བུ་རབས་ཚ་རྒྱུད་ནས་བསྐྱངས་པའི་སོར་མོའི་འདུ་བྱེད།

ངོ་མཚར་སྟོང་གིས་ཕྱུག་ཅིང་ཁྱད་མཚར་ཁྲི་ཡིས་སྐང་བའི་མདོ་དབུས་མཐོ་སྒང་འདིར་རིག་གནས་ཀྱི་སྣང་ཚུལ་སྣ་ཚོགས་པ་ཞིག་ཡོད་པ་དག་ནི་མི་རིགས་འདིའི་རིག་གནས་ཀྱི་མཚོན་ཐབས་ཐུན་མོང་མ་ཡིན་པ་ཞིག་ཡིན་ལ། དེའི་རྒྱུན་མ་ཉམས་པར་ད་ལྟའི་བར་རྒྱུན་འཛིན་དང་འཕེལ་རྒྱས་བཏང་ནས་མི་རིགས་འདིའི་འཚོ་བ་དང་སྤྱི་ཚོགས་ཀྱི་ཆ་ཤས་ཤིག་ཏུ་འགྱུར་ཡོད་པ་མ་ཟད། དེ་དག་ལ་སློབ་གསོ་དང་མཛེས་དཔྱོད་ཀྱི་ནུས་པ་མི་དམན་པ་ཞིག་ཀྱང་ལྡན་ཡོད། དེ་རིང་ང་ཚོས་རྒྱ་ཆེའི་དྲ་གྲོགས་རྣམ་པར་མཚོན་བྱེད་རང་བཞིན་ལྡན་པའི་རྡོ་བརྐོས་བཟོ་རྩལ་གྱི་རྒྱུན་འཛིན་པའི་སྒྱུ་རྩལ་གྱི་འཇིག་རྟེན་དུ་གདན་ དྲངས་ཏེ་ཁོང་རྣམ་ཚོས་བེམ་པོ་རྡོ་ལ་སྒྱུ་རྩལ་གྱི་རྣམ་ཤེས་འཇུག་པའི་གཏམ་རྒྱུད་ཅིག་ངོ་སྤྲོད་ཞུས་ནས་སྒྱུ་རྩལ་པ་ཚོས་རྡོ་བརྐོས་སྒྱུ་རྩལ་ལ་བཅངས་པའི་དགའ་ཞེན་མྱོང་ཚོར་ཐུབ་པ་བྱ་རྒྱུ་ཡིན།  

གཏམ་རྒྱུད་དེ་ནི་དུས་རབས་18པའི་དུས་དཀྱིལ་ནས་འགོ་བརྩམས་ཤིང་།  དེ་ཡང་བོད་ལྗོངས་སྟེང་ཆེན་རྫོང་གི་ཡར་འགག·ཉ་རྒྱས་ནི་ཡར་འགག་ཚང་གི་རྡོ་བརྐོས་བཟོ་རྩལ་གྱི་སྲོལ་འབྱེད་མཁན་ཞིག་ཡིན་པའི་ངོས་ནས་སོར་མོའི་འདུ་བྱེད་ལས་རྡོ་ཐོག་ཏུ་མ་ཎི་ཡིག་དྲུག་ཐོག་མ་དེ་བརྐོས་ནས་སྒྱུ་རྩལ་གྱི་ལམ་དེར་འཇུག་འགོ་བརྩམས།  ལོ་རབས་དེར་བོད་ཁུལ་གྱི་ས་ཆ་མང་པོར་ཐུང་བ་མ་ཎི་རྡོ་བརྐོས་ནས་རིང་བ་བཀའ་བསྟན་རྡོ་བརྐོས་བར་རྡོ་བརྐོས་བྱེད་སྲོལ་ཡོད་པ་མ་ཟད། དེ་ནི་ལོ་རྒྱུས་ཀྱི་འགྱུར་རྡོ་གསོན་པོ་ཞིག་དང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དཔང་པོ་ཞིག་ཀྱང་ཡིན།     ཡར་འགག·ཉ་རྒྱས་ཀྱི་སྒྱུ་རྩལ་བརྩམས་ཆོས་ནང་ཐོག་མའི་སྟབས་བདེའི་མ་ཎི་རྡོ་བརྐོས་ནས་རིམ་བཞིན་རྙོག་འཛིང་ཆེ་བའི་འབུར་བརྐོས་སྒྱུ་རྩལ་བར་ཁོང་གིས་སྒྱུ་རྩལ་ལ་བཅངས་པའི་སྤྲོ་སྣང་དང་འཚོ་བར་བཅངས་པའི་དགའ་ཞེན་མཚོན་ཡོད།     ཁོང་གིས་རྒྱུན་འཛིན་པ་མི་རབས་རྗེས་མ་ཚོར་རྡོ་བརྐོས་ནི་འཚོ་ཐབས་ཀྱི་ལག་རྩལ་ཙམ་མ་ཡིན་པར་སེམས་ཁམས་ཀྱི་བརྟེན་ས་དང་མཛེས་སྡུག་གི་དོན་གཉེར་བྱེད་ས་ཞིག་ཡིན་པའི་སྒྱུ་རྩལ་གྱི་རིན་ཐང་དང་མི་ཚེའི་རིན་ཐང་གི་བློ་སྒོ་ཡངས་པོར་ཕྱེ་ཡོད།  

