ཐུན་ཏེ་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ཅུས་ཀྱིས་ནུས་པ་བཏོན།
ཐུན་ཏེ་རྫོང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ཅུས་ཀྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཞོགས་འདེགས་བྱས།
འཕྲིན་གཏོང་པ། གཅོད་པ་ཐར། སྙིང་དཔལ་རྒྱལ། ཉི་མ་བཟང་བོ།
ཟླ7པའི་ཚེས30ཉིན། ཐུན་ཏེ་རྫོང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ཅུས་དངོས་སུ་བཙུགས་ནས་སྒོ་བྱང་བཀལ་བ་དང་། ཉེ་བའི་ཟླ་བཞིའི་རིང་། སྔར་ཡོད་ཀྱི་ཁྲིམས་བསྟར་ཐོན་ཁུངས་གཅིག་བསྡུ་དང་ཁྲིམས་བསྟར་སྟོབས་ཤུགས་ཇེ་དྲག་ཏུ་གཏོང་བ། ཁྲིམས་བསྟར་ལས་ཕྱོད་ཇེ་ཆེར་བཏང་ནས་ཐུན་ཏེ་རྫོང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་འགན་ལེན་ནུས་ལྡན་བྱས།
བསྟུད་མར་ཉིན་འགའི་རིང་། ཐུན་ཏེ་རྫོང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ཅུས་ཀྱིས་རྫོང་ཡོངས་ཀྱི་མངའ་ཁོངས་ཀྱི་རྡོ་ཟེགས་བཟོ་གྲྭ་དང་དཀྲུགས་སྡེབ་ས་ཚིགས། སོ་ཕག་བཟོ་གྲྭ་སོགས་གཏེར་ཁ་ཐོན་སྐྱེད་ཀྱི་ཁེ་ལས་རེ་རེ་བཞིན་གྲལ་བཤེར་བྱས་ནས་ཁྲིམས་འགལ་གྱིས་རྡོ་ཟེགས་བརྐོ་བའི་བྱ་སྤྱོད་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་པར་འགན་ལེན་བྱས། མིག་སྔའི་བར་ཆེད་དོན་འགུལ་སྐྱོད་ཐེངས3སྤེལ་བ་དང་། སྔ་རྗེས་སུ་ཁྲིམས་བསྟར་མི་སྣ་མི་ཐེངས36དང་ཁྲིམས་བསྟར་རླངས་འཁོར་ཐེངས6ལ་བཏང་ཞིང་། ལྐོག་ཏུ་སྔོག་འདོན་བྱེད་འདོད་མཁན་གྱི་རོང་འབྲོག་མང་ཚོགས2ལ་ཁ་ཏ་སློབ་གསོ་བཏང་བ་མ་ཟད། ཆུ་འགྲམ་གྱི་སྔར་ཡོད་རྣམ་པ་སླར་གསོ་བཅས་བྱས་པས་ཐུན་ཏེ་རྫོང་གི་ཆུ་འགྲམ་དུ་ཁྲིམས་འགལ་ངང་རྡོ་ཟེགས་བརྐོ་བ་སོགས་ཀྱི་བྱ་སྤྱོད་བཀག་འགོག་ནུས་ལྡན་བྱས། ཁྲིམས་བསྟར་མི་སྣ་རྩ་འཛུགས་བྱས་ཏེ་བཤས་རའི་ཕྱུགས་རིགས་དང་ཁྱིམ་བྱ། དེ་མིན་དེའི་ཐོན་རྫས་ཀྱི་ཐོན་སྐྱེད་ས་གནས་ཀྱི་ནད་ཡམས་ཞིབ་བཤེར་དང་། བཤས་གཏོང་གི་ནད་ཡམས་ཞིབ་བཤེར། ཕྱུགས་སྨན་བེད་སྤྱོད་གཏོང་ཚུལ། སྲོག་ཆགས་ཀྱི་ནད་ཡམས་ཚབས་ཆེན་སྔོན་འགོག་ཚོད་འཛིན་སོགས་ལ་ཁྱོན་ཡོངས་ནས་ལྟ་སྐུལ་ཞིབ་བཤེར་བྱས་ཏེ། ཞིང་སྤྱོད་དངོས་རྫས་གཉེར་སྐྱོང་ཁྱིམ་ཚང་དང་བཤས་རའི་གཉེར་སྐྱོང་བྱ་སྤྱོད་ཚད་ལྡན་དུ་བཏང་ཞིང་། ཁོངས་གཏོགས་ཁུལ་གྱི་གཙོ་གནད་ལམ་ཁ་རུ་སྐོར་ཞིབ་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་ནས་ཚད་ལས་བརྒལ་བ་དང་ཤོང་ཚད་ལས་བརྒལ་བ། སྐྱེལ་འདྲེན་ལག་ཁྱེར་དང་འོས་ཐོབ་དཔང་ཡིག་མེད་པ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་། ཞིང་པ་ཞོར་ལས་པའི་གླ་ཆ་སྤྲོད་གཏོང་འགན་ལེན་ཐད་ཀྱི་སྐུལ་འདེད་ཚོགས་འདུ་འཚོགས་ཏེ། གླ་ཆ་ཆད་འགྱངས་རིགས་བཅོས་སྐྱོང་བྱེད་པའི་ལས་དོན་འཐུས་ཤོར་མི་ཡོང་བར་འགན་ལེན་བྱས་ཤིང་། ཞིང་པ་ཞོར་ལས་པའི་གླ་ཕོགས་འགན་ལེན་དངུལ་གྱི་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ། གླ་ཆ་ཆད་འགྱངས་རིགས་ཐེར་འདོན་ཞུ་གཏུག་གི་གྱོད་གཞི་དུས་ཐོག་ཏུ་བདག་སྤྲོད་བྱས་ཤིང་། མིག་སྔའི་བར་ཞིང་པ་ཞོར་ལས་པའི་གླ་ཆ་ཆད་འགྱངས་བྱས་པའི་གྱོད་གཞི་ཁག11བདག་སྤྲོད་དང་མཐུན་སྦྱོར་བྱས་པ་བརྒྱུད་ངལ་རྩོལ་པ26གི་གླ་ཆ་སྒོར་ཁྲི8.66འདེད་ལེན་བྱས།
