ཁྱིམ་ཚང་ཕྱུགས་ར་ཆུང་ཆུང་གིས་ཡོང་འབབ་འཕར་བའི་རེ་བ་ཆེན་པོ་བསྣན།

ཉེ་བའི་ལོ་ཤས་རིང་། མང་རྫོང་ཐར་ཤུལ་ཞང་གིས་ལྗང་མདོག་དང་ཁྱད་ལྡན། སྐྱེ་ལྡན་ཐོན་རྫས་ཀྱི་འགྲན་ལམ་གསར་པ་གཏོད་རྒྱུ་དེ་འཕེལ་རྒྱས་ཀྱི་ཐབས་ལམ་དུ་བྱས་ནས་འབྲོག་པར་འདེབས་གསོ་འཕེལ་རྒྱས་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ་སྐྱེ་ལྡན་ཁྱིམ་ཚང་ཕྱུགས་ར་འཕེལ་རྒྱས་བཏང་བ་བརྒྱུད། སྣོད་བཅུད་སྲུང་སྐྱོང་དང་མང་ཚོགས་ཀྱི་ཡོང་འབབ་འཕར་བའི་གཉིས་ཁེ་རྣམ་པ་མངོན་འགྱུར་བྱུང་། དེའི་ནང་རྟ་མང་སྡེ་བའི་ཀོས་ནན་ནོར་གནག་གསོ་སྤེལ་ཚད་ཡོད་ཀུང་སིས་རང་བྱུང་སྐྱེ་ལྡན་རྩྭ་རར་བརྟེན་ནས་ཁྱིམ་ཚང་ཞིང་ཕྱུགས་ར་བཙུགས་ཏེ། ཉེ་འཁོར་འབྲོག་དམངས་ཀྱི་འོ་མ་ཉོ་བསྡུ་བྱས་ནས་སྡེ་མིའི་ཡོང་འབབ་འཕར་བའི་ཕྱུག་འགྱུར་གྱི་ཐབས་ལམ་གསར་པ་བཏོད་ཡོད། 

ཐར་ཤུལ་ཞང་རྟ་མང་སྡེ་བའི་སྡེ་མི་བསོད་ནམས་མཚོ་ཡིས་བཤད་རྒྱུར། སྔོན་ཆད་སྡེ་མི་ཚོས་འོ་མ་རང་ཉིད་ཀྱིས་འཐུང་བའམ་ཡང་ན་རྫོང་གི་ཟ་ཁང་དང་ཚོང་ཁང་དུ་འཚོང་བཞིན་ཡོད། ད་ལྟ་འོ་བསྡུ་ས་ཚིགས་ཡོད་པས་ང་ཚོར་ཡང་གཏན་འཇགས་ཀྱི་དཔལ་འབྱོར་ཡོང་འབབ་ཡོད་ཟེར།    

མིག་སྔར་མང་རྫོང་ནོར་གནག་གསོ་སྤེལ་ཚད་ཡོད་ཀུང་སིས་ཉེ་འཁོར་གྱི་སྡེ་བ8ཀྱི་ནོར་གནག་གསོ་སྤེལ་ཁྱིམ་ཚང150ལ་འོ་མ་ཉོ་སྒྲུབ་ཀྱི་གྲོས་མཐུན་བཞག་ནས་ཉོ་སྒྲུབ་བྱས་པའི་འོ་མ་དེ་དམིགས་འཛུགས་འོ་མ་མཁོ་འདོན་ཁེ་ལས་མཚོ་སྔོན་གངས་རི་ནོར་གནག་འོ་ལས་ཚད་ཡོད་འགན་འཁྲི་ཀུང་སིར་བསྐྱལ་ནས་ད་ལྟ་ཟླ་རེར་འོ་མ་ཏུན60ལྷག་ཙམ་བསྡུས་ཏེ་ཉེ་འཁོར་གྱི་ནོར་གནག་གསོ་སྤེལ་ཁྱིམ་ཚང་ལ་འོ་མ་ཉོ་བསྡུའི་འབྱུང་ཁུངས་བརྟན་པོ་ཞིག་མཁོ་འདོན་བྱས་ཡོད། གཞན་ཡང་ཉོ་སྒྲུབ་བྱས་པའི་ནོར་གནག་གི་འོ་མས་དཀར་ཆུའི་ཐོན་རྫས་བཟོ་བ་དང་ལྷག་པར་དུ་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་སྤྱད་དེ་སྤྲི་ཆུར་ལས་བཞིན་ཡོད་པ་དང་།བྲོ་བ་ཞིམ་ལ་སྤུས་ཀ་དག་པ་སོགས་འཚོ་བཅུད་ཀྱི་གྲུབ་ཆ་འདུས་པ་མ་ཟད། རུལ་འགོག་རྫས་དང་ཟས་རིགས་སྦྱོར་རྟ་སོགས་བསྣན་མེད་པས་ཧ་ཅང་བདེ་ཐང་ཡིན།

མང་རྫོང་ནོར་གནག་གསོ་སྤེལ་ཚད་ཡོད་ཀུང་སིའི་འགན་འཁུར་བ་དོན་གྲུབ་ཚེ་རིང་གིས་བཤད་རྒྱུར། ད་ལྟ་ངེད་ཀུང་སིར་ནོར་གནག500ལྷག་ཙམ་ཡོད་པའི་ནང་འབྲི300ལྷག་ཙམ་ཡོད་པ་དང་དེའི་ཁར་ཁྱིམ་ཚང150ཡི་འོ་མ་བསྣན་ཚེ་དབྱར་ཁ་དང་སྟོན་ཀར་ཉིན་རེར་འོ་མ་ཏུན2ཡས་མས་དང་། དགུན་ཁ་དང་དཔྱིད་ཀར་ཉིན་རེར་འོ་མ་སྤྱི་རྒྱ500ཡས་མས་ཉོས་ཏེ་ལྗང་མདོག་སྤུས་ལེགས་ཀྱི་འོ་བསྡུ་ས་ཚིགས་སྐྲུན་པར་འབད་པ་བྱེད་བཞིན་ཡོད་ཟེར།

 འོ་མའི་སྤུས་ཚད་འགན་ལེན་བྱ་ཆེད།ཀུང་སིས་འོ་མ་བསྡུ་སྐབས་འབྲེལ་སྤུས་ཚད་ཀྱི་འགག་སྒོ་དང་མཚན་སྙན་རྩ་བར་བཟུང་ནས་ས་གནས་ཀྱི་སྤུས་དག་འོ་མ་ཉོ་བསྡུ་བྱེད་པའི་ས་ཚིགས་སྐྲུན་པར་རང་ནུས་གང་ཡོད་ཀྱིས་འབད་པ་བྱེད་མུས་སུ་ཡོད། དེ་དང་མཉམ་དུ་ཉེ་འཁོར་འབྲོག་དམངས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་བྱེད་པར་རོགས་འདེགས་བྱས་ནས་ཕན་ཚུན་རོགས་རམ་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད། 

མང་རྫོང་ནོར་གནག་གསོ་སྤེལ་ཚད་ཡོད་ཀུང་སི་ནི་གྲོང་གསེབ་དར་རྒྱས་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ནས་དེས་ཉེ་འཁོར་འབྲོག་དམངས་ཀྱི་ཡོང་འབབ་ཇེ་བཟང་དང་འཚོ་བ་ཇེ་ལེགས་སུ་འགྲོ་རྒྱུར་འདེགས་སྐྱོར་བྱས་ཏེ། ས་གནས་ཀྱི་ཁེ་ལས་འཕེལ་རྒྱས་དང་གྲོང་གསེབ་དར་རྒྱས་གཏོང་བར་སྐུལ་འདེད་ནུས་ལྡན་ཐོན།  

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号