རྒྱལ་ཡོངས་ཀྱི་ཁུལ་རིམ་པའི་བོད་ཡིག་དཔེ་མཛོད་ཁང་ཆེ་ཤོས་རྔ་བ་ན་ཡོད།

ཉེ་ཆར། "རྔ་བར་མཇལ་འཛོམས། རིན་ཆེན་གཏེར་མཛོད་ཀྱི་གནས་མཆོག་འབར་ཁམས་འཚོལ་བ"ཞེས་པའི་གསར་འགྱུར་བཅར་འདྲི་ཚོ་ཆུང་རྔ་བ་ཁུལ་བོད་ཡིག་དཔེ་མཛོད་ཁང་དུ་སོང་ནས་བཅར་འདྲིའི་བྱེད་སྒོ་སྤེལ། རྔ་བ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་སྲ་བརྟན་གྱི་རྒྱབ་སྐྱོར་འོག་རྔ་བ་ཁུལ་རྩོམ་སྒྱུར་ཅུའུ་ཡིས་བཙུགས་པའི་རྔ་བ་ཁུལ་བོད་ཡིག་དཔེ་མཛོད་ཁང་འདི་ནི་རྒྱལ་ཡོངས་ཀྱི་ཁུལ་རིམ་པའི་བོད་ཡིག་དཔེ་མཛོད་ཁང་ཆེ་ཤོས་དེ་ཡིན་ལ་རྒྱལ་ཡོངས་ཀྱི་བོད་རིགས་རང་སྐྱོང་ཁུལ་དུ་བོད་ཡིག་དཔེ་མཛོད་ཁང་མེད་པའི་སྟོང་ཆའང་བསྐངས།

རྒྱུས་ལོན་པ་ལྟར་ན། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་བོད་ཡིག་དཔེ་མཛོད་ཁང་ནི2021ལོར་ལེགས་འགྲུབ་བྱུང་ཞིང་།   དཔེ་མཛོད་ཁང་གི་གཞི་ཁྱོན་ལ་སྨི་གྲུ་བཞི་མ4500ལྷག་ཡོད་པ་དང་། དཔེ་མཛོད་ཁང་དུ་དཔེ་དེབ་འབུམ་གཅིག་ལྷག་ཉར་ཚགས་བྱས་ཡོད།  དེའི་ཁྲོད་བོད་ཡིག་གི་གནའ་དཔེ་ཁྲི་ལྔ་དང་སྟོང་བཞི་ལྷག་ཡོད་ལ། བོད་ཡིག་དང་རྒྱ་ཡིག་གི་དཔེ་ཆ་ཁྲི་ལྔ་ལྷག་ཡོད། དཔེ་མཛོད་ཁང་དུ་དཔེ་གཟིགས་ཁང་དང་བྱིས་པའི་ལྟ་ཀློག་ཁུལ། བོད་ཡིག་གནའ་དཔེ་ཉར་ཚགས་ཁང་། གཟུགས་འདུས་རིག་གནས་ཤུལ་བཞག་གི་ལས་སྒྲུབ་ཁང་། དཔེ་རྙིང་ཉམས་གསོ་ཁང་། རིག་གནས་འགྲེམས་སྟོན་ཁང་། རིག་གཞུང་སྙན་ཞུ་ཁང་བཅས་ཡོད་པ་དང་། དཔེ་གཟིགས་དང་དྲིལ་སྒྲོག སློབ་གསོ། ཞིབ་འཇུག་བཅས་གཞི་གཅིག་ཏུ་འདུ་བའི་དཔེ་མཛོད་ཁང་ཞིག་རེད།

རྔ་བ་ཁུལ་བོད་ཡིག་དཔེ་མཛོད་ཁང་དུ་བོད་ཡིག་གི་རྩ་ཆེའི་དཔེ་རྙིང་འབོར་ཆེན་ཉར་ཚགས་བྱས་ཡོད་པ་དང་། དཔེ་རྙིང་དེ་དག་ནི་བོད་ཀྱི་ལོ་རྒྱུས་དང་རིག་གནས།  ཆོས་ལུགས། མཚན་ཉིད་རིག་པ་སོགས་ལ་ཞིབ་འཇུག་བྱེད་པར་མེད་དུ་མི་རུང་བའི་དཔྱད་ཡིག་གལ་ཆེན་ཡིན། ཆེད་ལས་ཀྱི་ཉར་ཚགས་དང་ཉམས་གསོའི་ལག་རྩལ་ལ་བརྟེན་ནས་དཔེ་རྙིང་དེ་དག་མི་རབས་རྗེས་མར་རྒྱུན་འཛིན་ཐུབ་པ་དང་མི་རབས་རྗེས་མས་མུ་མཐུད་དུ་སློབ་སྦྱོང་དང་ཞིབ་འཇུག་བྱེད་ཐུབ་པར་ཆ་རྐྱེན་ལེགས་པོ་བསྐྲུན་ཡོད། 

དེ་མིན་ཚན་རྩལ་འཕེལ་རྒྱས་ཕྱིན་པ་དང་ཆབས་ཅིག རྔ་བ་ཁུལ་བོད་ཡིག་དཔེ་མཛོད་ཁང་གིས་ཀྱང་གྲངས་འཛིན་དཔེ་མཛོད་ཁང་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད་པ་དང་། གཞི་གྲངས་ཅན་གྱི་ལག་རྩལ་ལ་བརྟེན་ནས་སྲོལ་རྒྱུན་གྱི་ཤོག་བུའི་ཚད་ལྡན་ཡིག་ཆ་གློག་རྡུལ་ཐོན་ཁུངས་སུ་བསྒྱུར་དེ་ཀློག་པ་པོས་དུས་དང་རྣམ་པ་ཀུན་ཏུ་ལྟ་ཀློག་དང་སློབ་སྦྱོང་བྱ་རྒྱུར་སྟབས་བདེ་བསྐྲུན་ཡོད་པར་མ་ཟད། དཔེ་མཛོད་ཁང་གི་ཐོན་ཁུངས་མཉམ་སྤྱོད་བྱེད་པར་མཐུན་རྐྱེན་བསྐྲུན་དེ་ཞབས་ཞུའི་ཁྱབ་ཁོངས་དང་ཤུགས་རྐྱེན་ཐེབས་ཤུགས་ཀྱང་རྒྱ་ཆེར་གཏོང་བཞིན་ཡོད།

སྤྱིར་དཔེ་མཛོད་ཁང་གིས་ཕུན་སུམ་ཚོགས་པའི་ལོ་རྒྱུས་རིག་གནས་འབོར་ཆེན་ཞིག་ཐེག་ཡོད་པ་མ་ཟད་མིའི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་། རིག་གཞུང་ཞིབ་འཇུག་དང་སྤེལ་རེས། དེ་མིན་སློབ་གསོ་དང་ཁྱབ་གདལ་སོགས་ཐད་དུ་ཚབ་བྱེད་ཐབས་བྲལ་བའི་ནུས་པ་གལ་ཆེན་ཞིག་འདོན་སྤེལ་བྱེད་བཞིན་ཡོད་པས་དེ་ནི་རིག་གནས་དར་སྤེལ་གཏོང་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པར་མ་ཟད། འདས་ཟིན་པ་དང་འབྱུང་འགྱུར་སྦྲེལ་མཐུད་བྱེད་པ་དང་སྲོལ་རྒྱུན་དང་དེང་རབས་སྦྲེལ་མཐུད་བྱེད་པའི་ཟམ་པ་ལྟ་བུ་ཞིག་ཀྱང་ཡིན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号