རི་ཁུག་ཏུ་སློབ་གསོའི་ས་ཚིགས་བཙུགས་པ།

ཆུ་དམར་ལེབ་རྫོང་སྐྱེ་ཁམས་སྲུང་སྐྱོབ་དང་རི་སྐྱེས་སྐྱེ་དངོས་ལྟ་ཞིབ་ཚད་ལེན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པའམ་གཙང་གསུམ་འབྱུང་ཡུལ་ཆུ་དམར་ལེབ་ལྷ་ཇོ་བོ་སྐྱེ་ཁམས་སློབ་གསོ་ས་ཚིགས་ཀྱི་རྒྱུན་ལས་འགོ་གཙོ་གཞོན་པ་བཀྲ་ཤིས་རྒྱལ་གྱིས་བཤད་རྒྱུར། “འཛུགས་སྐྲུན་བྱེད་བཞིན་པའི་ཁང་བ་ཆེན་པོ་འདི་ནི་ང་ཚོའི་ནུས་མང་སློབ་ཁང་ཡིན། སང་ལོ་འདིར་སློབ་ཁྲིད་ལ་ཡོང་ན་ཆ་རྐྱེན་སྔར་ལས་བཟང”ཟེར།

2020ལོར་འཛུགས་སྐྲུན་བྱས་པའི་ཚུན་ལ། ལྷ་ཇོ་བོ་སྐྱེ་ཁམས་སློབ་གསོ་ས་ཚིགས་ཀྱིས་ཁོར་ཡུག་ལྟ་ཞིབ་ཚད་ལེན། སྐྱེ་ཁམས་ཁོར་ཡུག་ཚན་རིག་ཞིབ་འཇུག་དང་སྲུང་སྐྱོབ་དྲིལ་སྒྲོག ནགས་སྲུང་བ་དང་སྐྱེ་ཁམས་དོ་དམ་མི་སྣ་བཅས་ཀྱི་ཆེད་ལས་ཤེས་བྱ་གསོ་སྦྱོང་སོགས་ཀྱི་སློབ་གསོའི་ནུས་པ་འདོན་སྤེལ་བྱས་པ་དང་། ཆུ་དམར་ལེབ་རྫོང་དང་ཐ་ན་ཡུས་ཧྲུའུ་ཁུལ་གྱི་སྐྱེ་ཁམས་སློབ་གསོའི“མཐོ་གནས”སུ་གྱུར་ཡོད།

སྐྱེ་ཁམས་སློབ་གསོ་ས་ཚིགས་འཛུགས་སྐྲུན་བྱེད་པའི་ཐོག་མའི་དུས་སྐབས་ལ་ཕྱིར་དྲན་བྱེད་སྐབས། བཀྲ་ཤིས་རྒྱལ་གྱིས་བཤད་རྒྱུར“ཐོག་མར་འགོ་རྩོམ་དུས། འདི་རུ་སློབ་ཁང་འགའ་ལས་མེད་ལ། གསོ་སྦྱོང་ལ་ཡོང་བའི་འབྲོག་པས་སྦྲ་གུར་དང་རྩམ་པ། ཤ་སྐམ་ཁྱེར་ཡོང་ནས་སློབ་སྦྱོང་བྱས་པ་རེད། ཆ་རྐྱེན་ཞན་མོད། འབྲོག་པ་རྣམས་ཀྱི་སློབ་སྦྱོང་གི་སྤྲོ་བ་ཆེ་བས། སྐབས་གཅིག་གི་གསོ་སྦྱོང་འཛིན་གྲྭར་མི50ལྷག་ཡོད”ཟེར།

