སྣང་རའི་གྲོང་བརྒྱད་ཀྱི་སྟོང་དཔོན་དབང་ཆེན་དོན་འགྲུབ་ཀྱི་ལོ་རྒྱུས་མདོ་ཙམ་བརྗོད་པ།

སྣང་ར་པ་འཇིགས་མེད།

འདིར་སྣང་རའི་གྲོང་བརྒྱད་ཀྱི་སྟོང་དཔོན་དབང་ཆེན་དོན་འགྲུབ་ལགས་ཀྱི་ལོ་རྒྱུས་མདོ་ཙམ་བརྗོད་པ་ལ། ཐོག་མར་ས་བཅད་མ་སྟོང་ཙམ་དུ་སྔར་གྱི་དཔོན་རབས་རིམ་བྱོན་གྱི་མཚན་ཙམ་བགྲངས་ན། སྣང་རའི་དཔོན་པོ་དང་པོ་གཙུག་ཏོར་སྐྱབས་ཀྱི་རིང་ནས་བཟུང་། གཅན་ཚའི་དཔོན་པོའི་ལོ་རྒྱུས་ཀྱི་མཇུག་རྫོགས་ནས། རིམ་གྱིས་སྣང་རའི་དཔོན་རབས་དང་པོའི་མགོ་གསར་དུ་ཚུགས་ཤིང་། དཔོན་པོ་གཙུག་ཏོར་སྐྱབས་ཀྱི་བུ་དཔོན་པོ་ཡུམ་མེ་ནས་དཔོན་རབས་གཉིས་པ་བསྐྱངས། དེའི་བུ་སྟོང་དཔོན་བློ་གྲོས་ཀྱིས་དཔོན་རབས་གསུམ་པ། དེའི་བུ་སྟོང་དཔོན་ཀུན་བཟང་གིས་དཔོན་རབས་བཞི་པ། དེའི་བུ་སྟོང་དཔོན་བློ་བཟང་ཉི་མས་དཔོན་རབས་ལྔ་པ། དེའི་བུ་སྟོང་དཔོན་རབ་བརྟན་གྱིས་དཔོན་རབས་དྲུག་པ། དེའི་བུ་སྟོང་དཔོན་ལྷ་མགོན་ཐར་གྱིས་དཔོན་རབས་བདུན་པ། དེའི་བུ་སྟོང་དཔོན་དབང་ཆེན་དོན་འགྲུབ་ཀྱིས་དཔོན་རབས་བརྒྱད་པ་བཅས་རིམ་པར་བསྐྱངས་ནས་དཔོན་རྒྱུད་ཀྱི་ཕྲེང་བ་ཟམ་མ་ཆད་པར་བྱོན་ཡང་། འདིར་དགོས་པ་དམིགས་བསལ་ཅན་དང་ལྡེབ་ངོས་དང་ནང་དོན་ཚད་བཀག་གི་རྐྱེན་པས། གཤམ་དུ་སྟོང་དཔོན་བརྒྱད་པའམ་སྣང་རའི་གྲོང་བརྒྱད་ཀྱི་མཇུག་མཐའི་སྟོང་དཔོན་དབང་ཆེན་དོན་འགྲུབ་ལགས་ཀྱི་ལོ་རྒྱུས་མཐོང་ཐོས་ཁོ་ན་ཙམ་ཆེད་དུ་དགོད་པར་བྱའོ། 

སྣང་རའི་གྲོང་བརྒྱད་ཀྱི་སྟོང་དཔོན་དབང་ཆེན་དོན་འགྲུབ་ནི། སྣང་རའི་གྲམ་པ་ནང་དཔོན་ཚང་དུ་ཡབ་དཔོན་པོ་ལྷ་མགོན་ཐར་དང་། ཡུམ་དཔོན་པོ་སྔོན་མ་བློ་བཟང་ཉི་མའི་སྐུ་སྲིང་ཞིག་མདུང་བརྒྱར་གནས་ལ་སོང་བའི་ཁྱིམ་གཞི་དེའི་བུ་མོ་ལྷ་གོ་སྐྱིད་གཉིས་ཀྱི་སྲས་སུ། མེ་རྟ་སྤྱི་ལོ1906ལ་འཁྲུངས་ཤིང་། མཆེད་དུ་ཕུ་ནུ་མིང་སྲིང་བརྒྱད་ལྷག་བྱུང་། ཁོང་ལོ་ན་གསུམ་ལ་སོན་པའི་དུས་ནས་ཀྱང་། དགེ་སློང་དང་མཆོག་གསུམ་གྱི་རྟེན། ཆོས་ཀྱི་གླེགས་བམ་བཅས་ལ་མཇལ་ཚེ། དགའ་དད་སྤྲོ་གསུམ་གྱི་མེ་ཏོག་རང་ཆས་སུ་གྲོལ་ནས། སྔོན་ལས་ཀྱི་འབྲས་རྟགས་དུ་མ་མངོན་དུ་གྱུར་བ་ཞིག་ཏུ་གྲགས།

ཤིང་ཡོས་སྤྱི་ལོ1915ལོར་ཡབ་ཀྱིས་གྱེར་ཐང་རི་ཁྲོད་དུ་བསྐྱལ་ནས། སྐྱབས་རྗེ་ཨ་རིག་རིན་པོ་ཆེའི་མདུན་དུ། ཡི་གེ་འབྲི་ཀློག་དང་ཐ་སྙད་རིག་གནས་སྐོར་ལ་ཐུགས་གཉེར་མཛད།

ལྕགས་སྤྲེལ་སྤྱི་ལོ1920ལ་ཁྱིམ་ལས་རབ་ཏུ་འབྱུང་འདུན་གྱིས་གྲྭ་ཆས་ཆ་ཚང་ཞིག་ཀྱང་བསྒྲིགས་མོད། ཡབ་ནས་ལྷ་དང་བླ་མའི་ལུང་བསྟན་ལྟར། རང་གི་རྗེས་སྐྱོང་དུ་དགོངས་ནས་ཕྱིར་ཡབ་གཞིས་སུ་ཕབ།

ཤིང་ཁྱི་སྤྱི་ལོ1934ལ་ཡབ་དཔོན་པོ་བདེ་གཤེགས་ཚང་དང་། ལ་མོ་ཁྲི་ཆེན་རྣམ་གཉིས་གཙོས་གྲོང་བརྒྱད་ཀྱི་རྒན་བསམ་སྤྱི་ནས། ཁོང་ནི་ཕ་ཤུལ་བུ་འཛིན་དང་། མདའ་ཤུལ་སྒྲོས་འཛིན་གྱི་ཚུལ་དུ་སྣང་རའི་གྲོང་བརྒྱད་ཀྱི་སྲིད་ཁྲིར་མངའ་གསོལ་ནས་རིམ་གྱིས་ན་ཚོད་དར་བའི་གོ་རིམ་ཁྲོད། རང་བཞིན་གྱིས་ཆོས་ལ་དད་ཅིང་སྙིང་སྟོབས་ཀྱི་གོ་ཆ་བརྟན་པ་དང་། སྨྲ་ལ་མཁས་ཤིང་བློ་གྲོས་ཀྱི་འཇུག་སྒོ་ཡངས་ལ། རྟ་རྒྱུགས་མདའ་འཕེན་སོགས་ཕོ་རྩལ་གྱི་ལས་ལ་བྱང་གོམས་ཆེ་ཞིང་། རིམ་གྱིས་སྲིད་ཀྱི་ལས་ཀ་ལའང་ཤིན་ཏུ་འཇོན་པར་གྱུར་བས། སྔར་ཡོད་སྤྱི་ཚོགས་ཀྱི་ཆོས་སྲིད་དོ་དམ་དང་ཞིང་ཕྱུགས་ལས་དང་འབྲེལ་བའི་སྲོལ་རྒྱུན་རང་བཞིན་གྱི་ཐོན་སྐྱེད་བྱེད་སྟངས་རྣམས། བཅོས་བསྒྱུར་བྱས་ནས་ཇེ་ཟབ་དང་ཇེ་ཞིབ་ཇེ་རྒྱས་སུ་བཏང་སྟེ། འབངས་མི་སེར་རྣམས་ཀྱི་ཟས་གོས་འཚོ་བ་ཡར་རྒྱས་གཏང་ཐབས་སུ་ཐུགས་ཁུར་ཟབ་བཞེས་གནང་བར་མ་ཟད། ས་རྒོད་བཏུལ་ནས་རྨོ་ཞིང་རྒྱ་སྐྱེད་དང་། ཞིང་ཆུ་འདྲེན་པའི་ཡུར་ཆེན་བཟོ་བ། འབངས་ཀྱིས་ཕྱུགས་རིགས་སྐྱོང་པར་གསུང་སྐུལ་དང་རྒྱབ་སྐྱོར་ཇུས་འདོན་གནང་སྟེ་གྲམ་པ་ནང་གི་ལ་རྒྱབ་ཀྱི་སར་སྔར་ནས་ཕྱུགས་ར་མང་པོ་བསྐོར་ཡོད་པའི་རྨང་གཞིའི་སྟེང་གཞི་རྒྱ་ཆེར་བསྐྱེད་དུ་བཅུག་པ་དང་། སྡེ་བ་ཁ་ཤས་སུ་སྤྱི་འཇོག་འབྲུ་མཛོད་གསར་དུ་བཙུགས་ཏེ་དབུལ་ཁྱིམ་རྣམས་དཀའ་ཁག་ལ་ཐུག་དུས། འབྲུ་རིགས་སྐྱི་བར་ཁག་ཐེག་དང་སྟབས་བདེ་བཟོས་ཤིང་། ཡུལ་དུས་དང་འཚམ་པའི་སྲོལ་རྒྱུན་གྱི་འཚོ་བའི་འགན་སྲུང་སྒྲིག་འཛུགས་ལམ་ལུགས་གསར་གཏོད་སྒོས་ཡུལ་འབངས་ལ་ཕན་བདེ་མི་དམན་པ་བསྐྲུན་པས། གྲོང་བརྒྱད་ཀྱི་འབངས་ཀྱི་འཚོ་བའི་ཆུ་ཚད་དང་འགན་སྲུང་ཡར་རྒྱས་སུ་ཕྱིན། ཡབ་ཀྱི་རིང་ནས་ཆོས་འབྲེལ་གྱི་གསེར་ཟམ་ཚུགས་པའི་རྗེ་བླ་ཁོ་འཇིགས་མེད་འཕྲིན་རྒྱ་མཚོ་ཚང་དང་། ཞྭ་དམར་ལྔ་པ་རྗེ་བློ་བཟང་བཤད་སྒྲུབ་བསྟན་འཛིན་རྒྱ་མཚོ་ཚང་། མོག་ཀྱཱ་མཁན་སྤྲུལ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་ཚང་སོགས་བླ་མ་སྐྱེས་ཆེན་མང་པོ་མཆོད་གནས་སུ་བཀུར་བ་དང་། ཁོང་རྣམ་པའི་ཐུགས་རེ་བཞིན་ཡུལ་དང་འབངས་རྣམས་ཆོས་བཞིན་བསྐྱངས་ཤིང་། རྩ་བའི་བླ་མ་ཐར་ཤུལ་དགེ་ལེགས་དབང་ཕྱུག་ཆོས་སྐྱོང་རྒྱ་མཚོ་མཆོག་གིས་གཙོས། རི་ཁྲོད་པའི་དགེ་འདུན་འདུལ་བ་འཛིན་པ་ཞལ་གྲངས་བརྒྱ་ལྷག་རྨ་ལུང་རྡོ་རྗེ་བྲག་ཏུ་ཟླ་ཆོས་སུ་ཞུས་ཏེ། ཡར་མཆོད་འབུལ་དང་མར་སྐུ་འགྱེད་སོགས་དགེ་སྒྲུབ་བསམ་གྱིས་མི་ཁྱབ་པ་ཡབ་དཔོན་པོའི་སྐབས་ལས་ཀྱང་ལྷག་པ་བྱུང་། བྱ་ཁྱུང་གསེར་གདུང་ཉམས་གསོའི་སྐབས་སུ། རྗེ་བླ་ཁོ་འཇིགས་མེད་འཕྲིན་ལས་རྒྱ་མཚོས་ཐུགས་བཀོད་དང་། གསེར་སྲང་སུམ་ཅུའི་བདག་རྐྱེན་སྩལ་བ་ལྟར། ཤིང་ཆའི་རྒྱུ་ཆ་མང་པོ་དགོན་པའི་བར་དུ་བསྐྱལ་ཏེ་ཡོན་བདག་གཙོ་བོའི་ཐུགས་འགན་བཞེས། ཤིང་ཕག་སྤྱི་ལོ1935ལོའི་བཅུ་པའི་ཚེས་བཅུ་དགུ་ལ། སྐྱབས་རྗེ་བླ་ཁོ་རིན་པོ་ཆེ་དཔོན་ཚང་གི་གཞིས་ཀར་ཆིབས་ཁ་བསྒྱུར་ནས་ཉིན་ཞག་གཉིས་ལ་བཞུགས་སྐབས། དཔོན་ཚང་གི་རྒྱབ་རྟེན་དུ་མཆོད་རྟེན་ཞིག་བཞེང་རྒྱུའི་བཀོད་ཁྱབ་བསྩལ་ཏེ་ས་དཔྱད་གཟིགས་ཤིང་། དེར་འདུས་རྣམས་ལ་མདོ་གདུགས་དང་ཚེ་མདོ། རྒྱལ་མཚན་རྩེ་མོའི་དཔུང་རྒྱན། སྒྲོལ་དཀར་སོགས་དབང་ལུང་དུ་མ་དང་ཕྱག་དབང་བཅས་བཀའ་དྲིན་དུ་བསྩལ།

