སྤྱི་ཁྱབ་ཧྲུའུ་ཅིའི་ཞབས་རྗེས་སྙེག འཚོ་བ་གསར་པར་བསྟོད་གླུ་ལེན།

—2024ལོའི་མཚོ་འཁྱིལ་ཤང་གི“འཆར་ཡན་གྱི་མཚོ་འཁྱིལ། རིག་གནས་ཀྱི་ཕ་ས”ཞེས་པའི་རིག་གནས་ཟླ་བའི་ཕྲེང་བསྟར་བྱེད་སྒོ་སྐབས་བརྒྱད་པའི་མྱོང་ཟིན།

དེ་ཡང་ཇི་སྐད་དུ། འདི་ནི་ནམ་མཁའི་བུ་མོ་སྔོ་བསངས་མ། །ས་གཞིའི་ཕུན་ཚོགས་ཉམས་སུ་མྱོང་སླད་དུ། །ཆུ་བོའི་གཟུགས་ཀྱིས་ས་ལ་བབས་པ་སྟེ། །མཚོ་ཆེན་ཁྲི་ཤོག་རྒྱལ་མོ་ཞེས་བྱར་གྲགས། ། ཞེས་གསུངས་པ་ལྟར། སྙན་པའི་གྲགས་པ་གོ་ལའི་ཁྱོན་ལ་ཁྱབ་པའི་མཐོ་སྒང་གི་ཨིནྡྲ་ནཱི་ལ་སྟེ། ཡོངས་གྲགས་སུ་མཚོ་སྔོན་པོ་ཞེས་འབོད་པའི་མཚོ་ཆེན་བྱིན་རླབས་ཅན་གང་དེའི་ནུབ་བྱང་རྒྱུད་དུ། སྲིད་པའི་འབྲོག་སྡེ་ཆེན་མོ་མཚོ་འཁྱིལ་ཞེས་བྱ་བའི་ཡུལ་གྲུ་ལྷེམ་མེར་ཆགས་ཡོད། བོད་ཟླ་ལྔ་པའི་དབྱར་གྱི་ལང་ཚོའི་གཟི་དཔལ་དང་འགྲོགས་ནས། འབྲོག་པ་མང་ཚོགས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཐོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དར་ཆ་མཐོན་པོར་བསྒྲེངས་པ་དང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བའི་ཡང་དག་པའི་སྲིད་ཇུས་ལེགས་པོ་ལོངས་སུ་སྤྱོད་པ། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞབས་ཀྱིས་བཅགས་ཤིང་བྱིན་བརླབས་པའི་དངོས་གྲུབ་ཀྱི་དྭངས་མ་ཉམས་སུ་མྱོང་བཞིན། འབྱོར་ཕྱུག་ཕུན་སུམ་ཚོགས་པའི་འཚོ་བ་གསར་པར་དགའ་བའི་གཞས་དང་སྐྱིད་པའི་བྲོ་ཡིས་བསྟོད་བསྔགས་ཅི་ཡང་བྱེད། 

ཏང་གི་དགོངས་པས་རྨད་བྱུང་སྲིད་ཇུས་ཏེ། །སྲིད་ཇུས་ལེགས་པོས་མཚོ་མོ་འཕེལ་ཞིང་རྒྱས། །མཚོ་མོའི་དཔལ་གྱིས་ས་ལ་དགེ་མཚན་བཞིན། །དེས་ཀྱང་དམངས་ལ་འདོད་རྒུའི་དཔལ་སྦྱིན་ཏོ། ། ལོ་ངོ་དུ་མའི་སྔོན་དུ། ཏང་དང་རྒྱལ་ཁབ་ཀྱི་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོང་གི་སྲིད་ཇུས་གསེར་གྱི་ཉི་མའི་འོད་ཟེར་འཛིན་མའི་གནས་ཀྱི་གཙོ་བོ་འདིར་ཡང་ཡང་འཕྲོས་པ་དང་། ཁྱད་པར་དུ། 