དེ་རིང་། ལྟད་མོ་ཟེར་བ་དེ་བྲག་འགོ་རྫོང་ན་གདའ།

བྲག་འགོའི་འོང་སྐོར་དགྱེས་ཚོགས་སུ། གླུ་དང་གར་གྱི་སྟོན་མོ་བཤམས། ཤེལ་ཆུའི་རླབས་སྒྲ་སྙན་མོ་ཡིས། དགྱེས་འཛོམས་འདིར་ཤེས་དཔལ་བསྩལ། 2024ལོའི་བྲག་འགོ་རྫོང་གི་འོང་སྐོར་དམངས་སྲོལ་རིག་གནས་བྱེད་སྒོ་དེ་ཟླ7པའི་ཚེས23ཉིན་དངོས་སུ་སྤེལ་འགོ་ཚུགས་ཡོད།

ད་ཐེངས་ཀྱི་དམངས་སྲོལ་རིག་གནས་བྱེད་སྒོ་འདི་ཀྲུང་གུང་བྲག་འགོ་རྫོང་ཨུད་དང་བྲག་འགོ་རྫོང་མི་དམངས་སྲིད་གཞུང་གིས་སི་ཁྲོན་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་དང་མཉམ་དུ་སྤེལ་ཞིང་། དགྱེས་ཚོགས་འདིར་འགོ་ཚུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན་དང་བྲག་འགོ་གཡང་ལྡན་ཕྱུག་མོའི་གླུ་དབྱངས་རོལ་ཚོགས། དེ་བཞིན་བྲག་འགོ་རྫོང་གི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་དགྱེས་སྟོན་ལས་བྲག་འགོར་ནོར་བུ་ཡོད་ཅེས་པའི་མཉམ་འདྲེས་སྨྱན་སྦྱོར་གྱི་ཐད་གཏོང་ཆེ་གྲས་བཅས་བྱེད་སྒོ་ཁག་གསུམ་གྲ་སྒྲིག་བྱས་ཡོད།

ད་ལོའི་འོང་སྐོར་དམངས་སྲོལ་རིག་གནས་བྱེད་སྒོའི་ཁྲོད་གོང་གསལ་གྱི་བརྗོད་བྱ་གཙོ་བོའི་བྱེད་སྒོ་ཆེན་པོ་གསུམ་ཕུད། ད་དུང་འབྲི་གཡག་ལུས་རྩལ་འགྲན་ཚོགས་དང་། པར་མིག་ནང་གི་བྲག་འགོ་ཞེས་པའི་བརྙན་པར་འགྲེམ་སྟོན། སི་ཁྲོན་ནུབ་རྒྱུད་ཀྱི་ཡུལ་ཟོག་ཐོན་རྫས་འགྲེམ་འཚོང་། ཀྲུང་ནེའི་བཟོ་རྩལ་ཐོན་རྫས་མཉམ་འབྲེལ་འགྲེམ་སྟོན། བྲག་འགོའི་རྐང་ཐང་འགྲན་བསྡུར་ཆེན་མོ། བྲག་འགོའི་སྐབས་དང་པོའི་བོད་རིགས་ཀྱི་གྱོན་ཆས་རིག་གནས་དུས་ཆེན། བྲག་འགོའི་ཡུལ་ཚོ་བཞིའི་སྐོར་བྲོ་འཁྲབ་སྟོན་སོགས་བྱེད་སྒོ་ཁག་བཅུ་གཉིས་ཙམ་ཡོད། 

སྒོས་སུ་ཞུ་དགོས་པ་ཞིག་ནི། གྲོང་ཚོ་ཁག་གི་གླུ་གར་འཁྲབ་སྟོན་འགོ་ཚུགས་མ་ཐག་བྲག་འགོ་རྫོང་ནི་གླུ་གར་གྱི་རྒྱ་མཚོར་གྱུར་ཡོད། རྫོང་དེ་ཡོངས་ཀྱི་གྲོང་ཚོ18ནས་ཕེབས་པའི་འཐུས་མི་རྣམས་ཀྱིས་མི་རིགས་རྒྱན་གོས་ལེགས་པར་སྤྲས་ནས་ངག་གི་འགྱུར་ཁུག་སྙན་མོ་དང་ལུས་ཀྱི་སྟངས་སྟབས་ཡག་མོ་ཕ་ཡུལ་ལ་ཕུལ་ཞིང་། གང་དེ་དང་ལང་ལོང་དུ་རྒྱུག་པའི་ཤེལ་ཆུ་གཙང་པོས་མཉམ་དུ་མི་སེམས་འགུལ་བའི་པར་རིས་ཤིག་གྲུབ་ཡོད། ད་ཐེངས་ཀྱི་འཁྲབ་སྟོན་འདིའི་དམིགས་ཡུལ་ནི་ས་གནས་དེ་གའི་མང་ཚོགས་ཀྱི་རིག་གནས་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་མངོན་པར་བྱེད་ཆེད་དང་། ཡུལ་སྐོར་ཐོག་རོལ་དབྱངས་དང་ཚོང་དོན། འགྲན་བསྡུར་བཅས་སྣོན་པའི་དཔེ་རྣམ་བརྒྱུད་བྲག་འགོའི་ཕུན་སུམ་ཚོགས་པའི་རིག་གནས་དང་། ལུས་རྩལ། ཡུལ་སྐོར་སོགས་ཀྱི་ཐོན་ཁུངས་ཕྱོགས་ཡོངས་ནས་འགྲེམ་སྟོན། ས་གནས་དེ་གའི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་མཚོན་པར་བྱེད་པ། བྲག་འགོ་རྫོང་གི་ཤུགས་རྐྱེན་དང་སྙན་གྲགས་ཆེ་རུ་གཏོང་ཆེད་ཡིན། ཤེས་རྟོགས་བྱུང་བར་གཞིགས་ན། བྲག་འགོ་བ་ཁྲི་4.7ཙམ་བྱེད་སྒོ་དེའི་ནང་ཞུགས་ཤིང་ཁོང་ཚོས་ཡུལ་དངོས་ནས་དགའ་བའི་འཛུམ་མདངས་དང་སྐྱིད་པའི་གླུ་གར་གྱི་ཐོག་ནས་འཛམ་གླིང་ལ་བྲག་འགོ་ཡི་སྤྲོ་སེམས་དང་གསོན་ཤུགས་བརྒྱུད་སྤྲོད་བྱས་ཡོད།

