ལྷ་སའི་ལྷོ་བྱང་རི་ལྗང་སྒྱུར་རྣམ་གྲངས་ཀྱིས་མཐོ་སྒང་གི་སྐྱེ་ཁམས་རི་མོ་གསར་བ་བསྐྲུན་པ།

ལྷོ་རི་སྤྱི་གླིང་ནི་ལྷ་སའི་ལྷོ་བྱང་རི་ལྗང་སྒྱུར་རྣམ་གྲངས་ཀྱི་གྲུབ་འབྲས་གཙོ་བོ་ཞིག་ཡིན་པ་མ་ཟད། བོད་ལྗོངས་ཀྱིས་གཏིང་ཟབ་པའི་ངང་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་དོན་ལག་ལེན་དོན་འཁྱོལ་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་མཐོ་ས་བསྐྲུན་པའི་མཚོན་བྱེད་ཅིག་ཡིན། 

ལྷོ་རི་སྤྱི་གླིང་གི་ཟུར་ཞིག

ལྷ་སའི་ལྷོ་བྱང་རི་ལྗང་སྒྱུར་རྣམ་གྲངས་ནི་བོད་ལྗོངས་ཀྱི་གཞི་ཁྱོན་ཅན་གྱི་རི་ངོས་ནས་སྡོང་འཛུགས་ནགས་སྐྲུན་བྱས་པའི་སྐྱེ་ཁམས་སླར་གསོ་རྣམ་གྲངས་ཐོག་མ་ཡིན་པ་མ་ཟད། མི་རིགས་སོ་སོའི་མང་ཚོགས་ཀྱི་བདེ་སྐྱིད་འཕར་སྣོན་བྱུང་བའི་དམངས་འཚོ་རྣམ་གྲངས་གལ་ཆེན་ཡིན། རྣམ་གྲངས་དེ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དང་སྟོད་ལུང་བདེ་ཆེན་ཆུས། སྟག་རྩེ་ཆུས། ཆུ་ཤུར་རྫོང་། མལ་གྲོ་གུང་དཀར་རྫོང་། ལྷུན་གྲུབ་རྫོང་། ལྷོ་ཁའི་སྣ་དཀར་རྩེ་རྫོང་། གུང་དཀར་རྫོང་སོགས་ཀྱི་གྲོང་རྡལ35དང་འབྲེལ་བ་ཡོད། 2021ལོར་དངོས་སུ་སྐྲུན་མགོ་ཚུགས་པ་དང་འཆར་གཞི་ལྟར་ན་ལོ་བཅུ་བེད་སྤྱད་དེ་རྒྱལ་ཁོངས་ལྗང་སྒྱུར་རྒྱ་ཁྱོན་མུའུ་ཁྲི206.72མངོན་འགྱུར་བྱས་ནས“ལོ་ལྔ་ལ་རི་ཀླུང་ཀུནལྗང་སྒྱུར་དང་། ལོ་བཅུ་རིང་ལྗང་མདོག་གིས་ལྷ་ས་ཁེབས་པའི”དམིགས་འདུན་མངོན་འགྱུར་བྱ་རྒྱུ་རེད། མིག་སྔའི་བར་དུ་སྡོང་འཛུགས་ནགས་སྐྲུན་རྒྱ་ཁྱོན་མུའུ་ཁྲི57ཟིན་ནས་ཡོ་འབོག་དཀར་པོ་དང་སྣུ་གསོམ། སྟར་བུ་སོགས་ཀྱི་རིགས་སོ་སོའི་ཤིང་སྡོང་སྡོང་རྐང་ཁྲི8600ལྷག་བཙུགས་ཡོད།