2021ལོའི་ཟླ6པའི་ཚེས8ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྐང་ཚ་ས་ཆར་ཕེབས་བསྒྱུར་མཛད་ཅིང་། མཚོ་སྔོན་པོ་དང་བཅས་པའི་ཡུལ་ཕྱོགས་འདིར་བསོད་ནམས་དཔག་ཏུ་མེད་པའི་བྱིན་རླབས་བགོས་པ་ནས་བཟུང་། མཚོ་སྔོན་པོའི་ཆུའི་བངས་ཚད་ལོ་རེ་ནས་ལོ་རེར་རྒྱས་པ་དང་། མཚོ་སྔོན་པོའི་གསེར་ཉ་ཡང་ལོ་རེ་ནས་ལོ་རེར་ཇེ་མང་དུ་འཕེལ་བ། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་ཀྱང་ལོ་རེ་ནས་ལོ་རེར་ཇེ་ལེགས་སུ་ཕྱིན། དེ་ཡང་སྲིད་པ་རྒད་པོའི་ཞལ་རྒྱུན་དུ། ས་ཡི་དགེ་བཅུད་མ་ཉམས་ན། །མི་ཡི་ཕྱྭ་གཡང་ཉམས་མི་སྲིད། ། ཅེས་གསུངས་པ་ལྟར། མཚོ་སྔོན་པོའི་མཚོ་ཁར་འགྲེངས་ཏེ་བསུལ་རླུང་འཇམ་པོས་ལུས་ལ་ཡང་ཡང་རེག་པའི་བདེ་བ་ཉམས་སུ་མྱོང་དུས། འདི་ནི་མཚོ་ཆེན་ཁྲི་ཤོག་རྒྱལ་མོས་ཁོང་གི་རླབས་རིས་ལ་དྲངས་པའི་དངོས་གྲུབ་མ་ལུས་ཕངས་མེད་དུ་བསྩལ་པ་ཡིན་ཨང་སྙམ་པའི་རྟོག་འཆར་ཅི་ཡང་འབྱུང་། དེ་ཡང་ཡིན་ངེས་ཏེ། ཡུལ་འདིའི་འབྲོག་པ་མང་ཚོགས་མི་རབས་ནས་མི་རབས་སུ་མཚོ་ཁར་གཞིས་ཆགས་ཤིང་། བྱིན་རླབས་ཀྱི་ཚན་ཁ་འབར་བའི་མཚོ་སྔོན་པོའི་སྐྱེ་ཁམས་དཔལ་ཡོན་ལེགས་པར་བསྲུངས་པས། ད་གཟོད་ཡང་ནས་ཡང་དུ་མཚོ་སྔོན་པའི་འཛད་མཐའ་མེད་པའི་དངོས་གྲུབ་ལ་ལོངས་སུ་སྤྱོད་རྒྱུ་བྱུང་བ་མ་ཡིན་ནམ།

མགོ་བཏེགས་ནས་ཕར་ལ་བལྟས་པ་ན། །མཚོ་སྔོན་པོ་གཡུ་ཡི་མེ་ལོང་མཐོང་། །ཉ་གསེར་མིག་རྐྱལ་རྩལ་དཔལ་གྱིས་མྱོས། །དམངས་དགའ་བའི་ཟློས་གར་ཅི་ཡང་བསྒྱུར། ། 2024ལོའི་ཟླ6པའི་ཚེས28ནས་ཚེས29ཉིན་བར། 2024ལོའི་མཚོ་འཁྱིལ་ཤང་གི“འཆར་ཡན་གྱི་མཚོ་འཁྱིལ། རིག་གནས་ཀྱི་ཕ་ས”ཞེས་པའི་རིག་གནས་ཟླ་བའི་ཕྲེང་བསྟར་བྱེད་སྒོ་སྐབས་བརྒྱད་པ་མཚོ་འཁྱིལ་ཤང་བྲ་སོག་སྡེ་བར་སྤེལ། བྲ་སོག་སྡེ་བ་ནི་བྲ་ཚ་དང་སོག་ཚ་གཉིས་མཉམ་དུ་བསྡེབས་པ་ལས་བྱུང་བའི་སྡེ་བ་ཞིག་ཡིན་ལ། བྲ་སོག་སྡེ་བའི་རྒད་པོ་སྐྱ་བྷེས་བཤད་པ་ལྟར་ན། བྲ་ཚ་དང་སོག་ཚ་ནི་རྐང་ཚ་ཚོ་བའི་གྲས་སུ་གཏོགས་ཤིང་། དེ་ཡང་ལྡོང་གི་ཚ་ཆེན་བཅོ་བརྒྱད་ཀྱི་གྲས་ཤིས་ཡིན་པར་བཤད། ཡང་བཤད་རྒྱུན་ཞིག་ལ། བྲ་ཚ་ནི་ཙོང་ཁའི་རྒྱལ་རབས་སྐབས་སུ་བྲ་སྡེ་ཞེས་ཚོ་ཆེན་ཞིག་ཡོད་པ་དེ་ལས་མཆེད་པར་འདོད་ལ། ད་ལྟ་སྐུ་འབུམ་དང་ཁྲི་ཀ་སོགས་སུ་བྲ་ཚའི་མིང་ཅན་གྱི་ཚོ་སྡེ་མང་པོ་ཡོད་པར་བཤད། གང་ལྟར་མཚོ་འཁྱིལ་ཡུལ་ཚོར་ཡོད་པའི་བྲ་སོག་སྡེ་བ་འདི་ཉིད་མཚོ་ཁར་ཆེས་ཐག་ཉེ་བའི་ཡུལ་གྲུ་ཞིག་ཡིན་ཞིང་། སྡེ་བ་འདིའི་ས་ཡི་ཕང་བ་རུ་རྟ་ཕྱུག་ལབ་ཙེ་དང་བྱ་གླིང་། མཚོ་ཆུང་རྣ་ལོང་།(འདི་ནི་མཚོ་མགོའི་མཚོ་རྣ་ལོང་ཞེས་པའི་སྐད་གྲགས་ཅན་གྱི་མཚོ་དེ་མིན། ཡུལ་མིའི་ངག་རྒྱུན་ལ་མཚོ་ཆུང་ཧཱ་རྡ་རྙིང་ཐུམ་ཞེས་ཀྱང་གྲགས) ཆུ་མིག་བྱིན་ཅན(ཆུ་མིག་དེ་ནི་རྒྱལ་དབང་ལྔ་པ་ཆིང་གོང་མར་མཇལ་འཕྲད་གནང་བར་ཕེབས་པའི་ལམ་དུ་གནས་དེར་སྐུ་ངལ་གསོ་སྐབས་ཆིབས་རྟས་ས་བྲུས་པའམ་ཡང་ན་འཐུང་ཆུའི་ཆེད་དུ་ས་བྲུས་པས་ཆུ་མིག་བརྡོལ་བར་གྲགས་ཤིང་། དེ་བས་ཆུ་མིག་དེ་ལ་ཏཱ་ལའི་ཆུ་མིག་ཅེས་ཀྱང་གྲགས། ཆུ་མིག་དེ་ཉིད་དགུན་ཁར་སླེབས་ན་ཡང་དར་ཆགས་རྒྱུ་མེད་པས་ངོ་མཚར་བའི་གནས་སུ་འཛིན)སོགས་མཚོ་སྔོན་པོ་དང་ལྷན་དུ་འབྲེལ་བའི་གནས་མཆོག་ཀྱང་དུ་མ་ཞིག་ཡོད་པས། ཡུལ་སྐོར་པ་མང་པོ་སྤྲིན་དཀར་གྱི་ཚོགས་དང་ཕྱོགས་ཀྱི་བུང་བ་ཇི་བཞིན་རང་ཤུགས་ཀྱིས་འདུ་བར་བྱེད། ཁྱད་པར་དུ་ཐེངས་འདིའི་རིག་གནས་ཟླ་བའི་བྱེད་སྒོའི་ཐོག་ལ་ཡང་། ཕྱོགས་འདུས་ཀྱི་མགྲོན་པོ་བརྒྱ་ཕྲག་མང་པོ་ལྟ་འདོད་ཀྱི་མིག་ཟུང་ལྷག་པར་གདངས་ཤིང་ཉན་འདོད་ཀྱི་རྣ་བ་ཆེས་ཆེར་བསྲིངས་ཏེ་ཕྱོགས་བཞི་མཚམས་བརྒྱད་ནས་རིངས་པའི་སྟབས་ཀྱིས་སླེབས་འོངས།

ཡུལ་འདིར་མཚོན་ན། སྔོག་སྤེལ་བྱེད་མ་ཐུབ་པའི་རིག་གནས་ཀྱི་ཐོན་ཁུངས་ཀྱང་ཕུན་སུམ་ཚོགས་པ་ཞིག་ཡོད་དེ། ཡུལ་འདི་དང་ཐག་མི་རིང་བའི་སར། ཤྭ་ལུང་ཞེས་པའི་ལུང་པར་གནའ་བོའི་བྲག་བརྐོས་རི་མོ་མང་པོ་ཡོད་ཅིང་། རི་མོའི་ནང་དོན་ལ་ཤྭ་བོའི་གཟུགས་དང་། རི་དྭགས་རྔོན་པའི་རྣམ་པ། འབྲོང་དང་གཡག