པདྨ་ཚེ་བརྟན་གྱི་གློག་བརྙན《གསའ》ལ་གཟེངས་རྟགས་ཆེན་པོ་ཞིག་ཐོབ་འདུག


ཉི་ཧོང་གི་ཏུང་ཅིན་ཡུལ་གྱི་སྤྱི་ཟླ11པའི་ཚེས1ཉིན། རེབ་སུམ་ཅུ་སོ་དྲུག་པའི་ཏུང་ཅིན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་གཙོ་འགྲན་སྡེ་ཚན་དུ་ཚུད་པའི་པདྨ་ཚེ་བརྟན་གྱི་གློག་བརྙན《གསའ》ལ་གློག་བརྙན་རྩེ་གྲའི་གཟེངས་རྟགས་ཐོབ། འདི་ནི་འཁྲབ་ཁྲིད་པ་ཁོང་གིས་རྒྱལ་སྤྱིའིAརིམ་པའི་གཙོ་འགྲན་སྡེ་ཚན་ནས་བཞེས་པའི་གཟེངས་རྟགས་ཐོག་མར་ཆགས་འདུག་ལ། དེ་མིན་བོད་ཀྱི་གློག་བརྙན་ལ་ཐོབ་པའི་བྱ་དགའ་མཐོ་གྲས་ཀྱང་རེད། 

འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ནི་བོད་ཀྱི་གློག་བརྙན་གྱི་སྲོལ་འབྱེད་པ་ཡིན་ལ། ཁོང་གི་གློག་བརྙན་སྔོན་མ《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》 《འཚོལ》《ཐར་ལོ》《ལག་དམར》 《དབུགས་ལྒང》སོགས་ཀྱི་མཚོན་པའི་གློག་བརྙན་མང་པོས་རྒྱལ་སྤྱིའི་སྒང་ནས་གོ་གནས་ངེས་ཅན་ཞིག་བཟུང་ཡོད་དེ།  ཐེངས་འདིའི་གློག་བརྙན《གསའ》ལ་མཚོན་ན་ཁོང་གི་ཤུལ་བཞག་གློག་བརྙན་བརྩམས་ཆོས་གྲས་ཀྱི་གཅིག་ཡིན་འདུག  གློག་བརྙན་འདི་རེབ་བརྒྱད་ཅུ་པའི་ཝེ་ནེ་སི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དང་། རེབ་ཞེ་བརྒྱད་པའི་ཁྲོ་རོན་ཁྲོ་རྒྱལ་སྤྱིའི་གློག་བརྙན་སོགས་སུ་ཞུགས་ཏེ་རྒྱལ་སྤྱིའི་བརྙན་ཞེན་པའི་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་མྱོང་པ་མ་ཟད། ཐེངས་འདིར་རྒྱལ་སྤྱིའིAརིམ་པའི་གློག་བརྙན་དུས་ཆེན་ལས་གློག་བརྙན་རྩེ་ཕུད་ཀྱི་བྱ་དགའ་བསྩལ་འདུག 

གཟེངས་རྟགས་སྩོལ་བའི་ཡུལ་དངོས་སུ། གློག་བརྙན་གསའ་ཡི་ཕབ་སྐྲུན་མཁན་ཀྲིག་ཧའོ་ཡིས་གཙོ་འཁྲབ་པ་སྦྱིན་པ་དང་། ཞོང་ཙི་ཆིས། ཚེ་བརྟན་བཀྲ་ཤིས་སོགས་ཀྱི་མཚོན་པའི་གློག་བརྙན་འདིའི་མགོ་མཇུག་བར་གསུམ་ཀུན་གྱི་ལས་བཟོ་པ་ཡོངས་ཀྱི་ཚབ་བྱས་ཏེ། ཏུང་ཅིན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ལ་བཀའ་དྲིན་ཞུས་པ་མ་ཟད། གཟེངས་རྟགས་འདི་ནི་དག་པའི་ཞིང་གི་འཁྲབ་ཁྲིད་པ་ཁོང་གི་ཐུགས་བདེ་ཞུ་ཐབས་ཡག་ཤོས་ཤིག་རེད་ཟེར།

