སྒྱུ་རྩལ་བར་ཁྱམས་ཡངས་མོ་རུ། རིག་གནས་འཚོ་བར་མཉམ་དུ་རོལ།
“གནའ་གྲོང་ནས་ནོར་བུ་འཚོལ་བ”ཞེས་པའི་ལྷ་ས་གྲོང་ཁྱེར་གྱི་གནའ་རྫས་རྟོག་ཞིབ་ཀྱི་དྲ་ཕྱིའི་སྤྲོ་གསེང་བྱེད་སྒོ་སྤེལ་ཡུལ་ཡིན་ཞིང་། བྱེད་སྒོ་སྤེལ་རིང་གནའ་གྲོང་དུ་སྐྱོད་པ་དང་། གནའ་གྲོང་ཟིན་ཐོར་འགོད་པ། གནའ་གྲོང་ཡིག་ཐོག་ནས་མཚོན་པ། གནའ་གྲོང་ཤེས་རྟོགས་བཅས་ནང་དོན་དུ་བྱས་ནས། གྲོགས་པོ་ཆུང་ཆུང་དང་ཁྱིམ་བདག་ཚོའི་སྣེ་ཁྲིད་དེ་ཡུལ་གཞས་དང་། ས་བཀྲ། འདྲ་པར་རྙིང་པ་བཅས་ཀྱི་ཐོག་ནས་གནའ་གྲོང་གི་འདས་ཟིན་པའི་ལོ་རྒྱུས་ལ་ཤེས་རྟོགས་དང་མྱོང་རོལ་ཐུབ་པར་བྱས་ཏེ་ཕྲུ་གུ་ཚང་མས་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་གནའ་གྲོང་གི་ས་བཀྲ་རེ་བྲིས་ཡོད།
ཧི་མ་ཧི་མ་སྒྱུ་རྩལ་བར་ཁྱམས་ཀྱིས་བོད་ཀྱི་དམངས་སྲོལ་རིག་གནས་དགའ་མོས་པ་རྒྱལ་རྩེ་ཤར་མིག་དམར་དོན་གྲུབ་གདན་དྲངས་ནས་རིག་གཞུང་བགྲོ་གླེང་ཁང་དུ“ས་བཀྲའི་ནང་གི་ལྷ་སའི་གནའ་གྲོང་གི་སྐྲུན་དངོས་དང་། ས་མིང་། རིགས་རྒྱུད་བཅས་ཀྱི་དྲན་ཤེས”ཞེས་པའི་བྱེད་སྒོ་སྤེལ་བཞིན་པ།
ཧི་མ་ཧི་མ་སྒྱུ་རྩལ་བར་ཁྱམས་ཀྱིས“ཇ་ཁང་གི་གཞོན་ནུའི་སྒྱུ་རྩལ་དུས་ཆེན། སྐྱིད་སྐྱིད་ཁྲོམ་ཚོགས”ཞེས་པ་གཉེར་ཞིང་། འདི་ནི་གྲོང་མི་ཚོས་སྒྱུ་རྩལ་བརྩམས་ཆོས་ལ་ལྟ་བཞིན་པ།
“གལ་ཏེ་ང་རང་སྒྱུ་རྩལ་མཁས་ཅན་ཞིག་ཡིན་ན”ཞེས་པའི་ལོ་ཆུང་བྱིས་པའི་སྒྱུ་རྩལ་ལག་ལེན་བྱེད་སྒོ་སྤེལ་ཡུལ་ཡིན་ཞིང་། བྱེད་སྒོ་དེར་སྒྱུ་རྩལ་ཆེད་ལས་ཀྱི་ལས་བགོས་ངོ་སྤྲོད་དང་། འགྲེམས་སྟོན་ལྟ་སྐོར། མཛུབ་ཁྲིད་དགེ་རྒན་གྱིས་སློབ་ཁྲིད། གྲོགས་པོ་ཆུང་ཆུང་ཚོས་ས་གནས་ས་ཐོག་ཏུ་གསར་རྩོམ། སྤེལ་རེས་མཉམ་སྤྱོད་སོགས་བརྒྱུད་ཕྲུ་གུ་ཚོར་བཀག་རྒྱ་མེད་པར་སྒྱུ་རྩལ་གྱི་འཇིག་རྟེན་འཚོལ་ཞིབ་བྱ་རྒྱུའི་ལྕག་སྐུལ་བྱས་ཡོད།