རྟ་ནོར་གྱི་ཁྱུ། ཕྱུགས་འཚོ་བའི་རྣམ་པ་སོགས་ཡོད། དེ་དག་ནི་རི་དྭགས་རྔོན་པའི་དུས་སྐབས་ནས་སྒོ་ཕྱུགས་འདུལ་སྦྱོང་གི་དུས་སྐབས་དང་། འབྲོག་པའི་ཕྱུགས་འཚོ་སྐྱོང་གི་དུས་སྐབས་བཅས་སྤྱི་ཚོགས་འཕེལ་འགྱུར་གྱི་རྣམ་པ་གསལ་པོར་མཚོན་ཐུབ་པ་དང་། ད་དུང་ཕེབས་བསུ་བ་མ་དང་། སྐྱིད་སྨོན་ཅོག་ཙེ། བྲག་སེང་མོ་སོགས་གེ་སར་རྒྱལ་པོའི་སྒྲུང་ལ་སྦྱར་བའི་ཡུལ་གྱི་བཀོད་པ་སྣ་ཚོགས། གཞན་ཡང་འབྲུག་དོང་ཞེས་པའི་རང་བྱུང་གི་བཀོད་པ་ངོ་མཚར་ཅན། དེ་མིན་ཡུལ་མི་རྣམས་ཀྱིས་སྤྱི་ཁྱབ་ཏུ་རྒྱ་མཁར་ཞེས་འབོད་པ་ལས་བྱེ་བྲག་གི་གཏམ་བཤད་དུ་མེད་པའི་སྒྲོན་ལུང་མདོའི་མཁར་ཤུལ་སོགས་རྡོ་རྩིག་དང་གྱང་རྩིག་གི་མཁར་ཤུལ་སྣ་ཚོགས་ཡོད། འདི་དག་སྔོག་སྤེལ་རྒྱ་ཆེར་བྱས་ཚེ། ད་གཟོད་གཞི་ནས“འཆར་ཡན་གྱི་མཚོ་འཁྱིལ། རིག་གནས་ཀྱི་ཕ་ས”ཞེས་པའི་རིག་གནས་བྱེད་སྒོ་ལའང་ནང་དོན་སྔར་ལས་ཕུན་སུམ་ཚོགས་ཤིང་། བླ་སྲོག་དང་ལྡན་པར་འགྱུར་ངེས་སྙམ་ལ། ཡུལ་སྐོར་རིག་གནས་ཀྱི་དགེ་མཚན་འདོན་པར་ཡང་ཕན་པ་བླ་ལྷག་ཏུ་ཆེ་བར་འདོད།  

རིག་གནས་ཟླ་བའི་བྱེད་སྒོ་འདིར་མཚོན་ན། སྔ་ཕྱིར་སྐབས་བདུན་ལ་སྤེལ་ཞིང་། ད་རེབ་ཀྱི་བྱེད་སྒོ་ནི་སྐབས་བརྒྱད་པ་རེད། མཚོ་འཁྱིལ་ཤང་གི་ཤང་ཀྲང་ཚེ་རིང་ཐར་ལགས་ཀྱིས་གསར་འགོད་པར། “སྐབས་འདིའི་བྱེད་སྒོའི་དམིགས་ཡུལ་ནི། མང་ཚོགས་ཀྱིས་ཏང་གི་དྲིན་ཚོར་བ་དང་ཏང་གི་བཀར་ཉན་པ། ཏང་གི་རྗེས་འབྲང་བ་བཅས་ལ་ཁྲིད་སྟོན་བྱེད་པ་དང་། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་གཏོང་བ། རྒྱ་ཆེ་བའི་ལས་བྱེད་མང་ཚོགས་ཀྱིས་མུ་མཐུད་དུ་འབད་འཐབ་ལྷོད་མེད་བྱེད་པར་སྣེ་ཁྲིད་བྱ་རྒྱུ་སོགས་ཡིན།” ཞེས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྐང་ཚར་ཕེབས་པའི་རྗེས་སུ། རྐང་ཚའི་འཛིན་མའི་ཁྱོན་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་བ་དང་། ཁྱད་པར་དུ་མཚོ་འཁྱིལ་ཡུལ་ཚོས་གྲུབ་འབྲས་རྨད་དུ་བྱུང་བ་བླངས་པ་སྟེ། སྲིད་འབྱོར་རིག་གསུམ་སྔར་ལས་གོང་འཕེལ་དུ་ཕྱིན་པ་དང་། གཞི་རིམ་ཏང་འཛུགས་སྐྱོང་གི་ལས་དོན་བླ་ལྷག་ཏུ་འཕེལ་རྒྱས་བྱུང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཕན་འབྲས་དེ་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་གྱི་དགེ་མཚན་དུ་བསྒྱུར་པ། གྲོང་གསེབ་དར་སྤེལ་ལ་ཤུགས་བསྣན་ཞིང་དབུལ་ཕོངས་སྔོན་འགོག་ལ་བརྩོན་པ་བསྐྱེད་པས་སྡེ་བ་སོ་སོའི་མཉམ་ལས་ཁང་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་སོགས་ནི་ཀུན་ལ་ངོམ་རིན་ཡོད་པའི་གཡུར་དུ་ཟ་བའི་གྲུབ་འབྲས་ཁོ་ན་ཡིན། འདི་དག་ཐམས་ཅད་ནི་ཏང་གི་བླ་ན་མེད་པའི་ཐུགས་རྗེ་གཟི་འོད་དང་ཁ་འབྲལ་ཐབས་མེད་ལ། ཡུལ་འདིའི་ལས་བྱེད་མང་ཚོགས་ཀྱི་དཔའ་ངར་ཞུམ་མེད་ཀྱི་དཀའ་སྤྱད་འབད་བརྩོན་དང་ཡང་ཁ་འབྲལ་ཐབས་མེད། ཅེས་ཚེ་རིང་ཐར་ལགས་ཀྱིས་བཤད།

ཁྲི་ཤོག་རྒྱལ་མོ་ཆུ་ཡིས་གཏམས་པ་བཞིན། །དམངས་སྲོལ་རིག་གནས་བཅུད་ཀྱིས་མཚོ་འཁྱིལ་ཕྱུག །གསེར་ཉ་ཆུ་ལ་དུངས་པའི་འདང་བརྩེ་ལྟར། །མཚོ་འཁྱིལ་མི་དམངས་རིག་པའི་གནས་ལ་དགའ། ། “འཆར་ཡན་གྱི་མཚོ་འཁྱིལ། རིག་གནས་ཀྱི་ཕ་ས”ཞེས་པའི་རིག་གནས་ཟླ་བའི་ཕྲེང་བསྟར་བྱེད་སྒོར་ནང་དོན་ཕུན་སུམ་ཚོགས་ཤིང་མང་ཚོགས་ལྟ་དགའ་ཉན་སྤྲོའི་རྣམ་པ་རྐྱང་རྐྱང་དུ་འདུག དཔེར་ན། སྡེ་བ་སོ་སོའི་རིག་རྩེད་འགྲན་སྟོན་དང་། བོད་ཟས་གཡོས་སྦྱོར། ནོར་ལུག་འགྲན་སྟོན། ལུག་རྒྱུད་འགྲན་པ། བལ་འབྲེག་འགྲན་པ། མཚན་མོའི་སྐོར་བྲོ། རུ་སྤོར་བ། གོས་ཚགས་རྟ་ཞོན། མཁལ་འགེལ་བ། སྦྲ་ཕུབ་པ། འབྲི་མོ་བཞོ་བ། འོ་མ་དཀྲུག་པ་སོགས་འགྲན་སྡུར་རྣམ་གྲངས་ཉི་ཤུ་ཡོད་ལ། འབྲོག་པ་མང་ཚོགས་ལ་མཚོན་ན། འགྲན་སྡུར་རྣམ་གྲངས་ཕལ་ཆེ་བ་ནི་འཚོ་བ་དང་ཤིན་ཏུ་ཐག་ཉེ་ཡང་། ད་སྐབས་དུས་རབས་གསར་པའི་འཚོ་བ་གསར་པའི་ཕྱོགས་སུ་གོམ་སྟབས་ཆེན་པོས་སྐྱོད་བཞིན་ཡོད་ཅིང་། འཚོ་བའི་རྣམ་གྲངས་མང་པོ་ཞིག་ཀྱང་སྔོན་གྱི་འཚོ་བའི་རྣམ་པ་ལས་རིང་དུ་འདས་ཟིན་པས། དེང་སྐབས་ཀྱི་གཞོན་སྐྱེས་རྣམས་འབྲི་གཡག་ལ་མཁལ་འགེལ་སྲོལ་དང་