ལྷ་ཇོ་བོ་སྐྱེ་ཁམས་སློབ་གསོ་ས་ཚིགས་སྔར་ལས་ལེགས་པར་འཛུགས་སྐྲུན་བྱེད་ཆེད། ཆུ་དམར་ལེབ་རྫོང་འབའ་དགོན་ཞང་དང་། ཆུ་དམར་ཞང་། རྨ་སྟོད་ཞང་བཅས་ཀྱི་ཁོངས་གཏོགས་ཀྱི་སྡེ་བ6མ་རྐང་བགོ་བཤའ་ཡི་རྣམ་པས་སྐྱེ་ཁམས་སློབ་གསོ་ས་ཚིགས་ཀྱི་འཛུགས་སྐྲུན་ཁྲོད་ཞུགས་པ་རེད། 2023ལོར། ལྷ་ཇོ་བོ་སྐྱེ་ཁམས་སློབ་གསོ་ས་ཚིགས་ཀྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་འཐུས་ཚང་དུ་བཏང་རྗེས། སྒོར་ཁྲི13.5བགོ་བཤའ་བརྒྱབ་པ་རེད། བཀྲ་ཤིས་རྒྱལ་གྱིས་བཤད་རྒྱུར“སྔོན་དཔག་བྱས་ན། ད་ལོའི་བགོ་བཤའ་ན་ནིང་ལས་མང་།”ཟེར།

དུས་མཚུངས་སུ། སློབ་གསོ་ས་ཚིགས་ཀྱི་རུ་དཔུང་ཡང་མུ་མཐུད་དུ་རྒྱ་བསྐྱེད་པ་དང་། ལྷ་ཇོ་བོ་སྐྱེ་ཁམས་སློབ་གསོ་ས་ཚིགས་ཀྱིས་དྲ་ལམ་ནས་སྤྱི་བསྒྲགས་ཀྱིས་དང་བླངས་པ་བསྡུས་པ་དང་། དང་བླངས་པའི་ཞབས་ཞུ་བྱ་བའི་ནང་རྐྱེན་བཙུགས་ནས་འཐུས་ཚང་དུ་བཏང་ཞིང་། རུ་དཔུང་གི་འཛུགས་སྐྲུན་ལ་ཤུགས་སྣོན་དང་། ས་གནས་ཀྱི་སློབ་ཆེན་སློབ་མ15ཅན་གྱི་དགེ་རྒན་དཔུང་སྡེ་སྐྱེད་སྲིང་བྱས་ཏེ། རྒྱལ་ཡོངས་རང་བྱུང་སློབ་གསོ་སྤྱིའི་སློབ་གྲྭ་དང་ཀྲུང་གོ་ནགས་ཚལ་སློབ་ཚོགས་ཀྱིས་གནང་བའི་རང་བྱུང་སློབ་གསོའི་དགེ་རྒན་གྱི་དཔང་ཡིག་རྒྱལ་ཁའི་ངང་བླངས་པ་དང་། སྐྱེ་ཁམས་སློབ་གསོ་ས་ཚིགས་ཀྱིས་གཞན་ད་དུང་ས་གནས་ཁོར་སྲུང་ཆེད་མཁས་པ་མི10ཡིས་གྲུབ་པའི་ཁོར་སྲུང་བསླབ་དེབ་རྩོམ་སྒྲིག་ཚན་ཆུང་བཙུགས།

ད་ལྟ། ལྷ་ཇོ་བོ་སྐྱེ་ཁམས་སློབ་གསོ་ས་ཚིགས་ཀྱིས་སློབ་ཁྲིད་ཁུལ་དང་ཁྱིམ་ཚང་མགྲོན་ཁང་། ཟ་ཁང་། འགྲེམས་སྟོན་ཁང་སོགས་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལེགས་འགྲུབ་བྱུང་། གླིང་ཁུལ་ནང་གི་ཁོར་ཡུག་ལྷིང་འཇགས་ཡིན་ལ། འབྲོང་གི་དངོས་དཔེ་དང་སྤ་ལ་སྟག་རྩེ་དང་སྒ་སྟོད་ཇོ་བོ་ཡི་དཔེ་དབྱིབས་ཀྱི་གཟུགས་རིས་གཞི་གཅིག་ཏུ་འདྲེས་ནས་རང་བྱུང་ཁམས་ཀྱི་མཛེས་པ་མངོན་ཡོད། “རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”བསྒྲགས་ཡིག་གསལ་བོར་སྦྱར་ཡོད་པ་དེ་དང་སློབ་མ་རྣམས་ཀྱིས་སེམས་ཞིབ་མོས་བཀོད་སྒྲིག་བྱས་པའི་པར་རིས་བརྩམས་ཆོས་ཀྱིས་ཕན་ཚུན་འགྲན་པའི་ཚུལ་གྱིས་ཐོན་ཞིང་པར་ངོས་རེ་རེ་ཡིས་སྐྱེ་ཁམས་ཀྱི་མཛེས་པ་བརྗོད་བཞིན་ཡོད།