ཆུ་རྟ་སྤྱི་ལོ1942ལ་ལག་ཤེས་བཟོ་རིག་མཁས་པ་དུ་མ་གདན་དྲངས་ཏེ། གཞི་རྒྱ་ཅུང་ཆེ་པའི་དཔོན་ཚང་གི་ད་ལྟའི་གཞིས་ཀ་འདི་རྒྱ་སྐྱེད་གསར་བཞེངས་ཀྱི་དབུ་དངོས་སུ་ཚུགས།

ས་བྱི་སྤྱི་ལོ1948ལ་དཔོན་པོ་ཁོང་ནས་རང་འགན་ཁུར་ལེན་གྱིས་རྨ་ལུང་རྡོ་རྗེ་བྲག་ཏུ། མེ་ཏོག་ཕོག་པའི་ལྷ་སྐལ་རྗེ་ཐར་ཤུལ་དགེ་ལེགས་དབང་ཕྱུག་ཆོས་སྐྱོང་རྒྱ་མཚོ་མཆོག་ལས། གྲོང་བརྒྱད་ཀྱི་དད་འབངས་ཁྲི་ཕྲག་བརྒལ་བ་རྣམས། རིགས་གཅིག་ཏུ་སྨིན་པར་བྱེད་པའི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཞུས། དེར་ཕེབས་ཀྱི་དགེ་འདུན་འདུས་པ་རྒྱ་མཚོར་བཞུགས་གནས་དང་གཟིམ་ཆས། བུད་ཤིང་དང་བཞེས་པ་གསོལ་སྐྱེམས་གང་ཐད་ནས་བསྙེན་བཀུར་རྒྱ་ཆེ་ཞིང་། འགྲོ་དོན་མི་དམན་པ་བསྐྱངས། སྐབས་དེའི་སྔ་རྗེས་སུ་བླ་མ་ཐར་ཤུལ་རྡོ་རྗེ་འཆང་ལ། རྨ་ལུང་རྡོ་རྗེ་བྲག་དང་སྣང་རའི་གསེར་ཁང་གཉིས་སུ་བླ་བྲང་རེའང་བཞེངས་ཤིང་། ཁོང་སྟོན་འཁོར་དང་བཅས་པ་དགུན་བཞུགས་སུ་ཞུས་ཏེ། དད་འབངས་རྣམས་ལ་དབང་ལུང་རྗེས་གསུམ་གྱི་གདམས་པ་ཟབ་མོ་ཅི་འདོད་དུ་བསྩལ་ཏེ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། སྔ་སྲོལ་བཟང་པོ་ཕལ་ཆེར་ཞིབ་རྒྱས་དང་། མེད་པ་གསར་དུ་བཏོད་དེ་གྲོང་བརྒྱད་ཀྱི་ཆོས་སྲིད་ལུགས་གཉིས་འཐུས་ཤོར་མེད་པ་དང་། ཡུལ་འབངས་ཆོས་བཞིན་བསྐྱངས་པས། རོང་འབྲོག་གཉིས་དང་རི་ཆུ་བར་གསུམ་ཀུན་ཏུ། ཆར་ཆུ་དུས་སུ་བབས་པ་དང་། ཆུ་མོ་སྣ་ཚོགས་རྒྱས་ཤིང་རྟག་ཏུ་ལོ་ཕྱུགས་ལེགས་པ། འཐབ་རྩོད་འཁྲུག་ལོང་དང་མུ་གེ །ཡམས་ཀྱི་འཚེ་བ་ཐམས་ཅད་མིང་གི་ལྷག་མ་ཙམ་དུ་གྱུར་ནས་རྫོགས་ལྡན་གྱི་དུས་བཞིན་ཤར་བས། མེ་ཏོག་སེར་ཆེན་སྤང་གི་རྒྱན། དཔོན་པོ་བཟང་པོ་འབངས་ཀྱི་རྒྱན་ཞེས་པའི་དཔེ་ལྟར་བྱུང་ལ། དཔོན་པོ་ཁོང་ནི་འབངས་ཉེ་རིང་ཀུན་ལ་སྐུ་དྲིན་ཆེ་བའི་དཔོན་པོ་ཞིག་རེད་ཅེས་གོང་འོག་བར་གསུམ་ཀུན་གྱིས་བསྔགས་པའི་མེ་ཏོག་རབ་ཏུ་གཏོར་བར་གྱུར་ཏོ། 

ས་གླང་སྤྱི་ལོ1949ནི་དཔོན་ཚང་གི་གཞིས་ཀ་རྒྱ་སྐྱེད་གསར་བཞེངས་ཀྱི་ལས་མགོ་ཚུགས་ནས། བགྲང་བྱ་བདུན་ལྷག་ཕྱིན་པའི་དུས་ཤིག་ཡིན་པ་དང་། གཞིས་ཀ་ཡོངས་སུ་གྲུབ་པའི་ལོའང་ཡིན་ལ། ཏག་ཏག་གུང་དམག་ལན་གྲུ་མཁར་ལ་ཐོན་ནས་མཱ་པུའུ་ཧྥང་གི་དམག་དཔུང་དང་། གཏུགས་རེས་བྱེད་པའི་དུས་འཁྲུག་གི་སྐབས་སུའང་ཁེལ་བས། ཟི་ལིང་དཔོན་པོ་མཱ་པུའུ་ཧྥང་གིས་མི་སྣ་ཆེད་དུ་མངགས་ཏེ་སྣང་རའི་གྲོང་བརྒྱད་ཀྱི་ཕྱོགས་ནས་ཁོའི་དམག་འཐབ་ལ་རྒྱབ་རོགས་བྱ་དགོས་སྐོར་གྱི་བཀའ་ཕབ་རུང་། དཔོན་པོ་ཁོང་གིས་དང་ལེན་ཞལ་བཞེས་མ་གནང་། ལོ་དེའི་དགུ་པའི་ནང་ལ་ཁོས་གུང་དམག་ཀ་མདོར་སླེབས་ཚུལ་གསན་པ་དང་། ལོ་ཁོག་ཞང་པོ་དང་ཚེགས་རྒྱལ་མཁར་ལོ། གདོང་སྟེང་སྙིང་གར་རྒྱལ། ཞྭ་ཁྲའི་རྣམ་ཐར་རྒྱལ། ཀ་བརྒྱའི་དཀོན་མཆོག་ཚེ་རིང་ངམ་མིང་གཞན་ཀ་བརྒྱའི་མན་ཀྲང་ཟེར་བ་སོགས་གལ་འགངས་ཆེ་བའི་གྲོང་བརྒྱད་རྒན་བསམ་གྱི་འཐུས་ཚབ་མི་སྣ་མང་པོ་ཆེད་གཉེར་མངགས་ཤིང་། རྟ་དང་ཕྲུག་ངོས་གཙང་། སྐམས་ལུག་མང་པོ་བཅས་འཚམས་སྐྱེས་སུ་བཏེགས་ཏེ་ཕེབས་བསུ་བྱས་ཤིང་། ཁོ་ཚོའི་རུ་དཔུང་ཟི་ལིང་མཁར་ལ་སྐྱོད་དུས་ཀྱང་། སྐུ་དངོས་ཀྱིས་ཡར་སྣ་གདོང་ལེ་པོ་དང་གཅན་ཚའི་བནྡེ་ཐར། དགུ་སྟེང་སྒམ་པོ། སྦྲུལ་ལྕེ་མགར་བ་སོགས་བློན་གྱི་གཙོ་བོ་རྣམས་ཕྱག་ཕྱིར་ཁྲིད་དེ། འཚམས་སྐྱེས་གང་མང་བསྣམས་ནས་འཚམས་འདྲི་དང་། དགའ་བསུ་ཞུ་བའི་བསམ་ཚུལ་བསྟན། ཕྱིར་ཕེབས་ཀྱི་ལམ་དུ་བཱ་ཡན་ལ་བསླེབས་པའི་གུང་དམག་ལའང་སྐྱེས་བཏེགས་ཏེ་སྔར་བཞིན་འཚམས་ཞུ་ཕུལ་བ་དང་། སྤྱི་ཚོགས་རྙིང་པའི་སྲོལ་རྒྱུན་ལྟར་བལ་ཁྲལ་སོགས་ཁྲི་ཀར་བསྐྱལ་ནས་སྲིད་གཞུང་ལ་ཕུལ་ནས། ཕྱོགས་གཉིས་ཀྱི་བར་འབྲེལ་ཟམ་གསར་དུ་ཚུགས་པའང་ཁོང་གི་མཛད་པ་ཐུགས་རྗེས་དང་ཁ་འབྲལ་ཐབས་མེད།

ལྕགས་སྟག་སྤྱི་ལོ1950ལ་མཱ་ཕྱོགས་ནས་གུང་དམག་གི་དཔུང་འཇུག་སྟོབས་ཤུགས་འགོག་རྒོལ་བྱ་ཆེད། གྲོང་བརྒྱད་ཀྱི་བེ་སང་དམག་འཐབ་ལག་རོགས་སུ་དགུག་རྒྱུའི་ཐབས་ཇུས་བཏོན་ནས། དམག་རྟ་བརྒྱད་ཅུ་ལྷག་དང་མཚོན་ཆ་སོགས་དམག་ཆས་ཡོ་བྱད་མང་པོ་དམངས་ཁྲོད་དུ་བཀྲམ་ཡོད་པ་དྲེལ་ཁལ་སུམ་ཅུ་ལྷག་སྲིད་གཞུང་གི་རེ་སྐུལ་ལྟར། ཁྲི་ཀ་དང་ཀ་མདོ་གཉིས་ལ་བསྐྱལ་ཏེ་རྩིས་འབུལ་བྱས། བརྒྱད་པའི་ཚེས་དྲུག་ཉིན་སྲིད་གཞུང་གི་བཀོད་ཁྱབ་ལྟར། ཟི་ལིང་དུ་ཆིབས་བསྒྱུར་གནང་སྟེ། ཞིང་ཆེན་སྲིད་གཞུང་གིས་ཀྲུའུ་ཞི་གཞོན་པ་མཱ་ཕེ་སྐུ་གཤེགས་པར་མྱ་ངན་ཚོགས་འདུ་བསྡུས་པའི་སྟེང་ཞུགས་ཤིང་། ཞར་ལ་ཀྲུའུ་ཞི་ཀྲོ་ཧྲིག་ཧྲན་དང་ཧྲུའུ་ཅི་ཀྲང་ཀྲུང་ལིང་རྣམ་གཉིས་དང་ཐུག་འཕྲད་མཛད་དེ་སྲིད་དོན་སྐོར་གྱི་འཕྲོས་པ་མང་དུ་བསྐྱངས།

