མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་གཙོ་གནད་ཁེ་ལས་ལ་ལྐོག་ཏུ་འཚམས་འདྲི་དང་ཞིབ་བཤེར་བྱས་ནས། ལུགས་རྙིང་ལོ་གསར་སྐབས་སུ་སྐྱེ་ཁམས་ཁོར་ཡུག་བདེ་འཇགས་བརྟན་པོ་ཡོང་བའི་ཁག་ཐེག་བྱས།
ཟླ1པོའི་ཚེས28ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་ནས་རྒྱུས་ལོན་པ་ལྟར་ན། སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་བདེ་འཇགས་དོན་རྐྱེན་སྣ་ཚོགས་སྔོན་འགོག་བྱ་ཆེད། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་ཞིབ་བཤེར་ཚན་ཆུང་བཙུགས་ནས་གཙོ་གནད་ཁེ་ལས་སོགས་ལ་བདེ་འཇགས་ཉེན་ཁའི་མངོན་མེད་རྐྱེན་ངན་ལ་ཞིབ་བཤེར་བྱས།
ཟླ1ཚེས26ཉིན། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱི་ཞིབ་བཤེར་ཚན་ཁག་གིས་མཚོ་སྔོན་དབྱི་ཧྭ་རྫས་འགྱུར་བཟོ་ལས་ཚད་ཡོད་ཀུང་སི་དང་། ཨེ་ཤེ་ཡའི་ཀོས་ལས་རིགས་ཚད་ཡོད་ཀུང་སི། མཚོ་སྔོན་ཞིང་ཆེན་གྱི་ཉེན་ཡོད་བེད་མེད་དངོས་རྫས་དང་ཟི་ལིང་གྲོང་ཁྱེར་སྨན་བཅོས་བེད་མེད་དངོས་རྫས་གཅིག་བསྡུས་ཐག་གཅོད་ལྟེ་གནས། མཚོ་སྔོན་ཅུན་ཅེ་བསྐྱར་སྐྱེས་ཐོན་ཁུངས་ཚད་ཡོད་ཀུང་སི། ཟི་ལིང་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་སྲེག་གཏོང་གློག་འདོན་བཟོ་གྲྭ་དང་། ཟི་ལིང་གྲོང་ཁྱེར་གྱི་བཙོག་ཆུ་གཙང་བསྒྱུར་བཟོ་གྲྭ་དང་པོ་དང་གསུམ་པ། རྟ་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གི་འཚོ་བའི་བཙོག་ཆུ་གཙང་བསྒྱུར་བཟོ་གྲྭ་སོགས་གཙོ་གནད་ཁེ་ལས་བཅས་སུ་སོང་ནས་བྱ་བའི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། ཡུལ་དངོས་སུ་ལས་བྱེད་མི་སྣར་འདྲི་རྩད་ཞིབ་ཕྲ་བྱས་ཏེ་ཁེ་ལས་ལས་ཁུངས་ཀྱི་ལུགས་རྙིང་ལོ་གསར་སྐབས་ཀྱི་ལས་རེས་དང་། བདེ་འཇགས་དོ་དམ། འཕྲལ་སྒྲུབ་དངོས་རྫས་གསོག་འཇོག་གི་གནས་ཚུལ། སྲ་གཟུགས་སྙིགས་རོ་བསྡུ་བ་དང་གསོག་འཇོག ཐག་གཅོད། འཚོ་བའི་བཙོག་ཆུ་བསྡུ་བ་དང་གཙང་བསྒྱུར་སོགས་སྦགས་བཙོག་བཅོས་སྐྱོང་སྒྲིག་ཆས་ཚད་ལྡན་དོ་དམ་དང་ཚད་ལྡན་འཁོར་སྐྱོད་བྱས་ཚུལ་ལ་རྒྱུས་ལོན་བྱས། གནད་དོན་ཤེས་རྟོགས་བྱུང་བ་ཡུལ་དངོས་སུ་བསྒྲུབ་པ་དང་བཅོས་སྒྲིག་གི་བླང་བྱ་བཏོན་ནས། ཁེ་ལས་ལ་གཙོ་གནད་རིམ་པ་དང་ཉམས་ཞན་རིམ་པའི་བདེ་འཇགས་སྔོན་འགོག་ལ་སྔར་ལས་ཤུགས་སྣོན་དགོས་པའི་དྲན་སྐུལ་བྱས་པ་དང་། ལྷག་པར་དུ་ལུགས་རྙིང་ལོ་གསར་སྐབས་སུ་དྲོད་ཚད་དམའ་ཞིང་ཁ་བ་འབབ་སྐབས་ཀྱི་ཉེན་ཆེའི་སྙིགས་རྫས་ཞིང་ཆེན་དང་ས་ཁུལ་བརྒལ་ནས་སྤོ་སྒྱུར་སྐྱེལ་འདྲེན་བྱེད་པ་དང་། ལུགས་རྙིང་ལོ་གསར་གྱི་སྐྱེལ་འདྲེན་འཚང་ཁ་ཆེ་བའི་སྐབས་དང་ཁ་བ་འབབ་པའི་གནམ་གཤིས་ལ་གཡོལ་ནས། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་མེད་པར་བཟོས་ཏེ་བདེ་འཇགས་ལས་འཛོལ་སྔོན་འགོག་ནན་མོ་བྱེད་དགོས་པའི་དྲན་སྐུལ་བྱས།
ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་འབྲེལ་ཡོད་ཁེ་ལས་སོ་སོས་ལུགས་རྙིང་ལོ་གསར་སྐབས་སུ་ཐོན་སྐྱེད་བདེ་འཇགས་དང་ཁོར་ཡུག་ཉེན་ཁ་སྔོན་འགོག་འབུར་ཐོན་གྱི་གོ་གནས་སུ་བཞག་ནས། བདེ་འཇགས་འགན་འཁྲི་དམ་ཟབ་བྱས་ཏེ་དོ་དམ་ལམ་ལུགས་ཞིབ་ཕྲ་དོན་འཁྱོལ་བྱས་པ་དང་། བདེ་འཇགས་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ཉེན་ཁ་སྔོན་འགོག་འདུ་ཤེས་མཐོར་འདེགས་སུ་གཏོང་བ། གློ་བུར་དོན་རྐྱེན་འཕྲལ་སྒྲུབ་གྲ་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། ཆ་འཕྲིན་སྙན་ཞུ་ཤར་གཏོང་ཐུབ་པར་བྱེད་པ། སྣང་མེད་དུ་འཇོག་པ་དང་ཁྲིམས་འགལ་བྱེད་ཐབས་སོགས་ཀྱི་གནད་དོན་བྱུང་ཚེ། བདེ་འཇགས་དོན་རྐྱེན་སྣ་ཚོགས་འབྱུང་ཁུངས་ནས་བཀག་འགོག་ནུས་ལྡན་བྱས་ཏེ། ལུགས་རྙིང་ལོ་གསར་སྐབས་སུ་སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་བརྟན་བརླིང་དང་གོ་རིམ་ལྡན་པར་ཁག་ཐེག་བྱས་ནས། སྤྲོ་སྣང་དང་འཆམ་མཐུན་གྱི་དུས་ཆེན་གྱི་རྣམ་པ་བསྐྲུན་དགོས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注