དུས་ཀྱི་འཁོར་ལོའི་བགྲོད་དང་བསྟུན་དུས་རབས་21པར་ཡར་འགག་ཚང་གི་རྒྱུད་འཛིན་པ་མི་རབས་དྲུག་པ་འཕྲིན་ལས་མཆོག་རྒྱལ་གྱིས་ཕ་མེས་ཀྱི་སྒྱུ་རྩལ་ལག་རྒྱུན་ཁབ་ཤུལ་སྐུད་སྣོན་གྱིས་མ་ཉམས་རྒྱུན་འཛིན་བྱས་པ་མ་ཟད་། མེས་པོ་ཚོ་དང་མི་འདྲ་བ་ཞིག་ལ་ཁོང་གིས་རྡོ་བརྐོས་སྒྱུ་རྩལ་ལ་དུས་རབས་དང་འཚམས་པའི་འཚོལ་ཞིབ་དང་གསར་གཏོད་བྱེད་ཕོད་པ་བྱས་ཡོད། སྙོག་འཛིང་ཆེ་ཞིང་འགྱུར་ལྡོག་འགྲོ་མགྱོགས་པའི་དུས་རབས་ཀྱི་རྒྱབ་ལྗོངས་འོག་གསར་གཏོད་བྱས་ཚེ་གཞི་ནས་གནའ་བོའི་སྒྱུ་རྩལ་ལ་དུས་རབས་དང་མཐུན་པའི་སྒྱུ་རྩལ་གྱི་རྣམ་ཤེས་མཇུག་ཐུབ་ལ་ཇི་སྲིད་སྒྱུ་རྩལ་གྱི་དངོས་པོ་མ་ཉམས་བར་དེ་སྲིད་སྒྱུ་རྩལ་གྱི་རིན་ཐང་གཞལ་མེད་དུ་གནས་ཐུབ།  དེར་བརྟེན་ཁོང་གིས་ཧོ་ནན་ཀྲེན་ཕིང་དུ་བསྐྱོད་དེ་སྔོན་ཐོན་གྱི་གཡང་ཊིའི་བརྐོས་དཀྲོལ་ལག་རྩལ་སློབ་སྦྱོང་གནང་ནས་སྲོལ་རྒྱུན་དང་དེང་རབས་གཉིས་ཆུ་ལ་ཆུ་བཞག་གི་ཚུལ་དུ་མཉམ་འདྲེས་ཐུབ་པ་བྱས་ཐོག་མི་རིགས་ཀྱི་ཁྱད་ཆོས་ལྡན་ལ་དུས་རབས་ཀྱི་ཉམས་འགྱུར་མངོན་པའི་རྡོ་བརྐོས་བརྩམས་ཆོས་གསར་གཏོད་གནང་བ་རེད།     

