་འདིའི་སྡེ་མི་རྣམས་ཀྱིས་ལྟོས་བཅས་ཀྱིས“འགྲིམ་འགྲུལ་སྟབས་མི་བདེ་བའི”སྡེ་བ་རུ་མི་རབས་ནས་མི་རབས་བར་འཚོ་བ་རོལ་ཞིང་། “འགྱུར་བ་མེད་པའི”ཡུལ་སྲོལ་རྒྱུན་འཛིན་བྱས་ཏེ། ཡུལ་འདིའི་རི་ཀླུང་ཆུ་གསུམ་དང་རྡོ་རྩིག་ས་གྱང་རེ་རེར“ཡུལ་གདུང”ཟབ་མོ་དང“སྙན་ངག་དང་རྒྱང་རིང”གི་ནང་དོན་བསྩལ་ཡོད།

དེ་ལྟ་བུའི་སྲོལ་རྒྱུན་གྱི་ཡུལ་སྲོལ་ལྡན་པ་ནི་ཡུལ་དེའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཡིན། སྲོལ་རྒྱུན་སྡེ་བར་སྲུང་སྐྱོབ་བྱེད་པའི་འཆར་འགོད་བྱ་བ་ལེགས་པོར་བསྒྲུབ་ཆེད། ཧྭ་ལུང་རྫོང་དང་ཐ་རྒྱ་ཡུལ་ཚོས་སྔ་གཞུག་ཏུ་སྒོར་ས་ཡ་གསུམ་གྱི་མ་དངུལ་བཏང་ནས་སྲོལ་རྒྱུན་སྡེ་བའི་ལས་གཞི་དང་གནས་སྐོར་རོགས་སྐྱོར་ལས་གཞི་ལག་བསྟར་བྱས་ཏེ། སྲོལ་རྒྱུན་དམངས་ཤག་གི་གློག་ལམ་བཅོས་བསྒྱུར་དང་གནས་སྐོར་སྣེ་ལེན་ལྟེ་གནས་གསར་སྐྲུན་བྱས་པར་མ་ཟད། ཞིང་ཁྱིམ་གྱི་རྒྱ་སྒོ་གསར་དུ་ལས་ནས། ཐ་རྒྱ་སྡེ་བའི་གནས་སྐོར་ལས་གཞིའི་རྨང་གཞི་གསར་སྐྲུན་བྱས་པ་དང་། སྔ་གཞུག་ཏུ་སྒར་ས་རྒྱག་པ་དང་རྐང་ཐང་འགྲན་སྡུར་སོགས་བྱ་འགུལ་སྣ་ཚོགས་སྤེལ་ནས་ཞིང་ཆེན་ཕྱི་ནང་གི“གནས་སྐོར་པ”མང་པོ་བཀུག་ཡོད།

དེ་ལྟར་གནའ་བོའི་བོད་སྡེ་འདི་མི་སྔར་ལས་མང་པོ་ཞིག་གིས་ངོ་ཤེས་པར་གྱུར་ལ། སྔོན་ཆད་ཆུ་འཐུང་དཀའ་བ་དང་སློབ་གྲྭར་འགྲོ་དཀའ་བ། འགྲིམ་འགྲུལ་སྟབས་མི་བདེ་བའི“དབུལ་ནག་སྡེ་བ”འདི་ནི་ད་ལྟ་རྣམ་པ་གསར་པ་ཞིག་གི་ལམ་ནས་ཀུན་གྱི་མིག་ལམ་དུ་མངོན་ཡོད།

ཞིང་སྡེའི་ཁྱད་ལྡན་ཐོན་ལས་བེད་སྤྱོད་གང་ལེགས་བྱེད་པ་དང་། ཐོན་ལས་ལེགས་ཆ་དེ་དཔལ་འབྱོར་ལེགས་ཆར་བསྒྱུར་ཆེད། ཉེ་བའི་ལོ་འགའི་རིང་ལ། “ཏང་གི་འཛུགས་སྐྲུན”གྱི་སྣེ་ཁྲིད་འོག ཐ་རྒྱ་ཡུལ་ཚོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རིམ་བཞིན་འཐུས་ཚང་དུ་བཏང་བ་དང་། ཡུལ་ཚོའི་འཕྲོད་བསྟེན་ཁང་དང་ཕྱུགས་ནད་སྨན་བཅོས་ས་ཚིགས་སོགས་ལས་སྒོའི་བཀོལ་སྤྱོད་ཀྱི་ཁང་པ་བསྟུད་མར་འཛུགས་སྐྲུན་བྱས་ཤིང་། སྡེ་བ་འོག་མའི་གནོད་བྱོལ་གནས་སྤོར་བྱ་བ་བདེ་བླག་ངང་བསྒྲུབས་པར་མ་ཟད། སྐྱེ་ཁམས་གསོ་སྤེལ་གྱི་ཐོན་ལས་གཞི་ཁྱོན་རྒྱུན་ཆད་མེད་པར་རྒྱ་བསྐྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་ནུས་ལྡན་སྒོས་སྦྲེལ་མཐུད་བྱས་ཏེ་གྲུབ་འབྲས་མངོན་གསལ་ཐོན་པ་དང་། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་རིམ་བཞིན་ཇེ་ལེགས་སུ་སོང་།