ཧི་མ་ཧི་མ་སྒྱུ་རྩལ་བར་ཁྱམས་ཀྱིས་གློག་བརྙན《གཅིག་དང་བཞི》ཞེས་པའི་ལྷ་སའི་ཆེད་གཏོང་བྱེད་སྒོ་སྤེལ་བ་དང་འབྲེལ། འཁྲབ་ཁྲིད་པ་འགྱུར་མེད་འཕྲིན་ལས་དང་། འཁྲབ་སྟོན་པ་སྐལ་བསྟན་དང་། དར་རྒྱས་བསྟན་འཛིན། ཚེ་རྡོར་བཅས་གདན་དྲངས་ནས་ལྟད་མོ་བ་ཚོར་གློག་བརྙན་གྱི་རྒྱབ་ལྗོངས་མཉམ་སྤྱོད་བྱེད་བཞིན་པ།
“པི་ཝང་གཉིས་དང་མངའ་རིས་ཀྱི་རྒོད་པོའི་སྒྲ་སྙན”དཀྲོལ་གཏོང་བྱ་ཡུལ་ཡིན་པ།
“ལྷ་སའི་ཉ་མི། ས་མཐོའི་གྲོང་ཁྱེར་གྱི་ངག་རྒྱུན་དང་སྣ་མང་སྐྱེ་དངོས་མིའི་རིགས་རིག་པའི་ལོ་རྒྱུས་གླེང་བ”ཞེས་པའི་འགྲེམས་སྟོན་བྱ་ཡུལ་ཡིན་པ།
སྤྱི་པའི་རིག་གནས་བར་མཐོངས་གསར་པ་སྐྲུན་པ་ནི་རྒྱལ་ཁབ་ཀྱིས“ལོ་ལྔ་ཚན་བཅུ་བཞི་པའི”རིང་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བཏོན་པའི་བྱེད་ཐབས་གལ་ཆེན་ཞིག་དང་། གྲོང་ཁྱེར་གྱི་རིག་གནས་ཀྱི་འཇམ་ཤུགས་ཆེ་རུ་གཏོང་བ་དང་བོད་ཀྱི་རྣམ་པ་གསར་པ་མངོན་པར་བྱས་ནས། རྒྱ་ཆེའི་མང་ཚོགས་ལ་སྟབས་བདེ་དང་ནུས་ཆེའི་སྤྱི་པའི་རིག་གནས་ཞབས་འདེགས་ཞུ་ཆེད། སྤྱི་པའི་རིག་གནས་ཞབས་ཞུའི“མཐའ་མའི་འགག་གནད”སེལ་བའི་བྱ་ཐབས་གལ་ཆེན་ཞིག་རེད།
2023ལོའི་ཟླ7པར། ཧི་མ་ཧི་མ་སྒྱུ་རྩལ་བར་ཁྱམས་ལ“ལྷ་ས་གྲོང་ཁྱེར་གྱི་སྤྱི་པའི་རིག་གནས་བར་མཐོངས་གསར་པའི”མཚན་སྙན་ཐོབ་པ་དང་འབྲེལ། རང་ལྗོངས་ཀྱི“གྲོང་ཁྱེར་གྱི་རིག་གནས་ས་ཚིགས”དང་པོ་དེར་གྱུར་ཡོད།
ཧི་མ་ཧི་མ་སྒྱུ་རྩལ་བར་ཁྱམས་ནི་ཐེམ་ཁུངས་བོད་ནས་ཡིན་པའི་སློབ་གྲྭ་ཆེ་མོ་བ་ལས་གྲུབ་པའི་ས་གནས་དེ་གའི་ལས་གཏོད་ཚོགས་པ་ཞིག་ཡིན་ཞིང་། དེས་རིག་གནས་སྒྱུ་རྩལ་རྩེ་གྲའི་བྱེད་སྒོ་གཞི་རྟེན་དུ་བྱས་ནས་ས་གནས་དེ་གའི་རིག་གནས་འཛུགས་སྐྱོང་