གཡུ་ཐོག་ཟམ་པའི་སྒྱུ་རྩལ་ཁང་སྒོ་དབྱེ་བའི་མཛད་སྒོ་དང་ཡུས་ཡིའུ་ཤིན་གྱི་བརྩམས་ཆོས་འགྲེམས་སྟོན་ལྷ་སར་འཚོགས་པ།

ཚེས6ཉིན་གྱི་ཉིན་དགུང་། གཡུ་ཐོག་ཟམ་པའི་སྒྱུ་རྩལ་ཁང་སྒོ་དབྱེ་བའི་མཛད་སྒོ་དང“མཛེས་པ་རྣམ་ཤེས་ལ་འཛིན་ན། འགྲུལ་བཞུད་ལ་དོན་སྙིང་ལྡན”ཞེས་པའི་ཡུས་ཡིའུ་ཤིན་གྱི་བརྩམས་ཆོས་འགྲེམས་སྟོན་ལྷ་སར་འཚོགས་ཤིང་། དེ་ནི་ཡུས་ཡིའུ་ཤིན་གྱིས་བོད་དུ་སླེབས་ནས་ལོ40སོང་རིང་གཉེར་བའི་མི་སྒེར་གྱི་བརྩམས་ཆོས་འགྲེམས་སྟོན་ཐེངས་གཉིས་པ་དེ་རེད། ད་ཐེངས་ཀྱི་འགྲེམས་སྟོན་དེ་ཟླ9པའི་ཚེས5ཉིན་བར་གཉེར་རྒྱུ་ཡིན་པ་དང་དེའི་རིང་སྤྱི་དམངས་ལ་རིན་མེད་ངང་སྒོ་དབྱེ་རྒྱུ་རེད།

གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། དུས་རབས་གོང་མའི་ལོ་རབས80པར་ཡུས་ཡིའུ་ཤིན་བོད་དུ་ཡོང་སྟེ་མིང་དོན་མཚུངས་པའི“བོད་སྡོད་ཕྱོགས་མི”ཞིག་ཏུ་གྱུར་ཡོད། ལོ་བཅུ་ཕྲག་ཁ་ཤས་རིང་། ཁོང་གིས་གངས་ལྗོངས་ས་མཐོའི་རིག་གནས་སྒྱུ་རྩལ་གྱི་བར་མཐོངས་ཆེན་པོ་དེར་འབད་བརྩོན་གྱིས་སྒྱུ་རྩལ་མཁས་ཅན་གྱི་ཐུན་མོང་མ་ཡིན་པའི་བློ་རིག་ལ་བརྟེན་ནས་བོད་མི་རིགས་ཀྱི་བསམ་པའི་སྙིང་བཅུད་ཤེས་ཚོར་སྐྱེན་པོས་ཤེས་རྟོགས་བྱས་པ་མ་ཟད། སྒྱུ་རྩལ་མཁས་ཅན་གྱི་ཕུན་སུམ་ཚོགས་པའི་བསམ་པའི་བཀོད་ཤུགས་ལ་བརྟེན་ཏེ་གསར་གཏོད་དམིགས་བསལ་ཅན་གྱི་སྒོ་ནས་བརྗིད་ཉམས་དང་གཟབ་ནན་དང་། རྔམ་བརྗིད་དང་ཞི་འཇམ། མངོན་སུམ་དང་ལྐོག་འགྱུར། གཡོ་འགུལ་དང་བློ་རིག་བཅས་ཞི་མཐུན་གཅིག་གྱུར་གྱི་སྒྱུ་རྩལ་བརྩམས་ཆོས་འབོར་ཆེན་གསར་རྩོམ་བྱས་ཡོད།