འབྲོག་པ་མང་ཚོགས་ཀྱི“རྩལ་ནུས་གསོ་སྦྱོང་ས་ཚིགས། ”

གད་སྙིགས་རིགས་དབྱེ་སྒམ་ཆུང་གིས་འཁྲབ་ཆས་བྱས་ཏེ། འབྲོག་པ་རྣམས་ཀྱིས་འཚོ་བའི་ཉམས་མྱོང་གིས་གད་སྙིགས་རིགས་དབྱེ་བྱེད་པ་དང་། འབྲོག་པས་ལག་ལེན་གྱི་ཁྲོད་ནས་ཡང་དག་པའི་གད་སྙིགས་རིགས་དབྱེ་ཐབས་ལམ་སློབ་སྦྱོང་བྱས། སྟབས་བདེ་བའི་ཕྱི་རོལ་ཡུལ་གྱི་གད་སྙིགས་རིགས་དབྱེ་ཉམས་ཞིབ་ཐེངས་གཅིག་གིས་ཆིག་སྒྲིལ་ཞང་གད་དམར་སྡེ་བའི་འཇིགས་མེད་རྡོ་རྗེ་ལ་ཐོབ་བྱ་མང་པོ་ཡོད་པར་གྱུར།

ལྷ་ཇོ་བོ་སྐྱེ་ཁམས་སློབ་གསོ་ས་ཚིགས་ཀྱི་སྐྱེ་ཁམས་སློབ་ཁྲིད་དགེ་རྒན་དང་དང་བླངས་པའི་ཞབས་ཞུ་སྒྲུབ་ཡུལ་གཙོ་བོ་ནི་ཆུ་དམར་ལེབ་རྫོང་གི་སྲིད་འཛིན་སྡེ་བ19ཡི་འབྲོག་དམངས་ཡིན་པར་མ་ཟད། ནགས་སྲུང་དང་སྐྱེ་ཁམས་བདག་སྐྱོང་པ་གཙོ་བོར་བཟུང་ནས་ཆེད་ལས་ཅན་གྱི་ཁོར་སྲུང་དང་སྲོག་ཆགས་དང་རྩི་ཤིང་གི་ལྟ་ཞིབ་ཚད་ལེན་གྱི་ཤེས་བྱ་དང་། རྩལ་ནུས་གསོ་སྦྱོང་བྱེད་བཞིན་ཡོད་ལ། སྐྱེ་ཁམས་སྲུང་སྐྱོབ་པ་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་པར་གྱུར་བ་དང་། ནགས་སྲུང་བ་དང་སྐྱེ་ཁམས་ལྟ་སྲུང་བའི་ཆེད་ལས་ཅན་གྱི་ཆུ་ཚད་མཐོར་འདེགས་བཏང་བ་དང་ལྷན་དུ། ས་གནས་ཀྱི་སློབ་མ་དང་འབྲོག་དམངས། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཁོངས་མི་སོགས་མང་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འདུ་ཤེས་ཇེ་མཐོར་བཏང་བ་རེད།

