• ས་མཐོའི་གནའ་གྲོང་ལྷ་སའི་མཚན་ཁྲོམ་འོད་ཀྱིས་བརྒྱན།

    —— ལྷ་སའི་མཚན་ཁྲོམ་གྱི་དཔལ་འབྱོར་ལ་ལྟ་བ།

  • ས་རིམ་གྱིས་རུབ་པ་དང་བསྟུན་ནས་ལྷ་སའི་ནུབ་འདབས་ཀྱི་ཐེན་ཧའེ་མཚན་ཁྲོམ་དུ་གློག་འོད་ཁྲ་ཆིལ་ཆིལ་དུ་འབར། སྐུ་མགྲོན་རྣམས་གཅིག་མཇུག་གཉིས་མཐུད་ཀྱིས་བསྲེགས་ཟས་ཁང་དུ་འཛུལ་བཞིན་ཡོད་པ་དང་། ཟ་ཁང་ཁག་གིས་ཀྱང་རྒྱུན་གཏན་ལྟར་ལུག་ཤ་བཀྲག་ནས་གྲ་སྒྲིག་ཨང་བསར་བྱེད་བཞིན་ཡོད་པས། གློག་འོད་ཆེམ་ཆེམ་དུ་འཕྲོ་བའི་མཚན་ཁྲོམ་དེར་ལུག་ཤའི་དྲི་ཞིམ་འཐུལ།

    “ངས་བསྲེགས་ཟས་ཁང་བཙུགས་ནས་ལོ་20ལྷག་ཙམ་ཕྱིན་སོང་། ཐེན་ཧའེ་མཚན་ཁྲོམ་སྔར་བཞིན་འཁྲུག་ཆ་དོད་པོ་ཡོད། ན་ནིང་ལོ་མཇུག་ཏུ་ཚོང་ཁྲོམ་བསྐྱར་གསོ་བྱུང་རྗེས། སྐུ་མགྲོན་མང་དུ་ཕྱིན་ནས་དགོང་ལྟར་སྒྲོག་ཙེ་སྟོང་པ་གཅིག་ཀྱང་ལུས་ཀྱི་མི་འདུག་པས། མཚན་མོ་གཅིག་ལ་ཡོང་འབབ་སྒོར་ཁྲི་གཉིས་ལྷག་ཙམ་ཡོང་གི་འདུག”ཅེས་བསྲེགས་ཟས་ཁང་གི་ཚོང་པ་ཞིག་གིས་བཤད།

    གནའ་གྲོང་ལྷ་སར་ལོ་ངོ་1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཞིང་། མཚན་མོ་ལྷ་སར་གློག་འོད་ཆེམ་ཆེམ་འཕྲོ་བ་དང་། སྣ་མང་ཕུན་སུམ་ཚོགས་པའི་མཚན་མོའི་འཚོ་བས་གནའ་གྲོང་ལྷ་ས་དེ་བས་འཁྲུག་ཆ་དོད་པར་གྱུར།

    2020ལོ་དང་2021ལོར་ལྷ་སའི་ཁྲེང་ཀོན་དབན་ཏཱ་ཚོང་ཁང་དང་སྣེའུ་དབན་ཏཱ་ཚོང་ཁང་སྔ་རྗེས་སུ་སྒོ་ཕྱེ་ཞིང་། ཚོང་ཁང་གསར་པ་གཅིག་རྗེས་གཉིས་མཐུད་དུ་བསྐྲུན་པ་དང་བསྟུན་ནས་གནའ་གྲོང་གི་མཚན་མོའི་ཡིད་དགའི་རྣམ་པ་དེ་བས་འཁྲུག་ཆ་དོད་དུ་སོང་སྟེ། དེང་རབས་དང་སྲོལ་རྒྱུན་གྱི་རིག་གནས་ཞི་མཐུན་མཉམ་འདྲེས་ཀྱི་རྣམ་པ་ཞིག་གྲུབ་ཡོད།

    ལོ་42ལ་སླེབས་པའི་བདེ་སྐྱིད་ནི་ལྷ་ས་བ་ཞིག་ཡིན་ཞིང་། ཁོང་དང་བུ་མོ་མཉམ་དུ་དབན་ཏཱ་ཚོང་ཁང་དུ་ཅ་ལག་ཉོ་བར་སླེབས་འདུག

