བོད་རིགས་གཞོན་སྐྱེས་སྒྱུ་རྩལ་པ་བསྟན་འཛིན་ཡེ་ཤེས།

བསྟན་འཛིན་ཡེ་ཤེས། སྤྱི་ལོ1993ལོར་བོད་ལྗོངས་ལྷ་སར་སྐྱེས། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་རྗེས་ལྷ་ས་གྲོང་ཁྱེར་ཞོལ་ལྷ་མོ་ཚོགས་པར་ཞུགས། ད་ལྟ་ཀྲུང་གོ་སྒྱུ་རྩལ་ཞིབ་འཇུག་གླིང་དུ་ཟློས་གར་རིག་པའི་འབུམ་རམས་པའི་སློབ་གནས་བརྩོན་ལེན་བྱེད་བཞིན་མཆིས།

བསྟན་འཛིན་ཡེ་ཤེས་ནི་ཆུང་དུས་ནས་ཨ་ཅེ་ལྷ་མོའི་ཟློས་གར་ལ་དགའ་ཞེན་ཆེ་ཞིང་། རང་ཉིད་དང་ཨ་ཅེ་ལྷ་མོའི་ཟློས་གར་བར་ལས་འབྲེལ་དམིགས་བསལ་ཅན་ཞིག་ཡོད་པའི་ངེས་ཤེས་ཆུང་དུས་ནས་སྐྱེས། དེས་ན་ཁོང་ཆུང་དུས་ནས་ཨ་ལྕེ་ལྷ་མོའི་ཟློས་གར་ལ་བལྟ་བར་གོམས་ཤིང་། ཞར་ཞོར་དུ་ཨ་ལྕེ་ལྷ་མོའི་ཟློས་གར་གྱི་རྣམ་ཐར་དང་འཁྲབ་ཁྱེར་སོགས་རང་སྦྱོང་ཡང་བྱས།

2016ལོར། བསྟན་འཛིན་ཡེ་ཤེས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་ཐད་ཀྱི་དངོས་གཞིའི་འཛིན་གྲྭ་ནས་མཐར་ཕྱིན་རྗེས། སློབ་གྲྭ་དེ་རང་གི་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་འཛིན་གྲྭར་རྒྱུགས་འཕྲོད། སྐབས་དེར་སྟེས་དབང་གི་གོ་སྐབས་ཤིག་གི་འོག་ཁོང་ནས་དགའ་གུས་ཆེན་པོ་ཞུ་བའི་ལྷ་ས་གྲོང་ཁྱེར་ཞོལ་ལྷ་མོ་ཚོགས་པའི་རྒན་སྤེན་པ་ཚེ་རིང་དང་རྒན་སྤེན་པ་ཟིལ་གནོན་ལགས་དང་མཇལ་བའི་སྐལ་བ་ཐོབ། སྐབས་དེར་བསྟན་འཛིན་ཡེ་ཤེས་ནས་རྒན་ལགས་ཁོང་གཉིས་ལ་ཁོང་གཉིས་ཀྱི་ཞབས་ལ་གཏུགས་ནས་ཨ་ལྕེ་ལྷ་མོའི་ཟློས་གར་ལ་སློབ་སྦྱོང་བྱ་རྒྱུའི་རེ་འདུན་ཞུས་པར། རྒན་ལགས་ཁོང་གཉིས་ནས་ཀྱང་དེ་དོན་ཞལ་བཞེས་གནང་། བསྟན་འཛིན་ཡེ་ཤེས་རབ་འབྱམས་ཞིབ་འཇུག་སློབ་མའི་འཛིན་གྲྭ་ནས་མཐར་ཕྱིན་རྗེས་ལས་ཞུགས་ཀྱང་ཞོལ་ལྷ་མོ་ཚོགས་པར་བྱས།

སྙིང་རུས་ཅན་གྱིས་རྡོ་ལ་ཨི་ཁུང་འབིགས་ཞེས་པ་ལྟར། བསྟན་འཛིན་ཡེ་ཤེས་ཀྱིས་གོ་སྐབས་དམ་འཛིན་གྱིས་ཨ་ལྕེ་ལྷ་མོའི་སྒྱུ་རྩལ་ལས་རྣམ་ཐར་དང་འཁྲབ་ཁྱེར་སོགས་ལ་སྦྱངས་པ་ལྷོད་མེད་གནང་བས། དུས་ཡུན་རིང་པོ་མ་སོང་བར་འཁྲབ་སྟོན་ཆེ་ཆུང་མང་པོར་ཞུགས་ཐུབ་པ་བྱུང་། ཆེད་ལས་ཀྱི་ཨ་ལྕེ་ལྷ་མོ་བ་ཞིག་ཏུ་གྱུར་རྗེས། བསྟན་འཛིན་ཡེ་ཤེས་ནས་དེར་ཡིད་ཚིམ་ནས་མ་བསྡད་པར། རྗེས་སུ་ཨ་ལྕེ་ལྷ་མོའི་སྒྱུ་རྩལ་ལ་ཞིབ་འཇུག་བྱེད་མཁན་ཞིག་ཏུ་འགྱུར་བའི་ཆེད། ཀྲུང་གོ་སྒྱུ་རྩལ་ཞིབ་འཇུག་གླིང་གི་ཟློས་གར་རིག་པའི་ཆེད་ལས་ཀྱི་འབུམ་རམས་པའི་འཛིན་གྲྭར་རྒྱུགས་བཏང་བ་དང་། མིག་སྔར་དེ་གར་ཀྲུང་གོའི་ཟློས་གར་གྱི་རིགས་པའི་གཞུང་ལུགས་དང་ནུབ་ཕྱོགས་ཀྱི་ཟློས་གར་གྱི་རིགས་པའི་གཞུང་ལུགས་སོགས་ལ་སློབ་གཉེར་གཏིང་ཟབ་བྱེད་བཞིན་ཡོད།