རྟ་ལ་སྒ་སྟོད་སྟངས། སྦྲ་ཕུབ་ཚུལ་སོགས་ཀྱི་ཞིབ་ཆ་མང་པོ་ཞིག་ལ་ཆ་རྒྱུས་མེད་པར་གྱུར་ཡོད། བྲ་སོག་སྡེ་བའི་རྒད་པོ་སྐྱ་བྷེས་གདོང་ལ་སྐྱིད་པའི་འཛུམ་ཞིག་བསྡུས་བཞིན། “འདི་ལྟ་བུའི་བྱེད་སྒོ་ལོ་རེ་རེར་བཞིན་སྤེལ་བཞིན་ཡོད་ཅིང་། བྱེད་སྒོ་འདི་འདྲ་བརྒྱུད་ནས། སྔོན་གྱི་འཚོ་བའི་སྲོལ་རྒྱུན་མང་པོ་ཞིག་རྒྱུན་འཛིན་དར་སྤེལ་གཏོང་བར་ཕན་པ་ཆེན་པོ་ཡོད་ལ། འགྲན་སྡུར་གྱི་ནང་དོན་རྣམས་འབྲོག་པའི་འཚོ་བ་དང་ཡང་ཤིན་ཏུ་ཐག་ཉེ་བས་ན། མང་ཚོགས་བྱེད་སྒོ་འདིར་ཞུགས་པ་དང་རོལ་མྱོང་བྱེད་པར་སྤྲོ་བ་ཆེན་པོ་འདུག ང་ཡང་དེ་རིང་རྫོང་ཐོག་ནས་ཆེད་དུ་འགྲན་ཚོགས་ལ་བལྟ་རུ་ཡོང་བ་ཡིན།” ཞེས་བཤད། དེ་མིན་ཁོས། “དེང་སང་བསྐལ་པ་བཟང་ཞིང་། གོང་མ་ཚང་གི་བཀའ་དྲིན་གྱི་དབང་གིས། མང་ཚོགས་ཀྱི་འཚོ་བ་ཡང་སྔར་དང་བསྡུར་ན་གནམ་དང་ས་ཡི་ཁྱད་པར་ཡོད་ཅེས་བཤད་ཀྱང་ཆོག” ཅེས་སྨྲ།

སྦྲ་ནག་ཕུབ་པའི་འགྲན་སྡུར་ལས་ཨང་དང་པོ་ཐོབ་མཁན་གྱི་སྡེ་བ་སྟེ་ཉྭ་ནག་སོ་མའི་སྡེ་བའི་ཧྲུའུ་ཅི་ཀུན་བཟང་ལགས་ཀྱིས། “ཤན་འབྱེད་པ་རྣམས་ཀྱིས་སྦྲ་ཕུབ་པ་ཚད་ལ་ལོན་ཡོད་མེད་ལ་བལྟ་བ་སྟེ། བྱེ་བྲག་ཏུ་སྦྲ་ཕུབ་པའི་དུས་ཡུན་རིང་ཐུང་དང་། སྦྲའི་ཆོན་ཐག་འཐེན་པ་བཏང་ལྷོད་ཤོར་ཡོད་མེད། སྲུང་བའི་ཕོ་ལོང་མོ་ལོང་སྦྲེལ་བ་ཚད་ལྡན་ཡིན་མིན། ནང་ཀ་བཞི་པོ་བསླངས་པ་དྲང་མིན། གྲུ་གཏད་བཞི་པོ་གཏད་ས་འཕྱུག་ཡོད་མེད་དང་དེར་སྲུང་མདོ་བཞག་ཡོད་མེད་སོགས་ལ་བལྟ་བ་ཡིན”ཞེས་བཤད། ཉྭ་ནག་སོ་མ་སྡེ་བའི་རྒད་པོ་ལུང་རིགས་ལགས་ཀྱིས། “གནའ་དེང་མ་ཡིན་ན་སྦྲ་ནག་ལ་མགོ་སྦྲ་ཞེས་མགོ་ཁང་ཁྱིམ་གྱི་འདང་བརྩེ་ཟབ་མོ་ཡོད་ལ། ད་སྐབས་དགའ་སྟོན་སོགས་ཀྱི་སྐབས་སུ་སྦྲ་ཕུབ་པ་མ་གཏོགས་མང་པོ་མཐོང་རྒྱུ་མི་འདུག་ཅིང་། གཞོན་སྐྱེས་རྣམས་ཀྱིས་སྦྲའི་བྱེ་བྲག་གི་མིང་གསལ་པོ་ཞིག་བཤད་ཤེས་པ་ཡང་ཉུང་ཉུང་རེད”འདི་ལྟ་བུའི་འགྲན་སྡུར་སྤེལ་བ་ལ་དོན་སྙིང་ཆེན་པོ་ལྡན་པའི་གདེང་དང་བཅས་དེ་ལྟར་བཤད།