འཕྲིན་ལས་མཆོག་རྒྱལ་གྱི་བཟོ་ཁང་ནང་སྤྱིར་བཏང་གི་བ་སོ་གཡང་ཊི་རེ་རེ་ཡང་ཁོང་གི་ཞིབ་མོའི་བློ་དང་བྱང་ཆུབ་པའི་སོར་མོའི་འདུ་བྱེད་ལས་བྱོན་ལེགས་པའི་སྐུ་བརྙན་དང་།  ཞིབ་ཚགས་པའི་མཛེས་ཆས་སོགས་ཉམས་འགྱུར་འབུམ་གྱིས་ཕྱུག་པའི་སྒྱུ་རྩལ་བརྩམས་ཆོས་དུ་མ་འཁྲུངས་ཡོད།    བརྩམས་ཆོས་དེ་དག་ཚང་མ་ལས་ཁོང་གིས་རྡོ་བརྐོས་སྒྱུ་རྩལ་ལ་གོ་བ་གཏིང་ཟབ་ལེན་པ་དང་མཛེས་སྡུག་ལ་རེ་སྙེག་ཚད་མེད་བྱེད་པ་མཚོན་ཡོད།     ཁོང་གིས་ང་ཚོ་རྡོ་བརྐོས་སྒྱུ་རྩལ་པ་ཞིག་གི་ངོས་ནས་བཤད་ན་རྡོ་ལ་ཚེ་སྲོག་ཡོད་པའི་ཚོར་སྣང་ཡོང་གི་འདུག་ཅེས་རྟག་ཏུ་བརྗོད་ཀྱི་ཡོད།   ཁོང་གི་བཀའ་མོལ་དེ་ལས་དེ་ནི་ཁོང་གིས་རྡོ་བརྐོས་སྒྱུ་རྩལ་ལ་བཅངས་པའི་དགའ་ཞེན་ཞིག་དང་སྒྱུ་རྩལ་དེས་ཁོང་ལ་སྦྱིན་པའི་སྤྲོ་སྣང་ཞིག་ཡིན་གཤིས། དེས་ཁོང་གི་རྡོ་བརྐོས་སྒྱུ་རྩལ་གྱི་ལམ་ཐག་ཇི་རིང་དང་མི་ཚེའི་རིན་ཐང་ཇེ་མཐོར་ཕྱིན་ཡོད།  

འཕྲིན་ལས་མཆོག་རྒྱལ་དང་འདྲ་བའི་བོད་ཀྱི་རྡོ་བརྐོས་བཟོ་རྩལ་རྒྱུན་འཛིན་བྱེད་མཁན་ཚོས་རྒྱུན་གཏན་གྱི་འཚོ་བའི་ཁྲོད་ས་འཁྱགས་གདན་ལ་བཏིང་བཞིན་རྡོ་འཁྱགས་སྔས་སུ་བྱས་ཏེ་ཁོང་ཚོའི་ལག་ཟུང་དང་བློ་གྲོས་ལ་བརྟེན་ནས་བེམ་པོའི་རྡོ་ལ་སྒྱུ་རྩལ་གྱི་ཚེ་སྲོག་དང་རིན་ཐང་གི་རྣམ་ཤེས་བཅུག་ཡོད། ཁོང་ཚོའི་གཏམ་རྒྱུད་ནི་རྡོ་བརྐོས་སྒྱུ་རྩལ་གྱི་རིན་ཐང་དང་ཡབ་མེས་ཀྱི་བློ་གྲོས་གླེང་བའི་གཏམ་རྒྱུད་ཅིག་ཡིན་པས་གོམ་སྟབས་མགྱོགས་པའི་དེང་རབས་འཚོ་བའི་ཁྲོད་ང་ཚོས་གོམ་སྟབས་ཅུང་དལ་དུ་བཏང་ནས་བཟོ་རྩལ་མཁས་ཅན་དེ་དག་གི་སྒྱུ་རྩལ་གྱི་འཇིག་རྟེན་དུ་བསྐྱོད་དེ་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པའི་གཏམ་རྒྱུད་གསན་པ་དང་རྡོ་བརྐོས་སྒྱུ་རྩལ་གྱི་འོད་ཟེར་མཐོང་ཞིང་རིན་ཐང་འཚོར་བར་བྱེད་འོས་སོ། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号