རྣམ་གྲངས་མགོ་བརྩམས་པ་ནས་བཟུང་། སྔོན་ལ་བྱུང་མ་མྱོང་བའི་མྱུར་ཚད་དང་གཞི་ཁྱོན་གྱིས་སྐུལ་འདེད་གཏོང་བཞིན་ཡོད་པས་སྔོན་ཆད་ཀྱི་ཐང་རྒོད་ད་ལྟ་ལྗང་མདོག་གིས་ཁེབས་ཡོད། “ལྗང་མདོག་རྨང་གཞི”མུ་མཐུད་དུ་འཕར་བཞིན་ཡོད། ཉེ་ཆར། གསར་འགོད་པས་ལྷོ་རི་སྤྱི་གླིང་གི་སྡོང་སྲུང་བཀྲ་ཤིས་ཆོས་འཕེལ་ལ་བཅར་འདྲི་བྱས་ཤིང་། ཁོས་དངོས་གནས་རླབས་ཆེན་གྱི་རྣམ་གྲངས་འདིའི་འགྱུར་ལྡོག་བདེན་དཔང་བྱས།

ལྷོ་རི་སྤྱི་གླིང་གི་ལྗོངས་གཟིགས་སྟེགས་བུ་ནས་ལྷ་ས་གྲོང་ཁྱེར་ལ་གཟིགས་པ།

ཁོའི་ལས་དོན་སྐོར་འདྲི་དུས། བཀྲ་ཤིས་ཆོས་འཕེལ་རྒྱས་སྤོབས་བསམ་གྱིས“སྡོང་འཛུགས་དུས་ཚིགས་མགོ་བརྩམས་པ་ནས་བཟུང་ང་ཚོ་ཡང་བྲེལ་བ་ཤིན་ཏུ་ཆེ་ཞིང་། བར་སྣང་ནས་སྡོང་འཛུགས་ཐབས་སྤྱད་པ་དང་ཡང་ན་མི་བཟོའི་ཐབས་ལམ་གང་ཞིག་ཡིན་རུང་། ང་ཚོའི་དམིགས་ཡུལ་ནི་སྡོང་བོ་རེ་རེ་སྐྱེས་ཚུལ་ཡག་པ་འགན་སྲུང་བྱེད་བཞིན་ཡོད ”ཟེར། ཁོང་གིས་ས་བབ་མི་གཅིག་པ་དང་ས་དབྱིབས་ཁྱད་པར་ལྡན་པས་སྡོང་འཛུགས་དང་དོ་དམ་སྲུང་སྐྱོང་ཡང་མི་གཅིག་པ་ཡིན། ས་བདེ་ཐང་བདེ་རུ་འཕྲུལ་ཆས་དང་མི་ཤུགས་ཟུང་འབྲེལ་བྱེད་པའི་ཐབས་སྤྱོད་པ་དང་། རི་གཟར་པོ་སྟེང་དུ་སྡོང་སྨྱུག་དང་ལུས་རྫས་དྲེལ་ལ་བཀལ་ནས་སྐྱེལ་འདྲེན་བྱས་པ་ཡིན་ཞེས་ངོ་སྤྲོད་བྱས། ཁོས་གཞན་ཡང“རྒྱུན་པར་ང་ཚོས་གད་སྙིགས་འཐུ་པ་དང་། མི་ཏོག་དང་རྩྭ་རྩི་ཤིང་ལ་ཁོར་ཡུག་ཡག་པོ་ཞིག་བསྐྲུན་ཚེ་དེ་དག་ད་གཟོད་སྐྱེས་ཐུབ”ཅེས་བཀྲ་ཤིས་ཆོས་འཕེལ་རྒྱས་དགོད་བཞིན་དེ་ལྟར་བཤད། “སྡོང་སྨྱུག་དེ་དག་ཉིན་རེར་སྐྱེས་པ་མཐོང་ཚེ་རང་གི་བྱིས་པ་འཚར་ལོངས་བྱུང་བ་དང་མཚུངས། སྡོང་བོ་བཙུགས་རྗེས་རི་དྭགས་ཆུང་ཆུང་ཡང་མང་དུ་ཕྱིན་པ་རེད”ཟེར།