གོས་བཟང་མར་ཁུས་སིམས་པ་ལྟར་ཡུལ་འདིའི་འབྲོག་པ་མང་ཚོགས་ལ་བོད་དྲི་མ་ཡལ་བའི་སྲོལ་རྒྱུན་རིག་གནས་ཀྱིས་ཕྱི་ནང་གསང་གསུམ་ཁྱབ་འདུག་ཅིང་། རིག་གནས་ཀྱི་ཉིང་བཅུད་དང་ལེ་ལག་ཐམས་ཅད་འཚོ་བའི་ཟ་ཟུར་མ་ལུས་ནས་མི་འབོར་བར་དགའ་སྐྱོ་ཆགས་སྡང་དང་ངོ་བོ་འདྲེས་སུ་བཅུག་ཅིང་། དུས་དང་འཕྲོད་པར་རྒྱུན་འཛིན་དང་བེད་སྤྱོད་བཏང་བ་ནི་རིག་གནས་ཤིག་འཛིན་སྐྱོང་སྤེལ་གསུམ་གྱི་ཐབས་མཆོག་བླ་ན་མ་མཆིས་པ་ཞིག་ཡིན་པས། འབྲོག་པ་མང་ཚོགས་ཀྱིས་འདི་ལྟ་བུའི་བྱས་རྗེས་རྨད་དུ་བྱུང་བ་བཞག་དང་འཇོག་བཞིན་པ་ནི་དཔྱོད་ལྡན་ཀུན་གྱིས་ཆེས་ཆེར་བསྟོད་པར་འོས་པའི་གནས་དམ་པ་ལགས་ལ། ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་དར་སྤེལ་ལའང་བསམ་གྱིས་མི་ཁྱབ་པའི་བྱས་རྗེས་རླབས་པོ་ཆེ་བཞག་བཞག་དང་འཇོག་བཞིན་ཡོད་པ་གོར་མ་ཆག་གོ །

བྱེད་སྒོ་སྤེལ་སའི་མདུན་ཐད་དུ། མཚོ་འཁྱིལ་ཤང་གི་སྡེ་བ་སོ་སོའི་མཉམ་ལས་ཁང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་འགྲེམ་ཚོང་བྱེད་བཞིན་ཡོད། དེ་ནི་ལོ་འདི་འགའི་རིང་ལ། ཤང་ཏང་ཨུ་དང་སྲིད་གཞུང་གིས་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་བྱེད་པའི་ཡང་དག་པའི་སྲིད་ཇུས་ཤུགས་ཆེན་པོས་ལག་ལེན་དུ་བཏབ་པ་དང་། སྡེ་བ་སོ་སོས་འབད་པ་མཐར་བསྐྱར་བྱས་པ་བརྒྱུད་ནས་ཐོབ་པའི་གྲུབ་འབྲས་རྨད་དུ་བྱུང་བ་ཞིག་རེད། ཆོས་རྒྱས་སྡེ་བའི་བྲག་ཐོ་ཁྲ་ལོག་མཉམ་ལས་ཁང་ནི་མཚོ་འཁྱིལ་ཡུལ་ཚོའི་སྡེ་བ་སོ་སོའི་མཉམ་ལས་ཁང་ལས་ཁྱད་དུ་འཕགས་པའི་དགེ་མཚན་གྱིས་མངོན་པར་ཕྱུག་པའི་མཉམ་ལས་ཁང་ཞིག་རེད། ཆོས་རྒྱས་སྡེ་བའི་ཧྲུའུ་ཅི་བཙན་ཕྱུག་སྟོབས་ལྡན་གྱིས། “གྲོང་གསེབ་དར་སྤེལ་གྱི་སྲིད་ཇུས་སྤེལ་བ་དང་། ཆོས་རྒྱས་སྡེ་བ་ནས་རྩྭ་ཕྱུགས་དོ་མཉམ་གྱི་སྲིད་ཇུས་ལག་ལེན་དུ་བཏབ་པ་དང་བསྟུན། ཆོས་རྒྱས་སྡེ་བའི་བྲག་ཐོ་ཁྲ་ལོག་མཉམ་ལས་ཁང་ཡང་དུས་དང་མཐུན་པར་བཙུགས་པ་དང་། མཉམ་ལས་ཁང་འདིས་རང་སའི་ནོར་ལུག་གི་ཤའི་ཐོན་ཁུངས་དགེ་མཚན་ལ་བརྟེན་ནས། ནོར་ལུག་གི་ཤ་བསླད་མེད་ཟི་ལིང་སོགས་གྲོང་ཁྱེར་དུ་མཁོ་སྤྲོད་བྱེད་བཞིན་ཡོད་ཅིང་། ན་ནིང་མཉམ་ལས་ཁང་བཙུགས་པ་ནས་ད་ལོའི་ཟླ་དྲུག་པའི་བར་ཡོང་སྒོ་རྐྱང་པ་སྒོར་ཁྲི26ལས་བརྒལ་བ་བྱུང་འདུག”ཅེས་བཤད།