ལྕགས་ཡོས་སྤྱི་ལོ1951ལ་སྲིད་གཞུང་ནས་མཱ་པུའུ་ཧྥང་གི་དཔོན་ཁག་བྲག་རྒྱའི་ཧྲི་གཙོ་དང་། དམག་གི་མདའ་དཔོན་ནམ་ཐོན་གཙོ་རུས་ཀོ་ཅན་བཅས་ལ་ཚུར་འགུག་སློབ་གསོ་བཏང་ནས་མཉམ་འབྲེལ་དང་རམ་འདེགས་བྱ་རྒྱུའི་བཀའ་ཕབ་པ་དང་། ཁོ་ཚོར་མགོ་སྒུར་ཏུ་བཅུག་ན་སྲོག་ཐར་དུ་གཏང་རྒྱུ་ནི་ཁྱེད་རང་དཔང་ལ་བསྡད་དེ་ཁག་ཐེག་བྱས་ཆོག །སྲིད་གཞུང་གི་ཕྱོགས་ནས་ཁྱེད་ལ་བསླུ་བྲིད་མི་གཏང་ཞེས་བཤད་པ་དང་། མི་རྗེ་ཁོང་གིས་ཀྱང་སྲིད་གཞུང་ལ་ཡིད་ཆེས་དམ་པོ་བཅངས་ནས། བློ་དཀར་གཞུང་དྲང་སྒོས་མཱ་ཕྱོགས་ཀྱི་བྲོས་བྱོལ་དཔོན་དམག་སྐོར་ཞིག་ལ་སློབ་གསོ་སྤྲད་ནས་ཚུར་འགུག་བྱུང་རྗེས། ཟི་ལིང་ལ་ཁྲིད་དེ་ཚོགས་འདུར་ཞུགས་པའི་སྐབས། སྲིད་གཞུང་ནས་ཟླ་ཤས་རིང་སློབ་སྦྱོང་བྱེད་དགོས་ཟེར་ནས་ཁོ་ཚོ་ཕྱིར་ལྡོག་ཏུ་མ་བཅུག །དེ་ནས་ཉིན་ཉི་ཤུ་ཙམ་འགོར་རྗེས་གནས་ཚུལ་ལ་འགྱུར་ལྡོག་བྱུང་སྟེ། སྔ་ཚིག་གསེར་གྱི་ཕ་བོང་དང་། ཕྱི་ཚིག་བྱེ་མ་རླུང་འཁྱེར་གྱི་དཔེ་ལྟར། ཁོང་གིས་མགོ་འཛུལ་བའི་མཱ་དམག་རྣམས་བཀག་བསྐྱིལ་བྱས་ཚུལ་ཐོས་པ་དང་། སྲིད་གཞུང་ནས་ཁོ་ཚོས་སློབ་སྦྱོང་བྱེད་དགོས་ཟེར་བ་ནི་ཁ་གཡར་ས་ཁོ་ན་ཡིན་པར་དོགས་པ་དང་མཉམ་དུ། སྲིད་གཞུང་གི་བྱེད་ཕྱོགས་ལ་སྔར་མེད་པའི་ཐུགས་དོགས་ཤིག་ཀྱང་ཆེར་བསླངས། ལོ་དེའི་དགུ་པའི་ནང་ལ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་དྲུང་ཡིག་ཆེན་མོ་མཱ་ལི་ཐེན་ཟེར་བ་སྣང་རར་མངགས་ཡོང་ནས། ཕན་ཚུན་ཞི་བའི་གྲོས་མོལ་གྱི་ལམ་དུ་འགྲོ་དགོས་སྐོར་གྱི་གྲོས་མགོ་དང་རེ་བ་ཐོག་མར་བཏོན། ཐེངས་ཤིག་སྲིད་གཞུང་གི་བཀའ་མངགས་ལྟར། དཔོན་པོ་ཁོང་བྲག་ཁང་སྣ་ཁ་དང་སྐ་ཕུག་བར་གྱོད་འདུམ་ལ་ཕེབས་ནས་ཕྱིར་མགུར་འོག་ཏུ་སླེབ་སྐབས། རྨ་ཆུའི་ཕ་རོལ་གྱི་མཁར་ཟུར་སྣ་ཁ་ཞེས་པའི་སར། གུང་དམག་གིས་སྒར་བཏབ་ཡོད་པ་དེ་ནས་ཁོང་གི་སྟེང་ལ་མེ་མདའ་དང་། སྒྱོགས་ཆེན་མང་དུ་འཕངས་ནས་འཇིགས་བསྐུར་བར་བརྟེན། ཐུགས་དོགས་སྔར་ལས་ཆེར་བཞེས་ཏེ་བློ་ཐག་མ་ཆོད་པར་ཡོད་སྐབས། མི་ཁ་ཤས་ཀྱིས་ཁོང་གི་བསམ་ཚུལ་ཤེས་ནས་ཁྲི་ཀའི་དཀར་བརྗིད་སྟོང་དཔོན་དང་སྐ་ཕུག་དཔོན་པོ་གཉིས་ཀྱི་གྱོད་དཔེ་བེད་སྤྱད་ནས་སྐྲག་བསྐུར་བ་དང་། བར་དུ་ཕྲ་མ་དང་དབྱེན་གྱི་ཚིག་གིས་ཀྱང་མང་དུ་བྲིད་ཅིང་། ད་དུང་མཱ་དམག་འགས་ཀྱང་འཇིགས་བསྐུར་ནས་དཀྲོག་གཏམ་སྤེལ་བ། གཞན་ཕ་རིང་བུ་རིང་དང་བགྲང་བྱའི་འཁོར་ལོ་མང་པོ་ཞིག་གི་རིང་། རང་རྒྱུད་ལ་ཐེབས་པའི་བག་ཆགས་ཟབ་མོ་དང་། རིག་གནས་འདུ་ཤེས་ཀྱི་དབང་གིས་གོ་རིམ་ཅི་ཡང་མེད་པའི་སྒོ་ནས་གློ་བུར་དུ་བྱ་དངོས་གསར་པ་ཞིག་དང་ལེན་མཛད་སྐབས། རིག་གནས་དང་རིག་གནས་ཤིག་གི་བར་དང་། སྲོལ་རྒྱུན་དང་གསར་ཐོན་བྱ་དངོས་བཅས་ཀྱི་བར་དུ་འགལ་འདུ་བྱུང་ནས་ཕན་ཚུན་དྲག་པོས་གདོང་གཏུགས་རྒྱག་ངེས་པ་ནི། རྒྱུན་ལྡན་གྱི་ཆོས་ཉིད་ཅིག་ལས་མ་འདས་པའི་ཕྱི་ནང་གི་ཉེར་ལེན་མང་པོའི་དབང་གིས། བུད་ཤིང་ལ་སྣུམ་བླུགས་པ་ལྟར། ཁོང་གི་ཐུགས་དོགས་ཀྱི་ཞུགས་ཆེན་རབ་ཏུ་འབར་ནས། ཕན་ཚུན་བར་གྲོས་མོལ་གནང་རྒྱུ་ལས་ཀ་དེའང་འབྲས་འདོད་ཕུབ་མ་རྡུང་བའི་དཔེ་ལྟར་གྱུར་ཏོ། 