དེ་དང་མཉམ་དུ། ཕབ་སྐྲུན་པ་ཀྲིག་ཧའོ་ཡིས་འཁྲབ་ཁྲིད་པ་ཁོང་གི་གློག་བརྙན་བཞུད་ལམ་ལ་རྗེས་དྲན་ཕྲན་ཙམ་བྱས་འདུག་ལ། ཁོས་བཤད་རྒྱུར་པདྨ་ཚེ་བརྟན་ནི་གཞན་ལ་ངོ་གནོངས་མི་དགོས་པའི་རྒྱལ་སྤྱིའི་བོད་ཀྱི་གློག་བརྙན་གྱི་སྣེ་ཁྲིད་པ་དང་། བོད་ཀྱི་ཕ་སྐད་གློག་བརྙན་གྱི་སྲོལ་འབྱེད་མཁན་ཡིན་པ་མ་ཟད། འཁྲབ་ཁྲིད་པ་ཁོང་གིས་སྒྲུང་གཏམ་གསར་རྩོམ་གྱི་ཉམས་མྱོང་དང་། སྔོན་ཐོན་རྩོམ་རིག་གི་གཞི་རྒྱུ་དེ་ཧ་ཅང་བྱང་ཆ་ཡོད་པའི་སྒོ་ནས་གློག་བརྙན་གསར་རྩོམ་ལ་འཚོ་བཅུད་བྱིན་ཡོད་ལ། ཁོང་གི་ཕ་ཡུལ་གྱི་རོལ་དབྱངས་གསུམ་དུ་གྲགས་པའི《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》《འཚོལ》《ཁྱི་རྒན》 དེ་ནས《གསའ》ཡི་བར་དུ། གློག་བརྙན་སྐད་བརྡ་དང་རྣམ་པའི་སྟེང་ཐོག་མཐའ་བར་གསུམ་ནས་ཐོད་བརྒལ་བྱས་ཡོད་ལ།《གསའ》ནི་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ཁོང་གི་གསར་རྩོམ་ལམ་ཁའི་ཐོད་བརྒལ་ཆེན་པོ་ཞིག་རེད་ཟེར།

གློག་བརྙན《གསའ》འདིར་ཝང་ལི་ཡིས་བཟོ་སྐྲུན་པའི་འགན་ཁུར་འདུག་ལ། ཚེ་མདོ་ནས་ལག་བསྟར་བཟོ་སྐྲུན་པའི་འགན་ཁུར་འདུག དེ་མིན། གཙོ་འཁྲབ་པ་སྤྱིན་པ་དང་ཞོང་ཅི་ཆིས། ཚེ་བརྟན་བཀྲ་ཤིས། བརྙན་ལེན་པMatthias Delvaux  ཁྱད་རྩལ་འཛུབ་སྟོན་པ་ཀྲང་ཧན་སུའུ་སོགས་གཟིགས་འབུལ་ཡུལ་དངོས་སུ་ཡོང་ཞིང་། རྒྱལ་ཁབ་འདྲ་མིན་གྱི་ལྟད་མོ་པ་སྟོང་ཕྲག་ལྷག་གིས་གློག་བརྙན་འདི་ལ་མཉམ་རོལ་བྱས་རྗེས། བསྟོད་པའི་ཐལ་མོའི་རྡེབ་སྒྲ་ཡུན་རིང་དུ་གྲག