    མཚན་མོ་སྐབས་རེ་བདེ་སྐྱིད་དབན་ཏཱ་གློག་བརྙན་ཁང་དུ་གློག་བརྙན་ལྟ་བར་འགྲོ་ཡི་ཡོད། “ཐོ་རེངས་ཆུ་ཚོད་དང་པོ་གཉིས་པའི་དུས་སུ་གློག་བརྙན་གྲོལ་ནས་ལོག་སྐབས་ཚོང་ཁྲོམ་གྱི་གློག་སྒྲོན་སྔར་བཞིན་འོད་ཆེམ་ཆེམ་དུ་འཕྲོ་བ་དང་། མཚན་ཁྲོམ་དུ་ད་དུང་ཁ་ལག་ཟ་མཁན་དང་རྩེད་མོ་རྩེ་མཁན་མང་པོ་འདུག ཁྲོམ་སྐོར་གྱིན་སྐོར་གྱིན་དུ་ཁྱིམ་དུ་ལོག་ན་ཉིན་མོའི་ངལ་དུབ་སེལ་གྱི་འདུག”ཅེས་བདེ་སྐྱིད་ཀྱིས་བཤད།

    སྣེའུ་དབན་ཏཱ་གློག་བརྙན་ཁང་གི་ལས་མི་བསོད་ནམས་རྒྱ་མཚོས། ད་ཆ་གློག་བརྙན་ཁང་གཉིས་སུ་གློག་བརྙན་ལྟ་མཁན་ཇེ་མང་དུ་འགྲོ་བ་དང་། ལྷག་པར་གཟའ་མཇུག་ཏུ་དགའ་རོགས་མང་པོ་མཉམ་དུ་གློག་བརྙན་ལྟ་བར་ཡོང་གི་འདུག་པས། གློག་བརྙན་སྟོན་ཐེངས་གཅིག་ལ་མི་ཉི་ཤུ་སུམ་ཅུ་ཟིན་གྱི་འདུག་ཅེས་བཤད།

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། 2022ལོར་སྔོན་དཔག་བྱས་ན་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་2165ཟིན་ནས་3%ལྷག་ཙམ་འཕར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཁག་སོ་སོར་8%ལྷག་ཙམ་དང་10%ལྷག་ཙམ་འཕར་ཡོད་ཅེས་བསྟན་ཡོད།

    མཚན་མོའི་གློག་སྒྲོན་གྱི་མཛེས་རྒྱན་འོག་ལྷ་ལྡན་གཙུག་ལག་ཁང་ནས་གསེར་འོད་ཆེམ་ཆེམ་དུ་འཕྲོ་ཞིང་། གསེར་ཟངས་ལས་གྲུབ་པའི་རྒྱ་ཕིབས་ལས་བཀྲག་མདངས་རབ་ཏུ་འཚེར། བར་སྐོར་དུ་མི་ལ་ལ་བག་ཕེབས་ངང་སྤྲོ་འཆམ་དུ་འགྲོ་བ་དང་། ལ་ལ་བོད་ཆས་ཚོང་ཁང་དང་ལོ་གསར་གྱི་མཁོ་ཆས་ཚོང་ཁང་དུ་ཅ་དངོས་ཉོ་བཞིན་འདུག

    བོད་ལུགས་ཀྱི་ལྟོ་ཕད་ཚོང་ཁང་ཞིག་ཏུ་བཟོ་ལྟ་འདྲ་མིན་སྣ་ཚོགས་ཀྱི་ལྟོ་ཕད་བཀལ་ཡོད་པ་དང་། སྐུ་མགྲོན་མང་པོས་དེ་གར་རང་མོས་ལྟོ་ཕད་འདེམ་བཞིན་འདུག ལོ་38ལ་སླེབས་པའི་ཚོང་པ་སངས་རྒྱས་ཀྱིས་ཚོང་བརྒྱབ་ནས་ལོ་10ལྷག་ཙམ་ཕྱིན་ཡོད། ཁོང་གིས། “སྔོན་མ་དགུན་ཁ་ཤར་མ་ཐག་ཚོང་ཁང་བོགས་མར་གཏོང་གི་ཡོད། ད་ལོ་དགུན་དུས་སུ་བོད་དུ་ཡུལ་སྐོར་གྱི་ཚ་རླབས་འཕྱུར་བར་བརྟེན། ངས་མུ་མཐུད་ཚོང་བཏོན་ནས་བོད་ལུགས་ཀྱི་ཚོང་ཟོག་དེ་བས་མང་བ་འཚོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་བཤད།