ཆུ་འབྲུག་སྤྱི་ལོ1952ལོའི་ཟླ་བཞི་པའི་བར་གྱི་བགྲང་བྱ་གཉིས་ཀྱི་རིང་། སྲིད་གཞུང་ནས་སྔ་རྗེས་སུ་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་ཚང་དང་། ལ་མོའི་སྒར་བ་གསེར་ཁྲི་རྣམ་གཉིས། བཀྲ་ཤིས་དབང་ཕྱུག །དགུ་རོང་རྒྱལ་སྲས་བློ་གྲོས་ཚང་། ཨ་ཁུ་གསུང་རབ་རྒྱ་མཚོ་ཚང་། ད་དུང་རྒྱ་མི་བློ་མཐུན་འགའ་རེས་མཚོན་པའི་ཆོས་གཅེས་རྒྱལ་གཅེས་ཀྱི་མི་སྣ་འགངས་ཆེན་མང་པོ་ཞིག །རིམ་པ་བཞིན་ཐེངས་མང་པོར་བར་དུ་མངགས་ཏེ། ཞི་བའི་གྲོས་མོལ་གནང་རྒྱུའི་རེ་སྐུལ་བཏོན་ནས་ཆབ་སྲིད་ཐོག་བརྩོན་ལེན་ཇི་ལྟར་བྱས་ནའང་། ཕན་ཚུན་བར་ཞི་བའི་གྲོས་མོལ་གནང་རྒྱུ་ནི་སྔར་བཞིན་བུད་ཤིང་ཟད་པའི་མེ་བཞིན་གྱུར་ཏེ་དོན་སྨིན་མ་བྱུང་། གཅིག་ཅེ་ན། མི་རྗེ་ཁོང་གིས་ལས་སླ་མོའི་སྒོ་ནས་ཕ་རོལ་ལ་མགོ་མི་སྒུར་བའི་མི་གཤིས་ཤིག་དང་། རྡོ་རྗེ་བྲག་རི་ལྟར་བརྟན་ལ་འགྱུར་བ་མེད་པའི་ཁྱད་གཤིས་ཤིག་ཀྱང་ཕྱིར་མངོན་ཡང་། ལོ་དེའི་ལྔ་པའི་ཚེས་གཅིག་གི་ནམ་གུང་དུས་ཚོད་བཅུ་གཉིས་སྟེང་། མཚན་མོའི་སྨག་རུམ་ལ་བསྟུན་ཏེ་གུང་དམག་ཆིག་ཁྲི་ལྷག་གི་དཔུང་ཆེན་བཏེགས་ཏེ་ཚུར་རྒོལ་བྱས་པར། སྣང་རའི་ཡུལ་དམག་གིས་ཀྱང་ཚེས་གཉིས་ཀྱི་བར་དུ་ཕྱིར་རྒོལ་གྱི་ཚུལ་དུ་འཐབ་ངོ་བླངས་ནའང་། གུང་དམག་གི་ཟིལ་ཤུགས་ལ་རྒོལ་ཡ་མ་ཕེར་བར། དཔོན་པོ་ཁོང་དང་ཧྲག་སྒྲུག་སྐུ་འཁོར་རྟ་དམག་སུམ་ཅུ་ལྷག་གིས་ཁྲི་ལུང་ནས་སྨུག་ལོང་ཁྲོད་གུང་དམག་གིས་མཐའ་ནས་བསྐོར་བའི་བཀག་རྒྱ་བརྟོལ་རྗེས། སྟོན་མཇུག་གི་ཤིང་ལོ་རླུང་གིས་དེད་པ་ལྟར་དཀའ་སྡུག་དང་འཇིགས་རྔམ་གྱིས་དེད་ནས་བྲག་དཀར་རྫ་དང་རྩེ་ཁོག་བྱ་འདར་ཐང་རྒྱུད། རོང་བོའི་ར་དཀར་ནག །ངང་ཚང་གཡུ་སྒོང་། གོ་ཧྲུལ་ཁུམ་མདའ། རྐང་ཚའི་རྫ་དམར་སོགས་ས་སྟོང་ལུང་སྟོང་དང་། ཕྱི་རོལ་གྱི་རི་ལུང་མང་པོ་བརྒྱུད་དེ་ཉེན་གཡོལ་ཡུལ་བྱོལ་དུ་ཕེབས། དེ་ནས་རིམ་གྱིས་སྲིད་གཞུང་གིས་བར་དུ་མི་སྣ་མངགས་ཏེ་བཟའ་མིར་འཕྲིན་ཡིག་འབྲི་རུ་བཅུག་པ་བསྐྱལ་ཏེ། ཚིག་གསུམ་དར་གྱི་མདུད་པ་དང་། མི་འགྱུར་རྡོ་ཐོག་ཡི་གེའི་ཚུལ་དུ་ཚུར་འགུག་གི་བྱ་བ་མང་དུ་བསྒྲུབས་པ་དང་། ཁྱད་པར་དུ་དབུས་སྲིད་གཞུང་དང་ཞིང་ཆེན་རིམ་པ་ནས་ཀྱང་བར་ལ་མི་སྣ་མངགས་ཏེ། ཁྱེད་རང་ཕྱིར་ཕེབས་ན་སྐུ་སྲོག་ལ་འཚེ་བ་མི་གཏང་པར་མ་ཟད། གུང་ཁྲན་ཏང་ལ་ཡིད་ཆེས་མེད་པར་བྲོས་བྱོལ་དུ་ཕྱིན་པའི་སྔར་བྱས་ཀྱི་ཉེས་པ་ཐམས་ཅད་ལ་རྩད་གཅོད་གཏན་ནས་མི་བྱེད་ཅེས་བཤད་ཅིང་། རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་ཚང་དང་། ལ་མོ་ཁྲི་ཆེན་བློ་བཟང་བསྟན་པའི་རྒྱལ་མཚན་ཚང་རྣམ་གཉིས་གཙོས་མི་དྲག་མང་པོ་ཞིག་གིས་ཕན་ཚུན་བར་གྱི་དཔང་པོ་དང་། རྒྱ་བོད་བར་གྱི་ལོ་ཙཱ་ཞེས་པའི་དཔེ་ལྟར། བར་དུ་དཔང་ལ་བསྡད་དེ་མཐུན་སྦྱོར་གྱི་བྱ་བ་མང་པོ་བསྒྲུབས་ཤིང་། མི་འགྱུར་བའི་ཐ་ཚིག་ཡི་གེར་བྲིས་པའི་བཀའ་ཤོག་ཐམ་ཀ་ཅན་ཚུར་བསྐྱལ་ཡོང་ནས་ཞལ་ཏ་སློབ་གསོ་མང་དུ་སྤྲད་པའི་མཐར། ལོ་དེའི་བདུན་པའི་བཅུ་གཅིག་ཉིན་བུ་སྤུན་ཚ་བོ་རྗེས་འབྲང་པ་དང་། ཧྲག་སྒྲུག་སྐུ་འཁོར་ཆིབས་གཡོག་དང་བཅས་པས་ཁྲ་ཡག་རྫ་ལ་འབྲོས་དོན་མེད། སྨུག་པོ་རི་ནས་སྐུང་དོན་མེད་ཅེས་པའི་དཔེ་ལྟར། བྲོས་བྱོལ་གྱི་ཆིབས་ཁ་ཕྱིར་རང་གི་ཕ་ཡུལ་གྱི་ཕྱོགས་སུ་བསྒྱུར་ཅིང་། མཱ་ཕྱོགས་ཀྱི་དམག་ཐོར་ལག་ནས་བརྒྱུད་ཡོང་བའི་མེ་མདའ་རིང་ཐུང་བཅུ་དྲུག་དང་མདེའུ་མང་པོ། རྒྱང་མཐོང་དམག་ཆས་ཤིག་དང་ཆིབས་པའི་དམག་རྟ་ལྔ་བཅས་གཅིག་ཀྱང་མ་ལུས་པར་ལྷན་གཅིག་ཏུ་བསྡུས་ནས། སྲིད་གཞུང་ལ་རྩིས་སྤྲོད་བྱས་ཏེ་དངོས་སུ་མགོ་སྒུར་བའི་གནས་ཚུལ་ཕྲ་ཞིབ་རྣམས། སྐབས་དེའི་རང་ཞིང་གི་འཐབ་ཕྱོགས་གཅིག་སྒྲིལ་པུའུ་ཀྲང་ཀྲིག་རིན་ཧྲན་ཟེར་བ་ཕྱིས་སུ་ཞིན་ཅང་གི་ཧྲུའུ་ཅི་ཡིན་པ་ཁོ་དང་། གཅན་ཚའི་བང་ཧྲུའུ་ཅི་སོགས་གཙོ་ཡིན་པའི་ལས་བྱེད་མི་སྣ་མང་པོར་ཤིན་ཏུ་གསལ་ལ། གསར་དུ་བཙུགས་པའི་ཀྲུང་གུང་གཅན་ཚ་བྱ་སྒྲུབ་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བང་ཕིན་ཡོན་ལགས་ལ། ཆེད་དུ་མཇལ་འཕྲད་གནང་སྟེ་ཕན་ཚུན་གསུང་གླེང་གལ་ཆེན་མང་དུ་འཕེལ། ཚེས་སོ་གཅིག་ཉིན་ཟི་ལིང་ནས་སྲིད་གཞུང་གི་ཏང་སྲིད་འགོ་ཁྲིད་པར་མཇལ་འཕྲད་གནང་དུས། ཞིང་ཆེན་སྲིད་གཞུང་གི་ཀྲུའུ་ཞི་ཀྲའོ་ཧྲིག་ཧྲན་དང་། ཧྲུའུ་ཅི་ཀྲང་ཀྲུང་ལང་རྣམ་གཉིས་ནས་ཁོང་གི་སྔར་གྱི་དཔོན་པོའི་ཐོབ་ཐང་སོར་འཇོག་བྱས་པའི་གནས་ཚུལ་སྐོར་དང་། སྲིད་གཞུང་གི་བྱེད་ཕྱོགས་སྐོར་ནས་ཞལ་འཕྲོས་མང་དུ་མཛད། ལོ་དེའི་བརྒྱད་པའི་ཚེས་བདུན་ཉིན། ཞིང་ཆེན་རིམ་པའི་དམངས་གཙོ་འཐུས་ཚབ་མི་སྣའི་ཚོགས་འདུའི་སྟེང་། སྲིད་གཞུང་ནས་ཁོང་གི་བསམ་བློ་ཕྱིར་འཁོར་བར་དགའ་བསུ་གནང་བའི་བསམ་པ་བསྟན་པར་མ་ཟད། བལ་བཀྲུ་བཟོ་གྲྭ་དང་མི་རིགས་སྤྱི་སློབ་བཅས་སུ་གཟིགས་ཞིབ་ཏུ་མངགས། ཚེས་བཅུའི་ཉིན་ལན་གྲུ་མཁར་དུ་ཆིབས་ཁ་བསྒྱུར་ཏེ། ནུབ་བྱང་མི་རིགས་སློབ་གླིང་གི་ལས་བྱེད་གསོ་སྦྱོང་འཛིན་གྲྭའི་མཐར་ཕྱིན་གྱི་མཛད་སྒོའི་སྟེང་ཞུགས་ཤིང་། མཛད་སྒོའི་ཚོགས་ཐོག་ཏུ་ནུབ་བྱང་དམག་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པའམ་ནུབ་བྱང་ཅུའུ་ཡི་ཧྲུའུ་ཅི་སྟེ། དེང་གི་རྒྱལ་ཁབ་རིམ་པའི་མཐོ་རིམ་གཙོ་འཛིན་ཆེན་མོ་ཞི་ཅིན་ཕིན་ལགས་ཀྱི་ཡབ་ཆེན་ཞི་ཀྲུང་ཞུན་མཆོག་དང་། ཀྲུང་དབྱང་མི་དམངས་སྲིད་གཞུང་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་བང་ཧྥུན། ཀན་སུའུ་ཞིང་ཆེན་ཏང་སྲིད་དམག་གསུམ་གྱི་འགན་འཁུར་བློ་མཐུན་བཅས་ལ་དཀྱུས་གཅིག་ཏུ་མཇལ་འཕྲད་གནང་། ཁྱད་པར་དུ་ཚེས་བཅུ་གཅིག་ཉིན་ཞི་ཀྲུང་ཞུན་ལགས་ནས་ཆེད་དུ་ཁོང་ལ་ཤངས་ལེན་གསོལ་སྟོན་གཟབ་རྒྱས་བསྟར་བའི་སྟེང། རྒྱ་ལུགས་ཀྱི་ལྭ་རིང(大衣)ཞིག་སྐྱེས་སུ་གནང་ཞིང་། ཁྱེད་རང་ཕྱིར་ཕེབས་པར་མི་དམངས་ཀྱིས་དགའ་བསུ་ཚད་མེད་བྱེད་ཀིན་ཡོད། ཕྱིན་ཆད་མྱུལ་ཞིབ་པ་དང་མཱ་ཕྱོགས་ཀྱི་མི་སྣའི་མགོ་སྐོར་འོག་ཏུ་གཏན་ནས་མི་འཛུད་པར་གུང་ཁྲན་ཏང་གི་རྗེས་སུ་འབྲོངས་དང་། ད་གཟོད་འོད་སྟོང་ལྡན་པའི་མདུན་ལམ་ཡོད་ཅེས་བཀའ་སློབ་གལ་ཆེན་གནང་ཞིང་། གཅན་ཚའི་ས་ཁུལ་གྱི་བྱ་བ་བཟང་པོ་སྒྲུབ་དགོས་སྐོར་གྱི་སྐུལ་མའང་བཏང་བས། དཔོན་པོ་ཁོང་གིས་ཀྱང་མི་བརྗེད་གངས་དཀར་སེམས་ལ་བཟུང་། མི་འབོར་གློ་ཁུག་ནང་དུ་བསྡུས་ཞེས་པའི་དཔེ་ལྟར། གོང་གི་བཀའ་སློབ་གལ་ཆེན་དག་ཐུགས་སུ་བསྣམས་ཏེ། ཏང་དང་མི་དམངས་སྲིད་གཞུང་གི་བྱེད་ཕྱོགས་དང་། སྲིད་ཇུས་ལ་ངོས་ཟིན་ཐོབ་ནས་ཕྱིར་ཕ་ཡུལ་དུ་ལོག་ཅིང་། ཕྱིས་སུ་ཟི་ལིང་སོགས་སུ་ཕེབས་ནས་སྔ་རྗེས་སུ་སྲིད་གཞུང་གིས་བསྡུས་པའི་ཚོགས་འདུར་ཞུགས་ཏེ་གསུང་བཤད་གནང་ཞིང་། ཁོང་གི«དམངས་ཀྱི་ཕྱོགས་སུ་འཁོར་རྗེས་ཀྱི་བསམ་ཚུལ»ཞེས་པའི་གཏམ་བཤད་ཀྱི་མ་ཟིན«མཚོ་སྔོན་ཉིན་རེའི་ཚགས་པར»གྱི་སྟེང་དུ་སྤེལ། གཅན་ཚའི་ས་ཁུལ་གྱི་བྱ་བའི་སྐོར་ལའང་རང་གི་བསམ་ཚུལ་དང་འབྲེལ་བའི་ཇུས་འདོན་གལ་ཆེན་གནང་། ལོ་མཇུག་གི་ཆར་ནང་ལོགས་དང་དབུས་ཀྱི་རྒྱལ་ས་པེ་ཅིན་མཁར་བཅས་སུ་གཟིགས་ཞིབ་ཏུ་མངགས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཀྲུའུ་ཏེ་དང་ཙུང་ལི་ཀྲོའུ་ཨེན་ལེར་སྐུ་དངོས་ཀྱིས་མཇལ་འཕྲད་གནང་སྟེ་ལེགས་དར་འབུལ་སྐབས། ཀྲུའུ་ཏེ་མཆོག་ནས་ཕྱིར་ཁོང་ལ་སྣམ་གོས་ཆ་ཚང་ཞིག་འཚམས་སྐྱེས་སུ་བསྩལ། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ལི་ཝེ་ཧན་ཉིད་ཀྱིས་ཀྲུང་དབྱང་གཙོ་འཛིན་རྣམས་ཀྱི་སྐུ་ཚབ་མཛད་དེ། ཕྱིན་ཆད་ཏང་གི་རྗེས་སུ་འབྲང་ན་སྔར་བྱས་ལ་རྩད་གཅོད་གཏན་ནས་མི་བྱེད་ཅེས་ཡང་དང་ནན་གྱིས་ཐུགས་ནང་གཤིན་པའི་བཀའ་སློབ་གནང་བར་བརྟེན། འབྱུང་འགྱུར་གྱི་མདུན་ལམ་ལ་སྔར་ལས་ཡིད་ཆེས་ལྡན་པར་གྱུར་བ་སོགས་ཞིང་ཆེན་གྱི་ཚོགས་འདུ་སྣ་ཚོགས་ཀྱི་སྟེང་དུ་ཁོང་གིས་དངོས་སུ་གསུང་མྱོང་བར་མ་ཟད། སྐབས་དེའི་ཡིག་ཆ་རྣམས་ད་ལྟའང་དངོས་སུ་མཐོང་རྒྱུ་ཡོད།