སྐྱེས་ཆེན་བྱིན་རླབས་ཁྲི་གདུགས་འོད་ལ་འགྲན། །དམངས་ཀྱི་བདེ་སྐྱིད་དབྱར་མཚོའི་དཔལ་ལས་ལྷག །དགའ་སྤྲོས་གུས་བསྟོད་འབུལ་བའི་ཉམས་བཟང་ལ། །ཁྲི་ཤོག་རྒྱལ་མོ་དགའ་བས་རླབས་རིས་གཡོ། ། ཉིན་གཉིས་རིང་གི་མཚོ་འཁྱིལ་ཡུལ་ཚོའི་རིག་གནས་ཟླ་བའི་བྱེད་སྒོ་ནི་ནང་དོན་ཕུན་སུམ་ཚོགས་ཤིང་རྣམ་པ་ཡིད་དུ་འོང་བའི་སྒོ་ནས་ད་ནི་རེ་ཞིག་མཇུག་རྫོགས་ལ་ཉེ་ཡང་། ས་གནས་དེའི་ལས་བྱེད་མང་ཚོགས་དང་ཕྱོགས་ཡོང་མགྲོན་པོ་རྣམས་ད་དུང་མགུ་མ་གང་བའི་ངང་ནས་འཕྲོ་ལུས་འགྲན་སྡུར་རྣམ་གྲངས་ལ་དགའ་བའི་དགོད་སྒྲ་དང་སྐྱིད་པའི་འཛུམ་མདངས་དང་བཅས་ལྟ་བར་བྱེད། མཚོ་འཁྱོལ་ཤང་སྲིད་གཞུང་གི་ཤང་ཀྲང་གཞོན་པ་ཀླུ་ཐར་ལགས་ཀྱིས། “ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་ལས། ད་སྐབས་མི་དམངས་མང་ཚོགས་ཀྱི་འབྱོར་བ་དབྱར་མཚོ་རྒྱས་པ་ལྟར་འཕེལ་ཡོད། ཡིན་ནའང་། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ད་དུང་དེ་འདྲའི་ཕུན་སུམ་ཚོགས་པ་ཞིག་བྱུང་མེད་པས། འདི་ལྟ་བུའི་རིག་གནས་བྱེད་སྒོ་ལ་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད”ཅེས་བཤད།

མཚོ་སྔོན་པོས་རང་གི་ཆེས་བླ་ན་མ་མཆིས་པའི་སྐྱེས་ཀྱི་དམ་པ། བསོད་ནམས་ཀྱི་དཔལ་གྱིས་ཕྱུག་པའི་དངོས་གྲུབ་ཡོད་ཚད། ཆེས་དྭངས་གཙང་གི་རླབས་རིས་དང་སྡོངས་ནས་མཚོ་འཁྱིལ་མི་དམངས་ཀྱི་མདུན་སར་ཡང་དང་ཡང་དུ་སྐྱེལ་གྱིན་མཆིས་ལ། མཚོ་འཁྱིལ་མི་དམངས་རྣམས་འབྱོར་ཕྱུག་དཔལ་གྱིས་མྱོས་ནས། “ཏང་གི་དྲིན་ཚོར། ཏང་གི་བཀར་ཉན། ཏང་གི་རྗེས་འབྲང” ཞེས་པ་ངག་ལ་ཟློ་བཞིན་སྐྱིད་པའི་རྐང་བྲོ་འཁྲབ་ཅིང་དགའ་བའི་གླུ་གཞས་ལེན་བཞིན་ཡོད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号