    བོད་ལྗོངས་ཀྱིས་2023ལོའི་ཟླ་1ཚེས་1ཉིན་ནས་ཟླ་3ཚེས་15ཉིན་བར“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”ཁྲོམ་རར་སྐུལ་འདེད་གཏོང་བའི་བྱ་དགའི(ཁ་གསབ)གཟིགས་སྐྱོང་སྲིད་ཇུས་རེས་སྐོར་ལྔ་པ་ལག་ལེན་བསྟར་ཞིང་། དེའི་རིང་ཡུལ་སྐོར་བས་གཟིགས་སྐྱོང་མང་པོ་ལོངས་སུ་སྤྱོད་ཆོག་པའི་ནང་ཕོ་བྲང་པོ་ཏ་ལ་ཚུད་པའི་མཛེས་ལྗོངས་ཁུལ་མང་པོར་སྤ་སེ་ཉོ་མི་དགོས་པར་ཡུལ་སྐོར་བྱེད་ཆོག་གི་ཡོད།

    ལོ་40ལ་སླེབས་པའི་རྒྱལ་ལགས་ནི་བོད་ཆས་ཚོང་ཁང་ཞིག་གི་སྦྱིན་བདག་ཡིན་པ་དང་ལོ་14ལ་སླེབས་སྐབས་རྒྱལ་རྩེར་འཚེམ་བུ་སྦྱོང་འགོ་ཚུགས་པ་རེད། བོད་ཀྱི་ལོ་གསར་སྔ་སྣུབ་ཏུ་བོད་ཆས་ཉོ་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། རྒྱལ་ལགས་ཀྱིས་པགས་ཚགས་ཕྱུ་པ་ལྟེབ་རྩེག་རྒྱག་བཞིན་དུ“པགས་ཚགས་ཕྱུ་པ་རེར་སྒོར་4000ལྷག་ཙམ་རག་གི་འདུག ཚང་མས་ལོ་གསར་གོང་ལ་འཚང་ཁ་ཤིག་ཤིག་ངང་ལོ་གསར་གྱི་གཟབ་སྤྲོས་ཉོ་གི་ཡོད”ཅེས་བཤད།

    རྒྱལ་ལགས་ཀྱི་ཚོང་ཁང་ནས་རང་ཉིད་ཀྱི་བློ་ལ་བབས་པའི་ཕྱུ་པ་ཉོ་མཁན་པད་ཚེ་ནི་རྒྱལ་རྩེ་ནས་ལྷ་སར་གླ་པ་རྒྱུག་པར་ཡོང་བ་ཞིག་ཡིན་པ་དང་། བོད་ཆས་གསར་པ་ཉོས་ནས་ད་ལོ་ལྷ་སར་ལོ་གསར་གཏོང་མཁན་ཡིན་པ་རེད།

    ཨར་ཁང་དང་ནང་མ་ཁང་སོགས་མཉམ་དུ་འདུས་པའི་བར་སྐོར་ཁྲོམ་གཞུང་གསར་པར་ཧྲང་ཧའེ་སློབ་ཆེན་ལོ་རིམ་གསུམ་པའི་སློབ་མ་ཝང་ལུའེ་ཆིང་དང་ས་གནས་དེ་ག་ནས་ཡིན་པའི་སློབ་གྲོགས་པད་མ་མཉམ་དུ་ཁྲོམ་ལ་འགྲོ་བཞིན་འདུག ཁོང་ལྷ་སར་སླེབས་པའི་ཉིན་གསུམ་པ་ཡིན་ཞིང་། མཚན་མོར་བར་སྐོར་ཁྲོམ་གཞུང་གསར་པ་སྐོར་ཐེངས་དང་པོ་ཡིན་པ་རེད། “གནའ་གྲོང་ལྷ་སའི་མཚན་ལྗོངས་ལས་ཉམས་སྣང་གཞན་ཞིག་མངོན་གྱི་འདུག”ཅེས་སློབ་མ་ཝང་ལུའེ་ཆིང་གིས་བཤད།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号