ཆུ་སྦྲུལ་སྤྱི་ལོ1953ལོའི་ལོ་སར་ཚེས་བཅོ་བརྒྱད་ནས་ཉེར་གཉིས་བར། སྣང་རའི་གྲམ་པ་ནང་དུ་གཅན་ཚའི་ཨུ་ཡོན་ལྷན་ཁང་གི་འཐུས་མི་ང་དགུ་ལྷག་ཞུགས་པའི་རྒྱས་འཛོམས་གྲོས་ཚོགས་བསྡུས་ཤིང་། ཚོགས་ཐོག་ཏུ་གཅན་ཚ་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་སྟ་གོན་ཨུ་ཡོན་ལྷན་ཁང་གསར་དུ་འཛུགས་རྒྱུར་གྲོས་འཆམ་བྱུང་བར་བརྟེན། ཁོང་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་། ལ་མོ་གསེར་ཁྲི་བློ་བཟང་བསྟན་པའི་རྒྱལ་མཚན་ཚང་། ཨ་ལགས་འཕྲིན་ལས་ཚང་། ཝང་ཕིན་ཡོན། མཱ་ཡོས་ཆིན་རྣམས་ནི་ཀྲུའུ་རིན་གཞོན་པར་བདམས་པ་དང་། ལོ་དེའི་དྲུག་པའི་ནང་སྣང་རའི་གྲམ་པ་ནང་དུ་མི་དམངས་ཚོགས་ཆེན་ཐེངས་དང་པོ་འཚོགས་ཤིང་། ཚོགས་ཐོག་ཏུ་དཔོན་པོ་ཁོང་ནི་གཅན་ཚ་རྫོང་སྐབས་དང་པོའི་རྫོང་དཔོན་དུ་བདམས་པ་དེས། ཀྲུང་གོ་གསར་པའི་གཅན་ཚ་རྫོང་དངོས་སུ་དབུ་བརྙེས་པ་མཚོན་ལ། དཔོན་པོ་ཁོང་ནི་གཅན་ཚའི་དཔོན་པོ་དེ་སྣང་རའི་དཔོན་པོར་གྱུར་བའི་ལོ་རྒྱུས་གོ་རིམ་ཁྲོད་ཀྱི་ཆེས་མཐའ་མའི་དཔོན་པོའི་རྒྱུད་འཛིན་པ་དང་། སྤྱི་ཚོགས་གསར་པའི་ནང་གི་ཆེས་ཐོག་མའི་གཅན་ཚ་རྫོང་གི་རྫོང་དཔོན་དུ་གྱུར། དེ་ནས་རིམ་བཞིན་རྨ་ལྷོ་ཁུལ་གྱི་ཁུལ་དཔོན་གཞོན་པ་དང་སྲིད་གྲོས་ཨུ་ཡོན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་གྲོས་མི་དང་འཐབ་ཕྱོགས་གཅིག་སྒྲིལ་པུའུ་ཞིང་ཆེན་ལས་དོན་ཚོགས་པའི་ཚོགས་གཙོ་གཞོན་པ། ཞིང་ཆེན་རིམ་པའི་དམངས་ཆེན་འཐུས་མི་དང་། སྲིད་གྲོས་རྒྱུན་ཨུ་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ཤིང་། སྤྱི་ཚོགས་གསར་པའི་ཆབ་སྲིད་ཀྱི་འཚོ་བ་གསར་པ་ཞིག་གི་ལམ་དུ་གོམ་པ་དང་པོ་བསྒྱུར་མགོ་བརྩམས་པ་དང་བསྟུན་ནས། ས་གནས་སུ་དམངས་ཕན་གྱི་བྱ་བ་ཤིན་ཏུ་མང་པོ་བསྒྲུབས། སྐབས་དེར་ཁ་སྒང་གཡའ་ཆུའི་ཕྱོགས་ཀྱི་ཧོས་རིགས་སྐྱེས་པ་རྒན་གཞོན་མང་པོ་ཆེད་གཉེར་སྣང་རའི་མདུང་བརྒྱ་སྡེ་བར་ཡོང་སྟེ། སྔོན་ཁ་སྒང་གཡའ་ཆུ་དང་སྣང་ར་གཉིས་མ་འཆམ་པར་སྡེ་འཁྲུག་བྱུང་བར། འདུམ་འགྲིག་སྔར་ནས་བྱུང་ཡོད་ཀྱང་། ཛ་དྲག་དང་ཉེན་ཁ་ཆེ་བའི་སྡེ་འཁྲུག་གི་ཡོ་ལང་ཁྲོད། མི་རྗེ་ཁོང་གི་སྐུར་རྨས་ཕོག་པའི་གྱོང་གསབ་ཏུ། ལག་བོའུ་ཞིག་དང་བོའུ་རིང་པོ་གཉིས་འཁྱེར་འོངས་ནས་སྐྱེས་འབུལ་སྐབས། ཁོང་ནས་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ། རྗེས་ཕྱོགས་ས་ཁུལ་གཉིས་དང་མི་རིགས་གཉིས་ཀྱི་བར་ལ་རྩོད་གླེང་མི་འབྱུང་པར། མཐུན་སྒྲིལ་མཉམ་གནས་ཀྱི་ལག་རྡང་གཅིག་ཏུ་སྦྲེལ་དགོས་པའི་དགོངས་ཚུལ་བསྟན་ནས། ཡང་བསྐྱར་འདུམ་འགྲིག་གི་རྨང་གཞི་སྔར་ལས་ཇེ་བརྟན་དུ་བཏང་བ་རེད།

ས་གནས་སློབ་གསོའི་བྱ་བཞག་ལའང་ཐུགས་ཁུར་ཟབ་མོ་བཞེས་ཏེ། སྤྱི་ཚོགས་གསར་པའི་ནང་ཐོག་དང་པོར་འགའ་བདུན་སྡེ་བའི་ཁྱིམ་ཚང་ཞིག་ཏུ་སློབ་གྲྭའི་ཚུགས་ཀ་ཙམ་གསར་དུ་ཚུགས་རུང་། རེ་ཞིག་གནས་གཞིར་ངེས་གཏན་མེད་པར་སྡེ་བ་དང་། ཁྱིམ་ཚང་ཡར་མར་མང་པོར་སྤར་ཏེ་འཁོར་བསྐྱོད་སློབ་གྲྭ་ལྟ་བུ་ཞིག་གི་ཚུགས་ཀ་ཙམ་དུ་ལྷག །ཤིང་རྟ་སྤྱི་ལོ1954ལ་དཔོན་པོ་ཁོང་ནས་ཐུགས་འགན་བཞེས་ཏེ་བཀོད་ཁྱབ་དང་གསུང་སྐུལ་གནང་བ་ལྟར། ལ་མོ་ཞབས་དྲུང་དཀར་པོ་བློ་བཟང་བསྟན་པ་རྒྱ་མཚོ་མཆོག་གིས་ས་དཔྱད་གཟིགས་ཏེ། བན་རི་དམར་པོ་ཨ་མྱེས་འཛོམས་སྐྱིད་འདབས་རོལ་གྱི་མཛོ་བརྒྱ་སྡེ་བར་འཛུགས་རྒྱུ་གཏན་ཁེལ་གནང་ཞིང་། ལོ་དེའི་དྲུག་པའི་ཚེས་ལྔར་ལས་མགོ་བརྩམས་ཏེ་ཟླ་བཅུ་གཅིག་པའི་ཚེས་ཉི་ཤུའི་ཉིན་ཡོངས་སུ་གྲུབ་སྟེ་སློབ་མགོ་དངོས་སུ་ཚུགས་ལ། སྣང་རའི་ཆ་ཚང་སློབ་ཆུང་དུ་མིང་བཏགས་པ་འདི། གཅན་ཚའི་ས་ཁུལ་དུ་སློབ་གྲྭ་ཅུང་ཚད་ལྡན་ཞིག་བཙུགས་པ་ཆེས་སྔ་ཤོས་ཀྱི་གྲས་ཡིན་པར་མ་ཟད། རིམ་གྱིས་ས་གནས་ཤེས་ཡོན་པའི་ལྗང་བུ་གསར་དུ་འབུས་སའི་ཞིང་ས་ལྟ་བུར་གྱུར་ཅིང་། ས་སྟག་སྤྱི་ལོ1998ལ་དགུ་སྤྲུལ་བསྟན་འཛིན་གྱི་ཐུགས་ཁུར་དང་རྒྱབ་སྐྱོར་འོག སྣང་རའི་གཞུང་ལམ་ཁའི་རི་རྩ་སྡེ་བའི་གམ་དུ་སྤར་ཡོད་པའི་དེང་སྐབས་ཀྱི་སྣང་རའི་ཆ་ཚང་སློབ་གྲྭ་དེ་ཡིན།

ཆུ་སྦྲུལ་སྤྱི་ལོ1953ནས་བཟུང་སྟེ་ལོ་ཤས་རིང་། ཞིང་ཆེན་རིམ་པའི་བཀའ་མངགས་དང་དུ་བླངས་ཏེ། སྐུ་ལྟེམ་བཞེས་བཞིན་དུ་ཞིང་ཆེན་ལས་དོན་ཚོགས་པའི་ཚོགས་གཙོ་གཞོན་པའི་ཐུགས་འགན་བསྐྱངས་ཤིང་། རྨ་སྟོད་མགོ་ལོག་གི་ཕྱོགས་སུ་ཐེངས་གཉིས་ལ་ཕེབས་ཏེ་དམངས་སེམས་ཚུར་འགུག་གི་ཕྱག་ལས་གནང་སྟེ་གྲུབ་འབྲས་མི་དམན་པ་བླངས་པར། ཞིང་ཆེན་ཏང་སྲིད་དམག་གསུམ་གྱི་འགོ་ཁྲིད་པས་བསྔགས་བརྗོད་ཕུལ། ཀན་སུའུ་ཞིང་ཆེན་གྱི་ཀྲུའུ་ཞི་ཀྲང་ཀྲུང་ལིང་ལགས་ནས་ཀྱང་། ཀན་ལྷོའི་ས་ཁུལ་དུ་དམངས་སེམས་ཚུར་འགུག་གི་བྱ་བ་སྒྲུབ་ཏུ་ཕེབས་དགོས་པའི་བཀའ་གནང་བར། ཐུགས་དགྱེས་པ་ཆེན་པོས་ཞལ་གྱིས་འཆེས་ནའང་། ཡིད་ཕངས་པ་ཞིག་ལ་སྐུ་ལྟེམ་གྱི་དབང་གིས་ཕེབས་མ་ཐུབ་པར་འཕྲོ་ལུས་སུ་གྱུར།

ཤིང་ལུག་སྤྱི་ལོ1955ལ་མཉམ་ལས་ཁང་ཐོག་མར་འཛུགས་སྐབས། རྒྱལ་ཁབ་རིམ་པའི་བཀའ་བརྡ་ལྟར། ཁོང་གིས་གྲོང་བརྒྱད་ཀྱི་མང་ཚོགས་ཁྲོད་མཉམ་ལས་ཁང་འཛུགས་དགོས་སྐོར་གྱི་དྲིལ་བསྒྲགས་སློབ་གསོ་དང་སྐུལ་སློང་གི་ཐུགས་འགན་ཕྲག་ཏུ་བཞེས་པར་མ་ཟད། དུས་རབས་གསར་པའི་བསམ་བློའི་རྟོགས་པ་སད་དེ། སྐུ་དངོས་ཀྱིས་ས་ཞིང་དང་ཕྱུགས་ཟོག་རྣམས་ཐོག་མར་མཉམ་ལས་ཁང་དུ་སྤྱི་འཇོག་མཛད་པ་དང་། ཟི་ལིང་དུ་སློབ་སྦྱོང་བྱེད་བཞིན་པའི་ཁོང་གི་བུ་གཉིས་ལའང་སྲིད་ཇུས་དྲིལ་བསྒྲགས་བྱེད་དུ་བཅུག་སྟེ། སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་བཏོན་པར་བརྟེན། གཅན་ཚའི་ས་ཁུལ་དུ་སྲོལ་རྒྱུན་རང་བཞིན་གྱི་སྒེར་གཉེར་ཐོན་སྐྱེད་ཀྱི་རྣམ་པ་དེ། སྤྱི་ཚོགས་གསར་པའི་མཉམ་ལས་ཐོན་སྐྱེད་ཀྱི་རྣམ་པའི་སྟེང་བསྒྱུར་བའི་བྱ་བའི་གོ་རིམ་བདེ་བླག་ངང་སྤེལ་བའི་ལོ་རྒྱུས་ཀྱི་ཤོག་ལྷེ་གསར་དུ་བྲིས་ཤིང་། ད་དུང་ཟླ་ཕོགས་དམངས་སྒོར་སུམ་སྟོང་ལྷག་ཅིག་བསགས་ཡོད་པ་རྒྱལ་ཁབ་འཛུགས་སྐྲུན་གྱི་ཐད་ལ་ཞལ་འདེབས་སུ་ཕུལ།