བསྟན་འཛིན་ཡེ་ཤེས་ཀྱིས་དེའི་གོང་འཁྲབ་སྟོན་ཕུད། ཨ་ལྕེ་ལྷ་མོའི་སྒྱུ་རྩལ་ཁྱབ་སྤེལ་གྱི་ལས་ཀ་ཡང་འབོར་ཆེན་སྒྲུབ་ཡོད་ཅིང་། ཨ་ཅེ་ལྷ་མོ་འཚོལ་སྙེག་ཅེས་པའི་སྐད་འཕྲིན་སྤྱི་སྟེགས་གཉེར་ནས་ཨ་ཅེ་ལྷ་མོའི་འབྲེལ་ཡོད་ཤེས་བྱ་དྲ་ལམ་ནས་ཁྱབ་སྤེལ་བྱས་པར་མི་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ། དེ་མིན་རྒྱལ་ཡོངས་རང་བཞིན་གྱི་རོལ་དབྱངས་འགྲན་ཚོགས་དང་། ཀོང་ཏུང་བརྙན་འཕྲིན་ལས་ཁུངས་ཀྱི་རྒྱལ་ཁབ་རོལ་མོའི་མཛད་ཆེན་ཞེས་པ། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་སོགས་བྱེད་སྒོ་མང་པོར་ཞུགས་པས། རང་ཉིད་ཀྱི་ཆེད་ལས་བྱང་ཚད་ཇེ་མཐོར་ཕྱིན་པ་མ་ཟད། བོད་ཀྱི་ཨ་ལྕེ་ལྷ་མོའི་སྒྱུ་རྩལ་རྒྱལ་ཡོངས་སུ་དྲིལ་བསྒྲགས་བྱེད་པའི་ཐད་ལ་ཡང་ནུས་པ་ཡག་པོ་ཐོན་ཡོད།

བསྟན་འཛིན་ཡེ་ཤེས་ད་དུང་སྒྲ་སྙན་དཀྲོལ་གཏོང་དང་དམངས་གླུ་ལེན་རྒྱུར་ཡང་མཁས་པས་ཁོང་གིས་ལས་ཞོར་སློབ་ཞོར་དུ་རང་ཉིད་ཀྱི་དཀྲོལ་ལེན་བརྩམས་བྱ་དྲ་ཐོག་ཏུ་སྤེལ་བར། མི་མང་པོའི་དགའ་བསུ་ཐོབ་དང་ཐོབ་མུས་རེད།

བསྟན་འཛིན་ཡེ་ཤེས་ནི་བརྩོན་སེམས་དང་འགན་སེམས་ཆེ་ལ། ཕུགས་འདུན་གྱི་ཆེད་དུ་བརྩོན་པ་ཆུ་བོའི་རྒྱུན་བཞིན་སྐྱོང་ཐུབ་མཁན་གྱི་གཞོན་སྐྱེས་རེ་བས་ཕྱུག་པ་ཞིག་རེད།

བསྟན་འཛིན་ཡེ་ཤེས་ནས་གསར་འགོད་པར་བརྗོད་དོན། མ་འོངས་པར་ང་རང་ནས་ཐོས་བསམ་སློབ་གཉེར་བྱེད་པའི་ཁྲོད་སྒྱུ་རྩལ་གྱི་སྙིང་པོ་རྟོགས་གང་ཐུབ་བྱ་རྒྱུ་དང་། ལྟད་མོ་བར་ཞབས་འདེགས་ཞུ་བའི་ཁྲོད་མི་ཚེའི་རིན་ཐང་བརྩོན་ལེན་གང་ཐུབ་བྱ་རྒྱུ་ཡིན་ལ། དེ་བས་ཀྱང་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཁོངས་སུ་གཏོགས་པའི་ཨ་ལྕེ་ལྷ་མོའི་སྒྱུ་རྩལ་འདི་ཉིད་དུས་རབས་གསར་པར་དྲང་སྲུང་གསར་གཏོད་བྱས་ནས་གང་དེར་སྐྱེ་སྟོབས་དང་ཉམས་སྣང་གསར་པ་རྒྱས་པ་བྱ་རྒྱུའི་ཆེད་འབད་བརྩོན་གང་ཐུབ་ཞུ་རྒྱུ་ཡིན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号