བཀྲ་ཤིས་རྒྱལ་གྱིས་བཤད་རྒྱུར“སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ནི་གད་སྙིགས་འཐུ་བ་ཙམ་མ་ཡིན་པར། གཙང་གསུམ་འབྱུང་ཡུལ་ནས་འཚོ་བ་རོལ་བ་ཡིན་པས། ང་ཚོའི་ཐོག་མའི་བསམ་འདུན་ནི་སྔར་ལས་མང་པའི་འབྲོག་པ་མང་ཚོགས་ཀྱིས་ཚན་རིག་གི་ཁོར་སྲུང་འདུ་ཤེས་དང་ཐབས་ལམ་སྦྱང་བ་ལ་བརྟེན་ནས་ང་ཚོ་གནས་སའི་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་ངོས་འཛིན་བྱེད་པ་དང་། འབྲོག་པ་མང་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འདུ་ཤེས་དང་ཟབ་ཞུགས་འདུ་ཤེས། འགུལ་སྐྱོད་ནུས་པ་བཅས་ཕྱོགས་ཡོངས་ནས་ཇེ་དྲག་ཏུ་གཏོང་ཆེད་ཡིན”ཟེར།

ལོ་གཉིས་རིང་གི་སློབ་སྒྲུབ་བརྒྱུད་དེ། སློབ་མ་སྐོར་དང་སྐོར་བྱས་ནས་འདིར“རྩལ་ནུས་གསོ་སྦྱོང”ལ་ཡོང་བ་དང་། ཡུལ་འདིའི་དགེ་རྒན་ཡིན་པའི་ཆ་ནས། སྐར་མ་བསམ་འགྲུབ་ཀྱིས་འབྲོག་པ་རྣམས་ཀྱི་འགྱུར་ལྡོག་ཐད་ཀར་ཚོར་ཐུབ། ཀརྨ་བསམ་འགྲུབ་ཀྱིས་བཤད་རྒྱུར“ངས་འབྲོག་པ་མང་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་སྔར་ལས་ཇེ་ལེགས་ཡིན་པ་རྟོགས་བྱུང་ལ། གད་སྙིགས་འཐུ་བ་དང་རིགས་དབྱེ་བ་དང་། རི་ཆུ་ཐང་གསུམ་ལ་སྐོར་ཞིབ་བྱེད་པ་ནི་ཚང་མའི་དུས་རྒྱུན་གྱི་འཚོ་བའི་ཁྲོད་འདྲེས་ཡོད”ཟེར།

གཙང་གསུམ་འབྱུང་ཡུལ་གྱི་སྒེའུ་ཁུང་ངོས་འཛིན།

དྭངས་གཙང་གི་མཐོ་སྒང་ཡངས་ཤིང་རྒྱ་ཆེ་ལ། རང་བྱུང་ཁམས་ཀྱི་མཛེས་པ་རབ་ཏུ་མངོན། ལྷ་ཇོ་བོ་སྐྱེ་ཁམས་སློབ་གསོ་ས་ཚིགས་ཀྱིས་དང་བླངས་པ་དང་དགེ་རྒན་དང་སློབ་མ། རླངས་འཁོར་བསྐོར་བའི་ཡུལ་སྐོར་པ་མང་པོའི་ཡིད་དབང་བཀུག་ཡོད།