ས་ཁྱི་སྤྱི་ལོ1958ལ་རྒྱལ་ཡོངས་སུ་དམངས་གཙོ་བཅོས་བསྒྱུར་བྱེད་པའི་ཚ་རླབས་ཤིག་འཕྱུར་བ་དང་། ལོ་དེར་ཡ་རྫི་དང་རེབ་གོང་གི་ས་གནས་ཁ་ཤས་སུ་ཟིང་འཁྲུག་ལངས་རྗེས། གཅན་ཚ་རྫོང་གིས་ཡ་རྫི་དང་རེབ་གོང་ཕྱོགས་ཀྱི་ཟིང་འཁྲུག་པ་རྣམས་དོ་ནུབ་སྣང་རར་གཏུགས་ངེས་རེད་ཅེས་བརྡ་ལོག་ཅིག་བརྒྱབ་པར་བརྟེན། སྣང་རའི་ཆུས་ལས་བྱེད་རྣམས་ཀྱང་སྐྲག་སྟེ་བྲེལ་འཚུབ་ཀྱིས་ཚོང་གཉེར་པ་དང་། སློབ་གྲྭའི་དགེ་རྒན་སོགས་ཁྲིད་དེ་གློ་བུར་རྫོང་ཐོག་ཏུ་བྲོས། དེ་བསྟུན་ཡུལ་མི་ཁ་ཤས་ཀྱང་གཟེབ་ལས་ཤོར་བའི་བྱིའུ་བཞིན་སྐད་ཅིག་ལ་དགུ་ཁོག་གི་ཕྱོགས་སུ་བྲོས་རྗེས། སྣང་རའི་མི་འགའ་རེ་སྲིད་གཞུང་གིས་འཛིན་བཟུང་ཐེབས་པས། ཡུལ་མི་རྣམས་སྔར་ལས་ལྷག་པར་འུར་ལངས་ཏེ་ཆུ་མཛོད་ཀྱི་རགས་ཁ་ཤོར་བ་ལྟར་དགུ་ཁོག་གི་གནས་སུ་ཞོགས། རྫོང་ཨུ་ཧྲུའུ་ཅི་པདྨ་དང་རྫོང་དཔོན་གྱི་འགན་བཞེས་པའི་དཔོན་པོ་ཁོང་རྣམ་གཉིས་ཀྱིས་སྣང་ར་ཞང་གི་འགོ་གཙོ་འབྲུག་བྱམས་རྒྱལ་དང་། སྣང་ར་སློབ་གྲྭའི་སློབ་སྟོན་འགན་འཛིན་པ་མགོན་པོ་ཚེ་བརྟན་རྣམས་བོས་ནས། རི་མགོར་བྲོས་པའི་ཡུལ་མི་ཚོ་ཕྱིར་འོང་ན་སྐྲག་མི་དགོས་པའི་གནས་ཚུལ་སྐོར་བསྒྲགས་པར་མ་ཟད། ཁོང་སྐུ་དངོས་ཀྱིས་རང་གི་ནུ་བོ་སྣང་ར་ཆུས་ཀྱི་ཆུས་ཀྲང་གཞོན་པ་ཤེས་རབ་རྒྱ་མཚོ་བཀས་མངགས་ཤིང་། ཉིན་མང་པོ་ཞིག་གི་རིང་ལ་རྫ་ལུང་དང་ནགས་གསེབ་ཏུ་ཕྱིན་ནས་བྲོས་བྱོལ་དུ་ཤོར་བའི་ཡུལ་མི་མང་པོར་བསམ་པ་རྣམ་དག་དང་། འདུན་པ་རྩེ་གཅིག་གི་ངང་ནས་ཚུར་འགུགས་ཀྱི་བྱ་བ་རབས་དང་རིམ་པ་མང་པོ་བསྒྲུབས་པ་ནི། ཐག་པ་སྦྲུལ་དུ་འཁྲུལ་བ་ལྟ་བུའི་ཕྱིན་ཅི་ལོག་ཏུ་བསྒྱུར་ཅིང་། ལོ་དེའི་བཞི་པའི་ཉེར་དགུའི་ཉིན་གཅན་ཚ་རྫོང་སྐབས་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་དང་པོའི་སྟེང་། གོང་ནས་དཔོན་པོ་ཁོང་གིས་ལོག་སྤྱོད་པ་ཤར་སྐལ་ལྡན་བློ་བཟང་འཕྲིན་ལས་ལུང་རྟོགས་རྒྱ་མཚོ་ཚང་དང་། གཡས་ཕྱོགས་པ་ལ་མོ་ཁྲི་ཆེན་བློ་བཟང་བསྟན་པའི་རྒྱལ་མཚན་རྣམ་གཉིས་ཀྱི་རྒྱུགས་ཁྱི་བྱས་ཏེ། ཕན་ཚུན་ལ་གསང་འཕྲིན་བཏང་སྟེ་ཟིང་འཁྲུག་སློང་བར་གྲ་སྒྲིག་བྱས་ཟེར་བའི་གླེང་ཕྱོགས་ཤིག་བཟོས་ནས། གཅན་ཚ་རྫོང་གི་རྫོང་དཔོན་དང་རྨ་ལྷོ་ཁུལ་གྱི་ཁུལ་དཔོན་གཞོན་པའི་སྲིད་སྐྱོང་གོ་གནས་དང་འགན་དབང་ཕྱིར་འཐེན་བྱས་ཏེ་ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་དཀྱུས་མ་ཞིག་ཏུ་ཕབ་པ་དང་། དོན་དངོས་དང་མི་མཐུན་པའི་ཟིང་འཁྲུག་འགོ་བའི་ཉེས་མིང་བཏགས། དེ་དང་མཉམ་དུ་ཟླ་རེར་དམངས་སྒོར་བཅུ་གཉིས་མ་གཏོགས་ཟླ་ཕོགས་ཀྱང་སྟེར་མཚམས་བཞག་པ་དང་། ཁོང་གི་ཆུན་མ་དབང་སྐྱིད་སྒྲོན་མའི་ཟླ་ཕོགས་ཀྱང་སྟེར་མཚམས་བཞག །རྫོང་སློབ་ཆུང་གི་སློབ་གཙོའི་འགན་བཞེས་པའི་ཁོང་གི་བུ་ཚེ་རྒྱལ་ལ་ཡང་ཟིང་འཁྲུག་པའི་ཉེས་མིང་བཏགས་ནས་འཛིན་བཟུང་ཐེབས། རྫོང་བུད་མེད་ལས་དོན་ཁང་གི་ཀྲུའུ་རིན་གྱི་འགན་བཞེས་པའི་ཁོང་གི་ཆུན་མ་དབང་སྐྱིད་སྒྲོན་མ་དང་། རྫོང་གི་སློབ་གྲྭའི་དགེ་རྒན་གྱི་འགན་བཞེས་པའི་མནའ་མ་ཕག་མོ་རྒྱལ་གཉིས་ཀྱང་སྔ་རྗེས་སུ་ལས་བྱེད་ཀྱི་གྲས་ལས་ཕྱིར་ཕུད་པ་དང་། དེ་མཚུངས་སུ་དཔོན་པོ་ཁོང་ལའང་། གླེང་འགལ་དང་འཐབ་རྩོད་ཀྱིས་མནར་གཅོད་ཚད་མེད་བཏང་སྟེ་སྐུ་ལུས་ལ་སྣད་སྐྱོན་བཟོས་ཤིང་། མཐར་རང་ལོ་ལྔ་ཅུ་རྩ་བདུན་བཞེས་པ་ས་ཕག་སྤྱི་ལོ1959ལོའི་གསུམ་པའི་ཚེས་བཅུ་གཉིས་ཉིན། སྐུ་ལུས་ཀྱིས་མ་ལྕོགས་པར་གཤེགས། དེ་དང་མཉམ་དུ་ཁོང་གི་སྤུན་ཟླ་དང་བུ་ཚ་བོ། ཤ་ཉེ་དུ་རྣམས་གཙོ་བྱས་པའི་སྣང་རའི་རྒན་བསམ་མི་སྣ་དང་། ཡུལ་མི་མང་པོ་ཞིག་ལའང་འཛིན་བཟུང་ཐེབས་ཏེ་ཁྲིམས་ཁང་དུ་བཀག་བསྐྱིལ་བྱས་ཤིང་། ཁྱད་པར་དུ་ཁོང་གི་སྐུ་མཆེད་ཤེས་རབ་རྒྱ་མཚོ་དང་གདུགས་དཀར། ཉེ་དུ་ལྷ་མོ་སོགས་ཀྱིས་མཚོན་པའི་ཡུལ་མི་ཆེས་མང་པོ་ཞིག་གིས་བཙོན་ཁང་དུ་ཚེ་ཡི་འདུ་བྱེད་ཡོངས་སུ་བཏང་སྟེ་ཕྱིར་ཡོང་མེད་པར་གྱུར། ལ་ལར་མི་ཚེ་ཕྱེད་ཙམ་ལ་ངལ་རྩོལ་བཅོས་བསྒྱུར་བྱེད་དུ་བཅུག །ལས་བྱེད་དང་དམག་མི་རྣམས་སྡོད་ས་མེད་པར་ཁ་གཡར་ནས་འཚོ་བའི་ཉེར་སྤྱད་སྟབས་བདེ་ཙམ་ལས་འཁྱེར་དུ་མ་བཅུག་པར་རང་ཁྱིམ་ལས་ཕྱིར་དེད་པས། ཡུལ་བོར་གྱི་སྤྲང་བོ་ལྟར་ཁྱིམ་ཚང་གཞན་དུ་འཁྱམས་ནས་ཉི་མ་ཕུད་ཐབས་བྱེད་དགོས་པའི་གནས་ཚུལ་ལ་གཡོལ་ཐབས་མ་བྱུང་། ཁོང་གི་སྤུན་ཟླ་དང་ཤ་ཉེ་ཁྱིམ་ཚང་མང་པོ་ཞིག་གི་ཁང་པ་དང་། ཤ་ཐང་ཐང་དུ་འབད་ནས་བསགས་པའི་ཁྱིམ་ནོར། ཐ་ན་དཀར་ཡོལ་ཐུར་མ་ཙམ་ཡང་མ་ལྷག་པར་གཞུང་བཞེས་བྱས་ཏེ་སྒོའི་ཕྱི་རོལ་དུ་ཕུད་ཅིང་། ཤུལ་ལུས་ཀྱི་མི་རྒྱུད་ཉེ་རིང་ཐུང་རྒྱུད་ཁྲོད། ལ་ལར་ཆབ་སྲིད་ཀྱི་ཞྭ་མོ་བསྐོན། གྲལ་རིམ་ཕྱེ་པ་ལས་ལ་ལར་ཞིང་བདག་གྲལ་རིམ་དང་། ལ་ལར་ཞིང་ཕྱུག་གྲལ་རིམ་གྱི་མིང་བཏགས་ནས་འཐབ་རྩོད་བྱ་ཡུལ་དང་། ཉེན་ཁ་ཆེ་ཤོས་སུ་བརྩིས་ཏེ་མང་ཚོགས་ཀྱི་དགྲ་ཕྱོགས་སུ་འཁྱེར་བས། གཞན་གྱི་བརྙས་བཅོས་དང་འཐབ་རྩོད་ཀྱི་མནར་གཅོད་མང་པོ་མྱངས་ནས་དོག་མོ་འཕྲང་ལ་གཏུགས། གཟར་བོའི་བྲག་ལ་གཏད། སྲོག་གི་ཉེན་ལ་སྦྱར་ནས་ཆེས་དཀའ་སྡུག་གི་འོབས་སུ་བརྫངས། རྔ་མགུར་ཁ་གསུམ་གྱིས་མཚོན་པའི་དགོན་པ་ཁག་ལའང་བསྒྱུར་བཀོད་བྱས་ཤིང་། ལྷ་འདྲེ་གདོན་བགེགས་ཟེར་ནས་ཆོས་ལུགས་བྱ་འགུལ་ལྟ་ཅི། ཐ་ན་ཆོས་ལུགས་དད་མོས་དང་འབྲེལ་བའི་ཕྱི་ནང་གི་རིག་གནས་ཐམས་ཅད་ཁ་ནས་གླེང་རྒྱུ་ཙམ་དང་། མིག་གིས་རིག་རྒྱུ་ཙམ་ཡང་མེད་པར་བཏང་སྟེ། ཕྱི་ཡི་ཡུལ་སྲོལ་གོམས་གཤིས་དང་ནང་གི་འདུ་ཤེས་འཛིན་སྟངས། ཆོས་སྲོལ་རིག་གནས་ཚུན་ཆད་ལ་བཙན་ཤེད་ཀྱིས་ལུགས་བསྒྱུར་བྱས་ནས། བསྟན་བཤིག་དང་ནག་ཕྱོགས་ལ་དགའ་བའི་བདུད་ཀྱི་རིགས་ནི། ནགས་སུ་མཆེད་པའི་མེ་ལྕེ་བཞིན་སྟོབས་ཤུགས་མངོན་པར་རྒྱས་ཤིང་། དཀར་པོའི་ཕྱོགས་ཀྱི་ལྷ་རྣམས་ནི་གཤོག་ཟུང་ཆད་པའི་བྱ་བཞིན་མཐུ་ནུས་དང་བྲལ་བར་གྱུར། རྒྱལ་བའི་བསྟན་པ་རིན་པོ་ཆེ་ཡང་ཉི་རྒས་ཀྱི་གྲིབ་སོ་བཞིན་འགྲིབ་པའི་མཐར་ཟད། ཡུལ་འབངས་རྣམས་ཀྱི་བདེ་སྐྱིད་ཟེར་བ་ཡང་། ལྟག་ཆུ་ཆད་པའི་རྫིང་བུ་བཞིན་རེ་ཞིག་རྩ་བ་ནས་བསྐམས་པར་གྱུར་ཏོ། །སྡེ་བ་སོ་སོ་ནས་ཐུན་མོང་སྤྱི་ཐབ་བཙུགས་ཤིང་། རྒྱ་ནང་དུ་ལོ་གསུམ་རིང་རང་བྱུང་གནོད་འཚེ་ཐེབས་པ་དང་། མཆོང་སྐྱོད་ཆེན་པོའི་སྐབས་སུ་ཐོན་སྐྱེད་ཚོད་རྩིས་མཐོ་ལ། འུད་བརྗོད་ཁྱབ་ཆེ་ཞིང་གཞུང་བསྡུ་འབྲུ་ཁྲལ་ཐལ་དྲགས་པའི་གནས་ཚུལ་དག་རབས་དང་རིམ་པར་བྱུང་བས། ལོ་རེར་ཞིང་པ་མི་རེར་བཟའ་འབྲུ་སྤྱི་རྒྱ51.6ཙམ་ལས་མི་ཐེམས་ལ། དེའི་ནང་ད་དུང་དཔྱིད་འདེབས་ཀྱི་ས་བོན་དང་སྒོ་ཕྱུགས་ཀྱི་གཟན་ཆས། ཁྱིམ་གྱི་གསོག་འབྲུ་སོགས་ཀྱང་འདུས། མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར69.08ཙམ་ཡིན་ལ། དེའི་ནང་ངལ་རྩོལ་གླ་ཆ་དང་ཐོན་སྐྱེད་རུ་ཁག་གི་མཁོ་སྤྲོད་དངུལ། ལུད་རིན། བྱ་དགའི་དངུལ་སོགས་འདུས་པ་རེད། དེ་འདྲའི་གནས་ཚུལ་འོག་ས་གནས་མང་ཚོགས་ལ་འཚོ་བའི་ཐད་དཀའ་ཁག་ཧ་ཅང་ཆེན་པོ་བྱུང་སྟེ། བཀྲེས་ལྟོགས་ཀྱིས་མནར་ཞིང་འགུམ་དུ་ཉེ་བས་བྲ་རྩྭ་ཞིབ་བུར་བརྡུངས་ཏེ་སྤུས་ངན་གྱི་བཟའ་བཅའ་ཚབ་མ་སྤྱོད་དགོས་བྱུང་ལ། ཁུར་མོང་དང་ལྡུམ་བུ་སྙི་ལོ་སོགས་སྔོ་སྐྱེས་རྩྭ་ལྡུམ་གྱི་རིགས་སྣ་ཚོགས་དང་། སྡོང་བོའི་ཤུན་པ། སའི་ཞག །མ་རྨོས་ལོ་ཏོག་གི་གཞུང་རྟ། གད་སྙིགས་དང་ས་ལས་བཏུས་པའི་རུས་པ་དང་། རྭ་ཅོ་སོགས་གདུས་པའི་ཁུ་བ་རྣམས་ཁ་ཟས་སུ་བསྟེན། ཕྱུགས་ཟོག་ཤི་བའི་ཤ་དང་རྟ་དྲེལ་བོང་བུ། འབའ་འབུ་སྲོག་ཆགས་གང་ཡིན་གྱི་ཤ་ཟོས་ཏེ་མ་འཕྲོད་པས་ལ་ལ་ཤི །ལ་ལའི་ཁ་ངོ་སྐྲངས་ཏེ་དབུགས་ཀྱི་ལྒང་བུ་ལྟར་གྱུར་བས། གདོང་གི་སྐྱི་པགས་རལ་ཞིང་གས་ཁ་ལས་ཆུ་སེར་བརྡོལ་ནས་ན་ཟུག་མི་བཟོད་པ་བྱུང་། ད་ལྟའང་ཡུལ་མི་ལ་ལའི་གདོང་ན་མེས་ཚིགས་པ་ལྟ་བུའི་རྨ་ཤུལ་མཐོང་ཐུབ་པའང་དེའི་ནད་གཞུག་མངོན་རྟགས་སུ་ཟད། ཐུན་མོང་སྤྱི་ཐབ་ལས་མིའི་ཁ་ཟས་སུ་མི་རུང་བའི་ཤིང་ཤུན་དང་ཤིང་ལོ། རྩྭའི་རྩ་བ་དང་འབྲས་བུ་སོགས་ལས་སྣོན་སྟབས་བདེ་ཙམ་བྱས་རྗེས། གྲོ་ཕྱེ་ཕྲན་ཙམ་བཏབ་ནས་ཕག་ལ་ལྟོ་ལྡུད་པ་བཞིན་བྱས། འཚོ་བཅུད་ཞན་དྲགས་པས་ཡུལ་མི་རྣམས་ཀྱི་བཞིན་མདངས་མི་སྡུག་པར་གྱུར་ཅིང་། ཁ་ངོ་ཡོངས་སུ་སྤུས་ཁེབས་ལ། ཤ་རིད་ཅིང་ཉམ་ཐག་ནས་ལུས་ཟུངས་ཡོངས་སུ་ཟད་པས། རྩྭ་ཆུ་མ་རེག་པའི་དཔྱིད་ཟོག་ཅིག་དང་འདྲ་བར་འགྲོ་བའི་གོམ་པ་འཁྱོར། མུ་གེའི་ཁྲོད་ལྟོགས་ཤི་ཐེབས་ཏེ་གང་སར་འགྱེལ་ཡང་། འདས་ཆོས་སྒྲུབ་རྒྱུ་དང་སྨོན་ལམ་གསུང་རྒྱུའི་གོ་སྐབས་ནི་ཉིན་དཀར་གྱི་རྨི་ལམ་བཞིན་གྱུར་ཏེ། ཁྱི་ཤི་བ་དང་ཁྱད་པར་གང་ཡང་མེད། མ་ཤི་བ་རྣམས་ཀྱིས་ཤུལ་དུ་ལྟོགས་སྡུག་མ་བཟོད་པས་མཚན་མོའི་མུན་ཁྲོད་དུ། གསང་སྟབས་ཀྱི་སྒོ་ནས་ཞིང་ལ་བཏབ་པའི་འབྲུ་སོན་རྣམས། བྱ་བྱེའུས་རྒུམ་བུ་འཐུ་བ་ནང་བཞིན། ལག་པའི་མཛུབ་མོ་གཉིས་ཀྱིས་ཤ་སྐྱི་རྡོལ་རག་གི་བར་དུ་ཞག་གང་བོར་གཅིག་རེ་གཅིག་རེ་བཞིན་བཏུས་ཚར་བས། དཔྱིད་ཀྱི་དུས་སུ་ཞིང་ཐོག་ཏུ་ལོ་ཏོག་རྐང་གཅིག་ཀྱང་འབུས་རྒྱུ་མེད་པར་གྱུར་བ་དང་། དཔྱིད་ལོ་ཏོག་མ་འབུས་པ་དེས་སྟོན་དུས་སུ་ལོ་འབྲས་བསྡུ་རྒྱུ་མེད་པར་ཆགས་པ་དང་། སྟོན་འབྲས་ཀྱིས་སྟོངས་པར་གྱུར་བ་དེ་ཡང་དཀའ་ཁག་གི་ཁ་སྣོན་དུ་སོང་ནས། འགྱེལ་བའི་སྟེང་ལ་རྡོག་བརྫིས་དང་། མུ་གེའི་སྟེང་ལ་ཟླ་ལྷག་ཅེས་པའི་འཇིག་རྟེན་ཁ་དཔེ་ལྟར། དཀའ་སྡུག་གི་ལོ་ཟླ་ཇེ་རིང་དུ་བསྲིངས། གལ་ཏེ་སུ་ཚང་གི་དུ་ཁུང་ལས་དུ་བ་འདྲ་བྱུང་བ་མཐོང་ན། དེ་མ་ཉིད་དུ་ཁྱིམ་ལ་སྔོག་བཤེར་བྱེད་ངེས་ཡིན། བྱིས་པ་གཅིག་ཀྱང་སྐྱེ་རྒྱུ་མེད་པ་དང་། སློབ་རན་བྱིས་པ་དག་ཉིན་རྒྱུན་ནང་དུ་ཟས་ཀྱིས་ལྟོ་བ་མི་རྒྱགས་པ་དང་། ཕྱི་རུ་གོས་ཀྱིས་ལུས་མི་ཁེབས་པས་ཁོ་ཚོའི་ལུས་སྟོབས་ནི་མར་འགྲིབ་ཀྱི་ཚེས་རིས་ཇི་བཞིན། ཡོངས་སུ་ཟད་པར་གྱུར་ཏེ་ཡམས་ཀྱི་འཚེ་བ་མང་དུ་འཕེལ་རྐྱེན། སློབ་གྲྭར་ཐོན་ཐབས་མེད་པ་སོགས་ཡུལ་མི་ཆེ་ཆུང་ཚང་མའི་མདུན་དུ་ཡ་ང་ཞིང་། བཀྲེས་ལྟོགས་དང་འཁྱག་གྲང་གི་སྡུག་བསྔལ་མེ་ལྕེ་ལྟར་འབར་བའི་ཆེས་དཀའ་སྡུག་གི་ལོ་ཟླ་ཞིག་ཐོན།