图片

གློག་བརྙན《གསའ》ནི་འཁྲབ་ཁྲིད་པ་ཁོང་གི་གཏམ་རྒྱུད་གློག་བརྙན་བརྒྱད་པ་ཡིན་ལ། འདི་ནི་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ནས་སྤྱི་ལོ2020ལོའི་ནད་ཡམས་སྐབས་སུ་རང་ཁྱིམ་ནས་བྲིས་པའི་གཏམ་རྒྱུད་ཅིག་ཡིན་ཏེ། འཁྲབ་གཞུང་འབྲི་བ་ནས་མཇུག་གི་གློག་བརྙན་བཟོ་སྐྲུན་གྱི་གོ་རིམ་བར་ཏག་ཏག་མི་ལོ་གསུམ་གྱི་དུས་ཚོད་སྤྱད་ཡོད། ཚང་མས་ཤེས་གསལ་ལྟར། གསའ་ནི་འཛམ་གླིང་གི་ཚར་ཉེན་དུ་སླེབས་པའི་རི་སྐྱེས་སྲོག་ཆགས་ཤིག་ཡིན་ལ། དེ་ནི་བོད་ཀྱི་རིག་གནས་ཁྲོད་གོ་གནས་ངེས་ཅན་ཡོད་པའི་ལྷའི་སྒོ་ཟོག་ལྟ་བུ་ཞིག་ཀྱང་ཡིན་འདུག འོན་ཀྱང་། གློག་བརྙན་འདིའི་ནང་། གསའ་ཞིག་གིས་འབྲོག་པའི་ཁྱིམ་ཚང་ཞིག་གི་ལུག་དགུ་བསད་པའི་གཏམ་རྒྱུད་ཅིག་གཞིར་བཟུང་སྟེ། ལུག་བདག་དང་སྲུང་སྐྱོབ་ཚོགས་པའི་བར་ལ་རྩོད་ཉོག་རབ་དང་རིམ་པ་བྱུང་ཞིང་། མདོར་ན་གསའ་གློད་གྲོལ་བྱ་མིན་ལ་སོ་སོའི་གནས་ལུགས་ཚུགས་པའི་བསམ་བློའི་ལངས་ཕྱོགས་བསྟན་ཡང་། མཇུག་མཐར་ཅི་ཡིན་འདི་ཡིན་མེད་པར་ཕན་ཚུན་ལག་བསྲེས་པའི་ཚད་དུ་ཐོན། གཏམ་རྒྱུད་ཁྲོད་མི་དང་གསའ་ནི་ཕྱི་ངོས་ཀྱི་འགལ་ཟླའམ་ངོས་འཛིན་གཅིག་མཐུན་ཙམ་མ་ཡིན་པར། གསའ་དང་གློག་བརྙན་ཁྲོད་ཀྱི“གསའ་བླ་མའི”དངོས་བརྒལ་གྱི་འབྲེལ་སྟངས་དེས། བརྩེ་སེམས་དང་ཕན་ཚུན་རྟེན་འབྲེལ་གྱི་སྣང་བརྙན་ཞིག་བཞེངས་འདུག  

གཙོ་འཁྲབ་པ། སྤྱིན་པ། 

པདྨ་ཚེ་བརྟན་གྱི་གློག་བརྙན་ཁྲོད་དུ། སྲོག་ཆགས་ནི་མཚན་ཉིད་རིག་པའི་བསམ་བློའི་ལྟ་བ་བརྒྱུད་སྒྲོག་གི་ཡིད་བརྙན་གཙོ་ཤོས་རེད། ཐེངས་འདིར་གསའ་ནི་གཏམ་རྒྱུད་ཀྱི་བརྗོད་བྱར་གྱུར་ཡོད་དེ།  དེ་ཡིས། མཐོ་སྒང་གི་མི་དང་གཅན་གཟན། རང་བྱུང་ཁམས་བར་གྱི་རྟེན་འབྱུང་གི་འབྲེལ་བར་བསམ་གཞིགས་དང་ཚོད་བགམ་བྱས་འདུག  

གློག་བརྙན་འདི་ལ་པདྨ་ཚེ་བརྟན་ཁོང་གི་གློག་བརྙན་མཛེས་དཔྱོད་ཀྱི་ཁྱད་ཆོས་ཏེ། རྨི་ལམ་དང་སྙན་ངག་གི་བྲོ་བའི་ཁྱད་ཆོས་སྤྱད་ཡོད་དེ། གཏམ་རྒྱུད་ཀྱི་དངོས་ཡོད་དང་དངོས་བརྒལ་གྱི་རྣམ་པ་ཚོན་མདོག་དང་སྐྱ་བརྙན་གྱི་རྣམ་པས་བསྐྲུན་འདུག དེ་མིན། གློག་བརྙན་འདི་ནི་པདྨ་ཚེ་བརྟན་ལགས་ཀྱི་གཞི་རྒྱ་ཆེས་ཆེ་བའི་བཟོ་སྐྲུན་དང་། CGལག་རྩལ་སྤྱད་པའི་གློག་བརྙན་ཐོག་མ་ཡིན་འདུག