གཡང་ས་ལྷ་ཇོ་བོ་འདི་ལ་ཆུ་དམར་ལེབ་ཀྱི“ཅང་ནན་ཆུང་བ”ཞེས་པའི་མཚན་སྙན་ཐོབ་ཡོད། ཆ་སྙོམས་ཀྱི་མཚོ་འཕགས་སྨི3800ཡིན་ལ། ཆུ་དམར་ལེབ་ཀྱི་མཚོ་འཕགས་ཆེས་དམའ་བའི་ས་ཆ་ཡིན། གནས་འདི་ལ་རྩྭ་ཆུ་འཛོམས་ཤིང་ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་ལྗོངས་ཁུལ་ཡོད་ལ། རི་སྐྱེས་སྲོག་ཆགས་ཀྱི་རིགས་དང་གྲངས་འབོར་མང་། སྐྱེ་དངོས་ཕུན་སུམ་ཚོགས་པོ་ཡོད། ལྷ་ཇོ་བོ་སྐྱེ་ཁམས་སློབ་གསོ་ས་ཚིགས་ཀྱི་རྒྱབ་ཕྱོགས་ཀྱི་རི་ངོས་སུ་རྒྱུན་པར་རྒྱལ་ཁབ་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཤྭ་བ་མཆུ་དཀར་ཁྱུ་དང་ཁྱུ་བྱས་ནས་རྒྱུ་བཞིན་ཡོད་ལ། ས་ཚིགས་ནང་དུ་ཤྭ་བའི་ངུར་སྒྲ་ཐོས་ཐུབ། རྒྱང་ནས་སྒ་སྟོད་ཇོ་བོའི་བྲག་ཕུག་གཉིས་ཀྱི་ཕྱོགས་སུ་བལྟས་ན། གནའ་བ་མང་པོས་ཁྱུ་དང་ཁྱུ་བྱས་ཏེ་ཆུ་འཐུང་བཞིན་པ་མཐོང་བར་མ་ཟད། འདི་ནས་གཡི་དཀར་དང་སྲེ་མོང་། གནའ་བ། འཕྱི་བ། ཨ་བྲ། བྱ་རྒོད་སོགས་རི་སྐྱེས་སྲོགས་ཆགས་ཀྱང་མཐོང་ཐུབ།

དང་བླངས་པ་ཡིན་པའི་ཆ་ནས། ཚའོ་ལི་ཡུན2023ལོར་ལྷ་ཇོ་བོ་སྐྱེ་ཁམས་སློབ་གསོ་ས་ཚིགས་ལ་ཡོང་བ་རེད། མོས་ཉིན་ཐོའི་ནང་འདི་ལྟར་བྲིས་ཡོད་དེ། ས་འདི་ནི་རང་བྱུང་ཁམས་དང་ཆེས་ཐག་ཉེ་བའི་གནས་ཡིན་ལ། ང་རང་ཆུ་འགྲམ་བརྒྱུད་ནས་འཆམ་འཆམ་དུ་འགྲོ་སྐབས། དྲག་ཏུ་འཕྱོ་བའི་གཙང་བོའི་བཞུར་སྒྲ་ལ་ཉན་པར་དགའ། མིག་གིས་མཐོང་ཚད་ཀྱི་རི་ལ་ཁ་བ་དང་གནམ་སྔོ་ལ་ས་གཞི་རྩི་ཤིང་གིས་གཡོགས།  བྱ་རྒོད་ཀྱིས་བར་སྣང་ནས་ལྡིང་སྐོར་རྒྱག་ལ་ནོར་ལུག་རྩྭ་ཆུ་ལ་རོལ། ཤྭ་བ་མཆུ་དཀར་གྱི་ངུར་སྒྲ་རྒྱང་རིང་ནས་གྲགས་ཡོང་བ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ལྗོངས་ཁམས་ཡག་པོ་མངོན་ཡོད།

མིག་སྔར། ལྷ་ཇོ་བོ་སྐྱེ་ཁམས་སློབ་གསོ་ས་ཚིགས་ཀྱིས་ཁྱོན་བསྡོམས་མི་ཁྲི་ལྷག་ལ་གསོ་སྦྱོང་བྱས་པ་དང་། ཡུལ་སྐོར་པ་དང་ཞིབ་འཇུག་སློབ་སྦྱོང་རུ་ཁག་གི་མི8000ལྷག་སྣེ་ལེན་བྱས། གནས་འདི་ནི་འབྲོག་པ་མང་ཚོགས་ཀྱིས་ཁྱིམ་གཞིས་ལ་རྒྱུས་ལོན་བྱེད་པའི་རང་བྱུང་ཁམས་ཀྱི་སློབ་ཐུན་ཆེན་མོ་ཞིག་ཏུ་གྱུར་ཡོད་ལ། ཡུལ་སྐོར་པས་གཙང་གསུམ་འབྱུང་ཡུལ་ལ་རྒྱུས་ལོན་དང་འབྲོག་པའི་འཚོ་བར་མྱོང་རོལ་བྱེད་སའི་སྒེའུ་ཁུང་དུའང་གྱུར་ཡོད། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号