རྣམ་གྲངས་ལ་ཧུར་ཐག་ཞུགས་ཡོད། རི་མོའི་འགྲེམས་སྟོན་དང་། རོལ་དབྱངས་འདུ་ཚོགས། གྲོང་ཁུལ་གྱི་གནའ་རྫས་རྟོག་ཞིབ་བཅས་ནས་སྒྱུ་རྩལ་དུས་ཆེན་བར། ཧི་མ་ཧི་མ་སྒྱུ་རྩལ་བར་ཁྱམས་ཀྱིས་རྣམ་པ་སྣ་ཚོགས་ཀྱི་སྒྱུ་རྩལ་གསར་གཏོད་དང་ལག་ལེན་ཟུང་དུ་སྦྲེལ་ནས། ལྷ་སའི་གྲོང་མིར་སྒྱུ་རྩལ་ཁྱབ་གདལ་གཏོང་བར་སྐུལ་འདེད་བཏང་སྟེ་རིག་གནས་སྒྱུ་རྩལ་འདི་ཉིད་སྣ་མང་ཕུན་སུམ་ཚོགས་པའི་འཚོ་བ་དངོས་དང་མཉམ་འདྲེས་ཐུབ་པར་བྱེད་ཀྱི་ཡོད།
2023ལོའི་ཟླ12པར། ཧི་མ་ཧི་མ་སྒྱུ་རྩལ་བར་ཁྱམས་ཀྱིས“པི་ཝང་གཉིས་དང་མངའ་རིས་ཀྱི་རྒོད་པོའི་སྒྲ་སྙན་དཀྲོལ་གཏོང་འདུ་ཚོགས”འཚོགས་ཤིང་། པི་ཝང་དཀྲོལ་མཁན་ཧུའུ་ཕིང་ཐིང་དང་ལན་རུའུ་ཕིང་དང་། སྒྲ་སྙན་དཀྲོལ་མཁན་ཀརྨ་བཀྲ་ཤིས་ཆོས་འབྱོར་བཅས་ཀྱིས་ཧི་མ་ཧི་མ་སྒྱུ་རྩལ་བར་ཁྱམས་སུ་རོལ་ཆ་རིགས་གཉིས་ལ་བརྟེན་ནས་མི་རིགས་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་མཉམ་སྒྲོག་རོལ་དབྱངས་དཀྲོལ།
2024ལོའི་ཟླ2པར། ཧི་མ་ཧི་མ་སྒྱུ་རྩལ་བར་ཁྱམས་ཀྱིས“ལྷ་སའི་ཉ་མི། ས་མཐོའི་གྲོང་ཁྱེར་གྱི་ངག་རྒྱུན་དང་སྣ་མང་སྐྱེ་དངོས་མིའི་རིགས་རིག་པའི་ལོ་རྒྱུས་གླེང་བ”ཞེས་པ་འགྲེམས་སྟོན་བྱས་ཤིང་། དེ་ནི་བསྟན་འཛིན་ཟླ་མེད་དང་ཀེ་ཐའེ་རན་གྱིས་ས་ཆ་དངོས་སུ་ཞིབ་འཇུག་དང་རྟོག་བཟོ་བརྒྱུད་གཉེར་བའི་འགྲེམས་སྟོན་ཞིག་རེད། དེའི་ནང་རི་མོ་དང་། བཟོ་ལྗོངས། འཇིམ་བརྐོས། བརྙན་ལམ་སོགས་ཀྱི་ཐབས་ལམ་སྤྱད་ནས་འགྲེམས་སྟོན་བྱ་ཡུལ་དེ་རྟོག་བཟོའི་བོད་རིགས་སྐྱེ་ཁམས་བརྟག་ཞིབ་མཁས་དབང་མེ་ཏོག་ལགས་ཀྱི་སྡོད་གནས་སུ་བཟོས་ཡོད།