ལྕགས་གླང་སྤྱི་ལོ1961ལ་རྒྱལ་ཁབ་རིམ་པས་མཆོང་སྐྱོད་ཆེན་པོའི་ནོར་འཁྲུལ་གྱི་ལམ་ཕྱོགས་ཡོ་བསྲིང་བྱས་རྗེས། ཐུན་མོང་གི་ཞིང་ས་ལས་ངལ་རྩོལ་པ་རེར་སྒེར་བཞག་ཞིང་ས་ཧྥུན་གསུམ་ཡས་མས་ཙམ་བགོས་པར་བརྟེན་ནས། འཚོ་བའི་དཀའ་ངལ་ཅུང་ཟད་སེལ་ཐུབ་པ་བྱུང་། ཤིང་སྦྲུལ་སྤྱི་ལོ1965ལ་ཆ་སྙོམས་མི་རེའི་འབྲུ་རིགས་ཐོབ་ཆ་སྤྱི་རྒྱ404.5དང་། མི་རེའི་ཆ་སྙོམས་ཡོང་འབབ་སྒོར93.34ལྷག་ལ་འཕར་བས། མང་ཚོགས་ཀྱི་འཚོ་བ་ཅུང་ཟད་ཡར་རྒྱས་བྱུང་། མེ་རྟ་སྤྱི་ལོ1966ལོའི་དབྱར་ཁར་རྒྱ་ནང་དུ་རིག་གནས་གསར་བརྗེའི་ལས་འགུལ་མགོ་བརྩམས་ཤིང་། རིམ་གྱིས་ས་གནས་སློབ་གྲྭའི་སློབ་གསོ་དང་སློབ་ཁྲིད་ཀྱི་བྱ་བར་ཡང་ཤན་ཤུགས་ཚབས་ཆེན་ཐེབས་ཏེ། སློབ་མའི་ཁྲོད་དམར་སྲུང་དམག་རྩ་འཛུགས་བྱས་པ་དང་། ལོ་ཆུང་གདོང་ལེན་རུ་མིའི་མིང་ཡང་དམར་ཆུང་དམག་ལ་བསྒྱུར་ཅིང་། སློབ་མཚམས་བཞག་སྟེ་གསར་བརྗེ་བྱེད་དགོས་པ་དང་། ཁྱོད་ཚོའི་སློབ་གསོའི་ལམ་ཕྱོགས་ནི་འབྱོར་ལྡན་གྲལ་རིམ་གྱི་ལམ་ཕྱོགས་རེད་ཟེར་ཞིང་། དགེ་རྒན་ལ་དགག་པ་རྒྱག་པའི་ཆབ་སྲིད་ཀྱི་ལས་འགུལ་དེ་ཡང་རྒྱ་མཚོའི་རྦ་རླབས་བཞིན་འཕྱུར་ནས། ཁྱོད་ཤི་ང་གསོན་གྱི་སྒོ་ནས་དགག་པ་བརྒྱབ། བསླབ་དེབ་ཀྱང་མཐོང་རྒྱུ་མེད་པར་མའོ་ཙེ་ཏུང་གི་གསུང་རྩོམ་རེ་ཀློག་དགོས་པས། སློབ་གྲྭའི་ནང་སློབ་མ་སྐྱོང་བའི་ལས་ཀ་དེ་ཡང་དགུན་དུས་ཀྱི་ཆུ་ཕྲན་བཞིན་རྐྱེན་ངན་བར་ཆད་ཀྱི་འཁྱགས་པའི་འོག་ཏུ་བག་ལ་ཞ་ཞིང་མིང་ཙམ་དུ་གྱུར། སློབ་ཁྲིད་རྒྱུ་སྤུས་འཛིན་ཐབས་མེད་པས། སློབ་ཁྲིད་ཀྱི་དབུགས་རྒྱུན་མ་ཆད་པ་ཙམ་དུ་མངོན