བོད་ཀྱི་དེང་རབས་ཚོན་ཁྲ་ཅན་གྱི་རས་ངོས་ཀྱི་སྒྱུ་རྩལ་བརྩམས་ཆོས་ཐོག་མ་ཡིན་པའི་ཡུས་ཡིའུ་ཤིན་གྱི་རི་མོའི་བརྩམས་ཆོས་ནང་ཞིབ་བྲིས་རི་མོ་དང་སྣག་རིས་ཀྱི་འབྲི་སྟངས་དང་མཛེས་དཔྱད་བསམ་བློ་དེ་ཚད་བརྒལ་རང་བཞིན་གྱི་སྒོ་ནས་བོད་ཀྱི་རི་མོའི་སྒྱུ་རྩལ་དང་མཛེས་དཔྱོད་རིག་པའི་སྙིང་སྟོབས་དང་ངོ་མཚར་མཉམ་འདྲེས་བྱས་ནས། ཞིབ་ཚགས་པའི་ཚོན་མདངས་དང་། ཕུན་སུམ་ཚོགས་པའི་ཚོན་མདངས་མངོན་ཚུལ། རོལ་དབྱངས་ཀྱི་དབྱངས་འགྲོས་ལྡན་པའི་ཕུན་སུམ་ཚོགས་པའི་རི་མོའི་བཀོད་པ་བཅས་ལས་མཛེས་སྡུག་ལྡན་པའི་སྒྱུ་རྩལ་གྱི་བསམ་པའི་འཆར་ཡན་གྱི་བར་མཐོངས་ཤིག་མངོན་པ་དང་། མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་མི་ཆོས་རིག་གནས་ཀྱི་མཛེས་པ་དང་། སྐྱེ་ཁམས་ཀྱི་མཛེས་པ། འཚོ་བའི་མཛེས་པ་བཅས་མངོན་ཏེ་བོད་ཀྱི་དེང་རབས་མཛེས་རྩལ་གསར་རྩོམ་དང་བོད་ཀྱི་དེང་རབས་མཛེས་རྩལ་རིགས་པའི་གཞུང་ལུགས་ཀྱི་གྲུབ་ཚུལ་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

ལོ40ཡི་རིང་ཡུས་ཡིའུ་ཤིན་གྱིས་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་ལྷག་པར་དུ་བོད་ཀྱི་སྲོལ་རྒྱུན་མཛེས་རྩལ་ལ་དུས་ཡུན་རིང་པོ་རྟོག་ཞིབ་དང་ཞིབ་འཇུག་གཏིང་ཟབ་བྱས་ནས། སྔ་རྗེས་སུ་བོད་ཀྱི་སྒྱུ་རྩལ་བམ་པོ་གསུམ་གྱི་གཅེས་བསྡུས་ཁྲོད་ཀྱི《རི་མོའི་བམ་པོ》དང《དམངས་ཁྲོད་བཟོ་རྩལ་གྱི་བམ་པོ》ལེགས་སྒྲིག་དང་རྩོམ་སྒྲིག་བྱས་པས་བོད་ཀྱི་ཉེ་རབས་རིག་གནས་ཞིབ་འཇུག་གི་གྲུབ་འབྲས་གལ་ཆེན་དང་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་པའི་དཔེ་དེབ་ཅིག་ཏུ་གྱུར་ཡོད།

གཡུ་ཐོག་ཟམ་པའི་སྒྱུ་རྩལ་ཁང་གི་འགན་འཁུར་བ་ཝང་ཀང་དབྱི་ཡིས། རིག་དངོས་འཛུགས་སྐྲུན་སྲུང་སྐྱོང་དང་བེད་སྤྱོད་བྱེད་མཁན་ཞིག་ཡིན་པའི་ངོས་ནས། འཛུགས་སྐྲུན་གཞི་མ་སྲུང་སྐྱོང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ལུགས་མཐུན་ངང་གསར་སྤེལ་དང་བེད་སྤྱོད་བྱས་ཏེ་རིག་དངོས་འཛུགས་སྐྲུན་གྱི་ལོ་རྒྱུས་རིག་གནས་རིན་ཐང་གི་སྤྱི་ཚོགས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་རིག་གནས་ཡུལ་སྐོར་ཁྲོམ་རའི་དཔལ་འབྱོར་གྱི་ཕན་འབྲས་ཆེ་རུ་གཏོང་གི་ཡོད། གོམ་སྟབས་རྗེས་མར་གཡུ་ཐོག་ཟམ་པའི་སྒྱུ་རྩལ་ཁང་གིས་ད་དུང་གཡུ་ཐོག་ཟམ་པའི་རིག་དངོས་ཐོན་ཁུངས་ལ་བརྟེན་ནས་གཡུ་ཐོག་ཟམ་པའི་རིག་གནས་ཀྱི་རིན་ཐང་དང་། མཛེས་དཔྱོད་ཀྱི་རིན་ཐང་། དུས་རབས་ཀྱི་རིན་ཐང་བཅས་སྔོག་འདོན་གང་ལེགས་ཀྱིས་རིག་གནས་བསམ་བཀོད་ཐོན་རྫས་འགྲེམས་སྟོན་བྱས་ཏེ་སྒྱུ་རྩལ་འགྲེམས་སྟོན་དང་བསམ་བཀོད་ཐོན་རྫས་འགྲེམས་སྟོན་སྣ་ཚོགས་དུས་བཀག་ལྟར་སྤེལ་རྒྱུ་ཡིན་ཞེས་བཤད་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号