འགྲེམས་སྟོན་གྱི་བྱེད་ཐབས་བརྒྱུད་མང་ཚོགས་ལ་བསྟན་འཛིན་ཟླ་མེད་དང་ཀེ་ཐའེ་རན་གཉིས་ཀྱིས་ས་གནས་དེ་གའི་དེང་རབས་ཀྱི་དམིགས་བསལ་སྣང་ཚུལ་ལ་བརྟག་དཔྱད་བྱས་པའི་འབྲས་བུ་བསྟན་པ་སྟེ། ལྷ་སའི་ཁྲོམ་གཞུང་གི་ཚོང་པ་ཉི་ཚེ་བས་སྐྱིད་ཆུའི་ནང་གི་ཉ་ཚང་མར“ལྷ་སའི་ཉ”ཞེས་བརྗོད་པའི་ཁྲོད་མང་ཆེ་བ་ནི་ཉེ་བའི་ལོ་ཤས་རིང་མགྱོགས་པའི་ཕྱི་ཡོང་ཉ་རིགས་རེད།
“མཁས་དབང་ཚོས་འགྲེམས་སྟོན་གྱི་ཐབས་ལམ་བརྒྱུད་མང་ཚོགས་ལ་བརྟག་ཞིབ་གྲུབ་འབྲས་ཁྱབ་གདལ་བཏང་ནས་ང་ཚོས་སྒྱུ་རྩལ་ལོངས་སྤྱོད་ཐུབ་པ་དང་སྦྲགས་ཤེས་བྱ་ཤེས་ཡོད། དེ་ནི་སྒྱུ་རྩལ་རིག་གནས་བརྒྱུད་སྤྲོད་བྱེད་སྟངས་གསར་པ་ཞིག་ཡིན་པས། དེར་ཕྲུ་གུ་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག”ཅེས་གྲོང་མི་ཀུང་ཆེ་གེ་མོས་བཤད།
མིག་སྔའི་བར། ཧི་མ་ཧི་མ་སྒྱུ་རྩལ་བར་ཁྱམས་སུ་ཁྱོན་བྱེད་སྒོ་ཐེངས130སྤེལ་བའི་ནང་སྤྱི་ཕན་གྱི་རིན་མེད་བྱེད་སྒོ་ཐེངས94དང་། དམངས་ཕན་གྱི་གྲོན་བསྡུའི་བྱེད་སྒོ་ཐེངས15 དྲ་ཐོག་ཐད་གཏོང་ཐེངས46བཅས་ཚུད་ཡོད། དྲ་ཕྱིའི་བྱེད་སྒོར་མི་ཐེངས་ཁྲི་གཅིག་ལྷག་ཙམ་དང་། དྲ་ཐོག་ཐད་གཏོང་ལ་མི་ཐེངས་ཁྲི52ལྷག་ཙམ། དྲ་ཐོག་རང་སྨྱན་སྦྱོར་ལས་སྟེགས་སུ་མི་ཐེངས་ཁྲི65ལྷག་ཙམ་ཞུགས་ཡོད་ལ། སྨྱན་སྦྱོར་ཁག་གིས་སྒྱུ་རྩལ་བར་ཁྱམས་ཀྱི་གནས་ཚུལ་སྤེལ་བར་ལྟ་མཁན་མི་ཐེངས་ཁྲི282ལྷག་ཙམ་ཟིན་པ་དང་། དྲ་ཐོག་དང་དྲ་ཕྱིའི་བྱེད་སྒོར་ཁྱོན་མི་ཐེངས་ཁྲི485ཞུགས་ཡོད།
ད་ཆ་ཧི་མ་ཧི་མ་སྒྱུ་རྩལ་བར་ཁྱམས་འདི་ཉིད་ལྷ་སའི་གྲོང་མི་ཚོའི་སྤྲོ་གསེང་རོལ་རྩེད་བྱ་ཡུལ་གསར་པ་ཞིག་ཏུ་གྱུར་ནས། གྲོང་མིའི་འཚོ་བར་སྣ་མང་ཅན་གྱི་རིག་གནས་དམངས་ཕན་ཞབས་ཞུ་མཁོ་འདོན་བྱས་ཏེ་ལྷ་ས་གྲོང་ཁྱེར་གྱི་སྔར་ཡོད་སྤྱི་པའི་རིག་གནས་མ་ལག་ལ་ཁ་གསབ་ནུས་ལྡན་དང་གསར་གཏོད་ཆེན་པོ་བྱས་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注