ཝེ་ནེ་སིའི་གཟིགས་འབུལ་རྗེས་ནས། ཆེད་མཁས་བརྙན་དཔྱད་པ་མང་པོས་བཤད་རྒྱུར། པདྨ་ཚེ་བརྟན་ལ་གཏིང་ཟབ་པའི་བོད་པའི་རིག་གནས་ཀྱི་མཐོང་ནུས་ཡོད་པ་མ་ཟད། རྒྱལ་སྤྱིའི་རང་བཞིན་གྱི་གཏམ་རྒྱུད་ཞིབ་བརྗོད་ཀྱི་མཐོང་རྒྱ་ཡང་འདུག མ་རྩ་དམའ་བའི་ཚད་བཀག་གི་བཟོ་སྐྲུན་ལས། CGལག་རྩལ་ཀྱིས་བཟོ་སྐྲུན་བྱས་པའི་གསའ་ནི་གསལ་ཞིང་དྭངས་ལ། གསོན་ཉམས་དོད་པ་ཞིག་རེད་ཟེར།  དེ་མིན། ཆེད་ལས་བརྙན་དཔྱད་སྨྱན་སྦྱོརThe Film Verditལགས་ནས་བཤད་རྒྱུར། གཏམ་རྒྱུད་འདི་ནི་ཞིབ་ཅིང་ཕྲ་ལ། ཡིད་འགུལ་བ། ཕུན་སུམ་ཚོགས་པ་ཞིག་རེད། གློག་བརྙན་འདིའི་དམིགས་བསལ་གྱི་མཐོང་ཚོར་གྱིས་བོད་པའི་རིག་གནས་ཀྱི་ཟབ་ཚད་དང་མཛེས་པའི་ཆ་མངོན་འདུག་ལ། མི་དང་རང་བྱུང་ཁམས་ཀྱི་མཉམ་གནས་འབྲེལ་བ་མཐོ་ཚད་གསར་བ་ཞིག་ཏུ་བསྟད་འདུག་ཟེར།

འཁྲབ་རོགས་པ། ཞོང་ཙི་ཆིས།

འཁྲབ་རོགས་པ། ཚེ་བརྟན་བཀྲ་ཤིས། 

གློག་བརྙན་འདི་ནི་པེ་ཅིན་ནན་ཅི་གློག་བརྙན་ལས་རིགས་ཚད་ཡོད་ཀུང་ཟི་དང་། པེ་ཅིན་རིག་ལའེ་ཁའེ་ཁྲང་རིག་གནས་སྨྱན་སྦྱོར་ཀུང་ཟི། མཚོ་སྔོན་མ་ཎི་རྡོ་འབུམ་གློག་བརྙན་ལས་རིགས་ཚད་ཡོད་ཀུང་ཟི། ཧྲིན་ཀྲིན་མཛོ་སྣ་གློག་བརྙན་ལས་རིགས་ཚད་ཡོད་ཀུང་ཟི། ཨེ་ཆི་དབྱི་གློག་བརྙན་ལས་རིགས་པེ་ཅིན་ཀུང་ཟི། པེ་ཅིན་ཝིན་ཐིག་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་ཟི། ཧང་ཀྲིག་ཧའེ་ཞི་གློག་ཆས་ཚོང་དོན་ཚད་ཡོད་ཀུང་ཟི། ཧྲང་ཧའེ་ཧྥང་ཐན་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་ཟི། པེ་ཅིན་ཡུན་ཧྭ་ཧྲི་ཀང་གློག་བརྙན་ལས་རིགས་ཚད་ཡོད་ཀུང་ཟི་བཅས་ཀྱིས་མཉམ་འབྲེལ་གྱིས་ཕབ་སྐྲུན་བྱས་ཤིང་། མཚོ་སྔོན་མ་ཎི་རྡོ་འབུམ་གློག་བརྙན་ལས་རིགས་ཚད་ཡོད་ཀུང་ཟི་དང་ཀྲུང་གོ་མཛེས་རྩལ་སློབ་གླིང་གློག་བརྙན་སྨྱན་སྦྱོར་ཚད་ཡོད་ཀུང་ཟི་གཉིས་ནས་བཟོ་སྐྲུན་ལས་ཁུངས་ཀྱི་འགན་ཁུར་ཡོད། 


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号