ཐུན་ཏེ་རྫོང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཐེང་ཁྲའོ་ཡིས་བཤད་རྒྱུར། ཐུན་ཏེ་རྫོང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ཅུས་བཙུགས་པ་ནས་བཟུང་། ཞིང་པ་ཞོར་ལས་པའི་གླ་ཆ་སྤྲོད་གཏོང་འགན་ལེན་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ནས། གནད་དོན་གྱི་ཕྱོགས་སྟོན་མཐའ་འཁྱོངས་བྱེད་པ་དང་བྱེད་ཐབས་ནུས་ལྡན་སྤྱོད་པ་བཅས་ཀྱི་ཐོག་ནས་ཞིང་པ་ཞོར་ལས་པའི་ཁྲིམས་མཐུན་ཁེ་དབང་འགན་ལེན་ནུས་ལྡན་བྱས། མ་འོངས་པར་ཆབ་སྲིད་ཀྱི་གནས་བབ་སྔར་ལས་མཐོ་རུ་གཏོང་བ་དང་ཁོངས་གཏོགས་ཁུལ་གྱི་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་བྱས་ཏེ། ཞིང་པ་ཞོར་ལས་པའི་གླ་ཕོགས་འགན་ལེན་བྱ་རྒྱུ་དེ་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་བྱ་སྤྱོད་དང་རུལ་སུངས་གནད་དོན་ཆེད་དོན་བཅོས་སྐྱོང་འགུལ་སྐྱོད་ཁྲོད་འདྲེས་པར་བྱས་ནས་དོན་འཁྱོལ་དམ་འཛིན་བྱེད་པ་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ་ཡིན།
ཐུན་ཏེ་རྫོང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ཅུས་ཀྱི་མངའ་ཁོངས་སུ་ཁྲིམས་བསྟར་སྡེ་ཁག་མང་པོ་ཡོད་ལ། དེའི་ཁྲོད་གྲོང་ཁྱེར་དོ་དམ་དང་འགྲིམ་འགྲུལ་སྐྱེལ་འདྲེན། རིག་གནས་ཁྲོམ་ར། ཞིང་ཕྱུགས་ཆུ་བེད། འཕྲལ་བསྟུན་དོ་དམ། ངལ་རྩོལ་ལྟ་ཞིབ་སོགས་ཁྱབ་ཁོངས6ཚུད་ཡོད། ཁྲིམས་བསྟར་སྡེ་ཁག་སོ་སོས་འགན་འཁྲི་ལྟར་འབྲེལ་ཡོད་ཁྱབ་ཁོངས་སུ་ཁྲིམས་བསྟར་ཞིབ་བཤེར་བྱས་ནས་བཅའ་ཁྲིམས་དང་ཁྲིམས་སྲོལ་ཁག་ལག་བསྟར་ནུས་ལྡན་བྱེད་པར་འགན་ལེན་བྱས་ཤིང་། བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་ནན་མོར་གཞིགས་ནས་ཁྲིམས་བསྟར་བརྒྱུད་རིམ་ཚད་ལྡན་དུ་བཏང་སྟེ་ཁྲིམས་བསྟར་བྱ་སྤྱོད་ཁྲིམས་མཐུན་དང་དྲང་གཞག དཔལ་ཡོན་བཅས་ཡོང་བར་འགན་ལེན་བྱས་པ་མ་ཟད། ཁྲིམས་བསྟར་ལྟ་སྐུལ་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ཁྲིམས་བསྟར་བྱ་སྤྱོད་ལ་ལྟ་སྐུལ་བྱེད་པར་ཤུགས་བསྣན།
ཐུན་ཏེ་རྫོང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ཅུས་ཀྱི་ཅུས་ཀྲང་གཞོན་པ་རིག་འཛིན་སྐྱབས་ཀྱིས་བཤད་རྒྱུར། རྫོང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ཅུས་བཙུགས་པ་ནི་ཐུན་ཏེ་རྫོང་གི་ཁྲིམས་བསྟར་ཁྱབ་ཁོངས་ཀྱི་སྒྱུར་བཅོས་གལ་ཆེན་ཞིག་ཡིན་ལ། ཁྲིམས་བསྟར་ཐོན་ཁུངས་གཅིག་བསྡུ་དང་ཁྲིམས་བསྟར་སྟོབས་ཤུགས་ཇེ་དྲག་ཏུ་གཏོང་བ། ཁྲིམས་བསྟར་ལས་ཕྱོད་ཆེ་རུ་གཏོང་བ་བཅས་བརྒྱུད་དེ། རྫོང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ཅུས་ཀྱིས་ཐུན་ཏེ་རྫོང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་འགན་ལེན་ནུས་ལྡན་བྱས། མ་འོངས་པར་རྫོང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ཅུས་ཀྱིས་སྒྱུར་བཅོས་མུ་མཐུད་དུ་གཏིང་ཟབ་གཏོང་བ་དང་། ཁྲིམས་བསྟར་བྱེད་སྟངས་གསར་གཏོད་བྱེད་པ། ཁྲིམས་བསྟར་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། ཐུན་ཏེ་རྫོང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བྱས་རྗེས་འཇོག་རྒྱུ་ཡིན།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注