ཐ་རྒྱ་བར་མའི་ཏང་ཀྲི་པུའུ་ཧྲུའུ་ཅི་སངས་གོ་ཡིས་བཤད་རྒྱུར།“ད་ལྟ་ཁྱིམ་ཚང་རེ་རེར་ཆུ་སྦུག་འཐེན་ཡོད་ལ། ན་ནིང་སྤྱི་ལེ་དྲུག་ཙམ་གྱི་སྣུམ་ལམ་བླུགས་ཏེ་ཁྱིམ་ཚང་རེའི་སྒོ་ཁར་ཐོན་ཡོད། གཞན་ད་དུང་མཉམ་ལས་ཁང་བཙུགས་ཏེ་ལོ་རེའི་ཡོང་སྒོ་སྒོར་ཁྲི5ཡོད་པ་དང་། སྒོ་ཁ་ནས་སྒོར་མོ་བཙལ་ཏེ་སྡེ་བར་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་མེད་པའི་ལོ་རྒྱུས་མཇུག་རྫོགས་པས། ཐ་རྒྱ་མི་དམངས་ཀྱིས་ནམ་ཡང་ཏང་གི་དྲིན་ཚོར་བ་དང་ཏང་གི་གསུང་ལ་ཉན་རྒྱུ་ཡིན”ཞེས་བཤད།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ཁྲོད་བསྟན་དོན། བློ་བརྟན་འགྱུར་མེད་ཀྱིས་ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་སྐྱིད་པོ། སྐྱེ་ཁམས་ལེགས་པའི་དཔལ་ཡོན་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་དེ། ཀྲུང་ཧྭ་མི་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་དགོས།

ཐ་རྒྱ་ཡུལ་ཚོའི་གནས་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་ལ་དམངས་སྲོལ་བཟང་བ་དང་། ཞིང་སྡེ་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་དགོས་ན་ཞིང་སྡེའི་ཁྱད་ཆོས་མངོན་དགོས། ཡུལ་སྲོལ་བཟང་བོར་དོ་སྣང་དང་ཞིང་སྡེའི་རྣམ་པ་སྲུང་འཛིན་བྱས་ཏེ། རི་སྔོ་ཆུ་དྭངས་ལ་སྲུང་སྐྱོབ་དང་། ཡུལ་གདུང་ཟབ་མོའི་དྲན་པ་ཉར་དགོས། “ལོ་བརྒྱའི་བོད་སྡེ”དང “མུའུ་ཁྲི་ཡི་རྩྭ་ར” “གདོད་མའི་ནགས་ཚལ”སོགས་གནས་སྐོར་ཐོན་ཁུངས་ཇི་ལྟར་ཡུན་རིང་བོར་བེད་སྤྱོད་དང་རྒྱུན་འཛིན། དར་སྤེལ་བཅས་བྱེད་པ་དང་། མི་མང་པོ་ཞིག་ལ་སོ་ནམ་རིག་གནས་ཀྱིས་བསྐྱེད་པའི་བརྩེ་འདང་ཉམས་སུ་མྱོང་དུ་འཇུག་པ། རང་བྱུང་ཁམས་ནས་སེམས་རྟེན་འཚོལ་ཞིབ་བྱེད་པ་བཅས་ནི་ཐ་རྒྱ་ཡུལ་ཚོས་གྲོང་གསེབ་དར་སྤེལ་ལག་བསྟར་བྱེད་པའི་བརྗོད་གཞིའི་ནང་དོན་རེད།

ཐ་རྒྱ་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་ཀྲང་ཆིང་ཧྥུའུ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་གྱིས་སྣེ་ཁྲིད་དེ། ཕུལ་བྱུང་སྲོལ་རྒྱུན་ཡུལ་སྲོལ་རིག་གནས་གཏིང་ཟབ་སྒོས་སྔོག་འདོན་དང་རྒྱུན་འཛིན། གསར་སྐྲུན་བཅས་བྱེད་པ་དང་། སྲུང་སྐྱོབ་རྒྱུན་འཛིན་དང་གསར་སྤེལ་བེད་སྤྱོད་ནུས་ལྡན་གྱིས་ཟུང་འབྲེལ་བྱེད་པ། སོ་ནམ་དཔལ་ཡོན་གྱི་ཕུལ་བྱུང་ཤུལ་བཞག་ཐོན་རྫས་དང་དེང་རབས་དཔལ་ཡོན་གྱི་རྒྱུ་རྐྱེན་གཙོ་བོ་མཉམ་འདྲེས་བྱེད་པ་བཅས་ཀྱིས། ཞིང་སྡེའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བར་ཧུར་ཐག་གིས་སྐུལ་འདེད་བྱེད་རྒྱུ་དང་། ཐོན་ལས་དར་སྤེལ་དང་སྐྱེ་ཁམས་གནས་སྡོད། ཡུལ་སྲོལ་དཔལ་ཡོན། བཅོས་སྐྱོང་ནུས་ལྡན། འཚོ་བ་སྐྱིད་པོའི་ཞིང་སྡེ་གསར་པ་འཛུགས་སྐྲུན་ཁྲོད་སྐྱེ་ཁམས་དང་འཆམ་མཐུན། བདེ་སྐྱིད་བཅས་ཀྱི་ལེའུ་གསར་པ་འབྲི་དགོས་ཟེར།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号