བྲག་འགོར་ལ་གླུའི་ཕ་ས་དང་གསར་བརྗེ་ཐང་གའི་འབྱུང་གནས། དེ་བཞིན་ཐུན་མིན་བོད་ཁང་མཛེས་ལྗོངས་ཁུལ་ཞེས་པའི་མཚན་སྙན་ཐོབ་ཅིང་། འདི་གའི་ལ་གླུ་དང་གནའ་བྲོ། ཐང་ག བོད་ཁང་འཛུགས་སྐྲུན་བཅས་སུ་བྲག་འགོ་བའི་བརྩེ་དུང་དང་བློ་གྲོས་འདུས་ཡོད་པ་མ་ཟད། དེ་དག་ལས་དྲན་ཤེས་ནང་ཉར་བའི་གནའ་བོའི་འབོད་སྒྲ་ཡང་ཐོས་ཐུབ།

དཀར་མཛེས་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། བྲག་འགོ་རྫོང་ཨུད་ཀྱི་ཧྲུའུ་ཅི་དགེ་ལེགས་རྡོ་རྗེས་འགོ་ཚུགས་མཛད་སྒོའི་ཐོག ཉེ་བའི་ལོ་ཤས་རིང་བྲག་འགོ་རྫོང་གིས་དུས་རབས་གསར་པའི་དམངས་ཁྲོད་རིག་གནས་རྒྱུན་འཛིན་འཕེལ་རྒྱས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ཐོག་མཐའ་བར་གསུམ་དུ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཐོག རིག་གནས་ཡུལ་སྐོར་དེ་རྫོང་ཁོངས་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་པོའི་ངང་གོང་འཕེལ་གཏོང་བའི་སྒུལ་བྱེད་འཕྲུལ་འཁོར་གལ་ཆེན་ཞིག་ཏུ་བརྩིས་པ་དང་། མཛེས་ལྗོངས་མེ་ཏོག་ལྔ་ཞེས་པའི་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་རྣམ་པ་གསར་དུ་བཏོད་པ་མ་ཟད། རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང་(བྲག་འགོ་དུམ་བུ་)འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་བ། ཆེ་བ་གསུམ་དང་ཆུང་བ་གསུམ་ཞེས་པའི་རིག་གནས་རིན་ཐང་སྔོག་འདོན་གཏིང་ཟབ་བྱས་པ། ལ་གླུའི་རིག་གནས་དང་། བོད་ཁང་རིག་གནས། ཐང་གའི་རིག་གནས་བཅས་ཁྱད་ལྡན་མིང་བྱང་གསུམ་གྱི་བཀྲག་མདངས་སྔར་བས་འཚེར་བ་བཅས་བྱས་ཏེ། ས་ཁོངས་ཡོངས་ཀྱི་ཡུལ་སྐོར་གྱི་སྙན་གྲགས་དང་ཤུགས་རྐྱེན་ཁྱོན་ཡོངས་ནས་ཆེ་རུ་བཏང་ཡོད་ཅེས་གསུངས་འདུག

ཤེས་རྟོགས་བྱུང་བར་གཞིགས་ན། བྲག་འགོ་རྫོང་གིས་ཐོག་མཐའ་བར་གསུམ་དུ་རིག་གནས་ལ་བརྟེན་ནས་ཡུལ་སྐོར་གཏོད་པ་དང་། ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་པར་བྱེད་པའི་འདུ་ཤེས་རྒྱུན་འཛིན་བྱས་ཏེ། ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྱབ་གདལ་དང་རྒྱུན་འཛིན་བྱ་རྒྱུར་གཞོལ་ནས་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་ཧུར་ཐག་བྱེད་པ་དང་། མཐུན་སྒྲིལ་འབྱོར་ཕྱུག་ཞི་མཐུན་མཛེས་སྡུག་དང་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བྲག་འགོ་གསར་པ་ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་བྱས་དང་བྱེད་མུས་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号