ཀྲུང་གུང་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་སུ། ཏང་གིས་གྲལ་རིམ་འཐབ་རྩོད་ནི་བྱ་བའི་གཙོ་གནད་ཅིག་ཏུ་བཟུང་བའི་སྔར་གྱི་རྩ་དོན་དེ། དཔལ་འབྱོར་འཛུགས་སྐྲུན་གཙོ་གནད་ཡིན་པའི་རྩ་དོན་གྱི་སྟེང་བཅོས་བསྒྱུར་བྱས་ནས། ཐོན་སྐྱེད་ལམ་ལུགས་ལ་བཅོས་བསྒྱུར་དང་། ཐོན་སྐྱེད་སྒེར་ལ་དབང་བའི་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར། ཐོན་ལས་གྲུབ་སྟངས་ལེགས་སྒྲིག་བཅས་བྱས་པར་མ་ཟད། རིག་གནས་སློབ་པའི་རང་དབང་ལྡན་པར་གྱུར་བས། གཞོན་སྐྱེས་ཤེས་ཡོན་ཅན་གྱི་མྱུ་གུ་ལའང་གསར་དུ་མགོ་འབུས་བྱུང་། དབུལ་ཐར་གྱི་གོམས་སྟབས་ཀྱང་ཇེ་མགྱོགས་སུ་ཕྱིན་ཏེ། ཆ་རྐྱེན་ཅུང་བཟང་བའི་ཞིང་སྡེ་ཁ་ཤས་འབྱོར་འབྲིང་འཚོ་བའི་ཕྱོགས་སུ་བསྐྱོད་མགོ་བརྩམས། ཆོས་དད་རང་དབང་དང་གྲལ་རིམ་མེད་པར་བཟོས་ནས་མི་རིགས་སྲིད་ཇུས་དོན་ཐོག་ཏུ་བབས། བགྲང་བྱ་ཉི་ཤུ་ལྷག་གི་རིང་། ཆོས་དད་ལ་རང་དབང་མེད་པར་བཀག་འགོག་ཐེབས་པའི་ཡུལ་འབངས་རྣམས་ལ་མཚོན་ན། གློ་བུར་རང་དབང་གི་སྐལ་བ་དང་ལྡན་པར་གྱུར་བས། སྤྲང་པོས་ནོར་བུ་རྙེད་པ་ལྟར་ཡིད་འགུལ་ཐེབས་བཞིན། མིག་ཟུང་ལས་དགའ་སྐྱོ་འདྲེས་མའི་མཆི་མའང་དབང་མེད་དུ་ཐོར། དགོན་པ་ཁག་བསྐྱར་བཞེངས་དང་། དགེ་འདུན་གྱི་སྡེ་མང་པོ་སླར་ཚུགས་ཏེ་རིམ་གྱིས་ཆོས་སྒོ་ཕྱེ་ནས་རྟེན་འབྲེལ་བསྒྲིགས་ཤིང་། ཆ་རྐྱེན་ཅུང་འཛོམས་པའི་ཆོས་ཀྱི་གདན་ས་ཁག་ནས། མདོ་སྔགས་འཆད་ཉན་གྱི་སྲོལ་རྒྱུན་སླར་གསོ་གནང་སྟེ་བསྟན་པ་ཡང་དར་གྱི་མགོ་འབུས་ཤིང་། རྒྱལ་ཡོངས་རང་བཞིན་དང་མི་རིགས་ས་ཁུལ་དུ་ཆོས་ལུགས་དང་། རྒྱལ་དམངས་དཔལ་འབྱོར། རིག་གནས་བསྐྱར་དར་དང་བཅས་པའི་ལས་རིགས་སྣ་བརྒྱ་དར་རྒྱས་འབྱུང་བའི་དཔྱིད་དཔལ་གསར་བ་ཞིག་སླར་ཡང་བསུས་པ་རེད

ལྕགས་བྱ་སྤྱི་ལོ1981ལོའི་སྟོན་མཇུག སྲིད་གཞུང་གིས་ཟླ་བའི་དཀྱིལ་འཁོར་སྤྲིན་གྱི་རྒྱ་ལས་བཏོན་པ་བཞིན། མི་རྗེ་དབང་ཆེན་དོན་འགྲུབ་ལ་དཀར་འདོན་དག་སེལ་གནང་ཞིང་། ཁོང་སྐུ་གཤེགས་པར་ས་ཕག་སྤྱི་ལོ1959ལོའི་བཞི་པའི་གནམ་གང་གི་ཉིན། ཞིང་ཆེན་སྲིད་གྲོས་དང་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་ནས། མི་ལྔ་བཅུ་ལྷག་བསྡུས་པའི་ཚོགས་འདུའི་སྟེང་། མྱ་ངན་ཞུ་ཚུལ་བསྐྱར་དུ་ཁྱབ་བསྒྲགས་བྱས་ཤིང་། དེ་འབྲེལ་གྱི་གནས་ཚུལ་སྐོར«མཚོ་སྔོན་ཉིན་རེའི་ཚགས་པར»གྱི་པར་ངོས་བཞི་པའི་སྟེང་བཀོད་ཡོད་ཀྱང་། ཁོང་ལ་སྐྱོན་ཆ་ཡོད་སྐོར་གྱི་གནས་ཚུལ་ཟུར་ཙམ་ཡང་གླེང་མི་འདུ

ས་རྟ་སྤྱི་ལོ1979ལོའི་ཚུན་གྱི་འདས་པའི་ལོ་མང་པོའི་རིང་། གླེང་འགེལ་བྱས་པའི་གྱོད་དོན་ནོར་འཁྲུལ་ཅན་མང་པོར། རྒྱལ་ཁབ་རིམ་པས་མེ་ལོང་ལ་ཧ་བཏབ་པ་ལྟར་གཞི་ནས་ཐེར་འདོན་དག་སེལ་བྱས་ཤིང་། དཔོན་ཚང་གི་ཁྱིམ་རྒྱུད་ལོ་རྒྱུས་ཀྱི་ཤུགས་རྐྱེན་ཐེབས་པའི་རྒན་པ་མང་པོའི་ཆབ་སྲིད་ཞྭ་མོའང་ཕུད་པ་རེད། དཔོན་པོའི་སྐུ་སྲས་ཚེ་རྒྱལ་དང་ཟུར་སྟེན་ལྷ་ལྕམ་གྱི་བུ་ཆེ་བ་བཀྲ་ཤིས་རབ་བརྟན། བནྡེ། སྐུའི་ཚ་བོ་དབང་ལྡན། ཐིས་པའི་སྤྲུལ་སྐུ་དགེ་འདུན་ལུང་རྟོགས་བསྟན་པའི་ཉི་མ་ཚང་། ཡུ་གུར་སྤྲུལ་སྐུ་བློ་བཟང་ལེགས་བཤད་བསྟན་པའི་རྒྱལ་མཚན་ཚང་སོགས་སྔ་རྗེས་སུ་བཙོན་གྲོལ་ཐོབ། ཆོས་རྗེ་དང་ཨ་ཞང་རྡོ་རྗེ་ཚེ་བརྟན། ཡར་སྣ་གདོང་ལྷུན་པོ། གྲམ་པ་ནང་རྡོ་བྷ་སོགས་སྲིད་ཇུས་དངོས་འབབ་མ་བྱས་པའི་ཡར་སྔོན་ནས་སྔ་རྗེས་སུ་བཙོན་གྲོལ་ཐོབ་ཅིང་། ཕྱིས་སུ་ལས་ཀ་དང་ཐོབ་ཐང་སླར་གསོ་གནང་བའང་འགའ་རེ་བྱུང་། དེ་ནས་རིམ་གྱིས་ཁྱིམ་རྒྱུད་འདི་དང་། ཡུལ་མི་ཆེས་མང་པོ་ཞིག་གི་དཀའ་སྡུག་གི་ལོ་ཟླ་རིང་མོ་དང་། སེམས་རྩར་ཕོག་པའི་སྡུག་བསྔལ་གྱི་མུན་པ་དེ་ཡང་། ནམ་ལངས་ཀྱི་རྒྱུ་སྐར་བཞིན་མཇུག་རྫོགས་ནས་རང་ཡལ་དུ་སོང་ཞིང་། དུས་རབས་གསར་པའི་ཀྲུང་གོའི་གུང་ཁྲན་ཏང་གི་བཅོས་བསྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་བཟང་པོའི་མཛུབ་སྟོན་དང་ཡང་དག་པའི་འགོ་ཁྲིད་འོག །སྔར་གྱི་གུ་དོག་ཅིང་འོད་སྣང་དང་བྲལ་བའི་མུན་པའི་འཇིག་རྟེན་དེའང་། ལྡབ་འགྱུར་གྱིས་གཞི་རྒྱ་ཇེ་ཆེ་དང་ས་ཁོད་ཇེ་ཡངས། འོད་སྣང་ཇེ་གསལ་དང་དྲོད་ཁོལ་ཇེ་འཛོམས་སུ་ཕྱིན་ནས། གར་འགྲོ་གར་འདུག་ལ་རང་དབང་ཐོབ་སྟེ། སྟོང་ཁམས་ཆེན་པོའི་དྭངས་གཙང་གི་གསོ་རླུང་ཅི་དགར་རྔུབ་བཞིན། བདེ་སྐྱིད་ཀྱི་འཚོ་བ་གསར་པའི་ལམ་ཆེན་སྟེང་ཡང་བསྐྱར་གོམ་ཁ་སྒྱུར་བའི་མགོ་བརྩམས་པ་རེད།

རྩོམ་ཁུངས། རྨ་ལྷོ་ཁུལ་སྲིད་གྲོས་ཀྱི་ལོ་རྒྱུས་དཔྱད་ཡིག་ལས་བཏུས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号