ལྷོ་རི་སྤྱི་གླིང་ནས་ཕོ་བྲང་པོ་ཏ་ལར་གཟིགས་པ།

ཁོ་ཚོས་བཙུགས་པའི་སྡོང་སྨྱུག་ནི་རེ་བའང་ཡིན་ལ། ཁོ་ཚོ་ནི་དེ་སྲུང་མཁན་དང་བདེ་དཔང་བྱེད་མཁན་ཡིན་པ་མ་ཟད། སྐྱེ་ཁམས་ཁེ་བཟང་གི་ཕན་ཐོགས་མཁན་ཡིན། ལྷ་སའི་ལྷོ་བྱང་རི་ལྗང་མདོག་རྣམ་གྲངས་ཀྱིས་གྲོང་ཁྱེར་གྱི་ཁོར་ཡུག་མཛེས་སྡུག་ཏུ་བཏང་བ་མ་ཟད། ས་གནས་སྡོད་དམངས་ལ་ལས་ཞུགས་ཀྱི་གོ་སྐབས་ཀྱང་བསྐྲུན། ལས་གཞི་མགོ་བཙུགས་པ་ནས་བཟུང་མང་ཚོགས་མི་ཐེངས་ཁྲི550མགོ་ཁྲིད་དེ་འབབ་འཕར་སྒོར་དུང་ཕྱུར19.3བསྐྲུན་ནས་ཧུར་ཐག་གིས་སྐྱེ་ཁམས་དང་འབབ་འཕར“མཉམ་བསྐྱོད”དང་། ལྗང་སྣོན་དང་འཕེལ་རྒྱས“ཕྱོགས་གཉིས་ནས་རྒྱལ་ཁ”བླངས་པ་རེད། “སྡོང་འཛུགས་ནགས་སྐྲུན་བྱེད་པ་ནི་མི་རབས་རྗེས་མར་བདེ་སྐྱིད་སྐྲུན་པའི་ལས་དོན་ཡིན་པས། སྡོང་སྨྱུག་དེ་དག་སྡོང་རྒན་དུ་གྱུར་བ་མཐོང་ཚེ་ང་རང་ཡང་ཡིད་ཚིམ་པར་གྱུར”ཞེས་བཀྲ་ཤིས་ཆོས་འཕེལ་གྱིས་བཤད།

ལྷོ་རི་སྤྱི་གླིང་གི་ནགས་སྲུང་པས་ཡུར་མ་ཡུར་བཞིན་པ། 

མ་འོངས་པའི་འཆར་གཞི་སྐོར་བརྗོད་དུས། ལྷ་ས་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི་གཞོན་པའམ་ཅུའུ་ཀྲང་སྐལ་བཟང་ནོར་བུས། མ་འོངས་པར་མུ་མཐུད་དུ་བོད་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་བཀོད་འདོམས་པུའུ་ཡི་བླང་བྱ་བཞིན། 《ལྷ་སའི་ལྷོ་བྱང་རི་ལྗང་སྒྱུར་རྣམ་གྲངས་ཇུས་འགོད(2021ལོ་ནས2030ལོ)》ལྟར་ཚན་རིག་དང་མཐུན་པའི་ངང་དོ་དམ་གསོ་སྐྱོང་ཇུས་འགོད་བཙུགས་ནས། སྡོང་སྨྱུག་གསོན་ཚད་མཐོ་རུ་གཏོང་བ་དང་ཉེ་བའི་ལོ་འགའི་རིང་གི་ཉམས་མྱོང་དང་ཟུང་འབྲེལ་གྱིས་ད་ཡོད་ཆེད་མཁན་ལག་རྩལ་གྱི་སྟོབས་ཤུགས་ལ་བརྟེན་ནས། སྔར་ལས་ལྷག་པའི་སྒོ་ནས་ཚན་ཞིབ་སྡེ་ཚན་དང་མཉམ་འབྲེལ་གྱིས་ཙན་རྩལ་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཤུགས་ཡོད་ཚད་ཀྱིས་ལྷོ་བྱང་རིའི་ལྗང་སྒྱུར་ཕན་འབྲས་གསར་བ་ལེན་པར་སྐུལ་འདེད་བྱ་རྒྱུ་ཡིན་ཟེར། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号