ས་སྲོས།

 ཅུས་ཞན་ལིན་གྱིས་བརྩམས། བྱ་གཞུང་སྐལ་ལོས་བསྒྱུར།   

ས་སྲོས་ནི་ངོ་མཚར་ཞིང་ལྐོག་གྱུར་ལྡན་པ་ཞིག་རེད། གལ་ཏེ་མི་རྣམས་ཉིན་གཅིག་ལ་འཚོ་ཐུབ་པའི་དབང་དུ་བཏང་ན། ཁོ་ཚོར་ཡང་ཉིན་དེའི་མཐའ་མཇུག་གི་ས་སྲོས་ལ་རོལ་མྱོང་བྱེད་པའི་གོ་སྐབས་རེག་ངེས་ཡིན། འོན་ཀྱང་། ལོ་ཟླ་རེས་མོས་སུ་འཁོར་ཞིང་། རྫོགས་མེད་ཀྱི་འཚོ་བའི་ཁྲོད་ས་སྲོད་ཀྱང་བགྲང་གིས་མི་ལང་བ་ཞིག་འདའ་གྱིན་ཡོད་མོད། ཡིན་ཡང་། དེ་ལ་ངེས་པ་དོན་གྱིས་རྒྱུས་ལོན་ཐུབ་མཁན་གྱི་མི་ནི་ག་ཙམ་གདའ།

ཞོགས་པར། སྔས་འགྲམ་ཀྱི་རྨི་ལམ་དང་བསྡོངས་ནས་ཁོ་ཚོ་ཡང་གཞི་ནས་གཉིད་ལས་སད་ཅིང་། ཉིན་གཅིག་གི་འཚོ་བའི་བཞུད་ལམ་བསྙེག་མགོ་བརྩམས། སོང་གིན་སོང་གིན་དུ་ཉིན་གུང་ལ་སླེབས་ཤིང་། ཀྱག་ཀྱོག་གི་ལམ་བུ་བརྒྱུད་དེ་ཤེས་མེད་ཚོར་མེད་ངང་ཉིན་གཅིག་གི་འཚོ་བའི་མཇུག་སྐྱོང་དུས། རྒྱང་རིང་ན་དུ་སྤྲིན་དཀར་པོ་ལྡང་ཞིང་། ཤིང་སྡོང་གི་ཡལ་གར་གསེར་མདོག་གི་འོད་སྣང་འཚེར་ལ། སྲོད་ཁའི་ཉི་ཟེར་ཕོག་པའི་བྱ་ཁྱུ་རྣམས་ཕྱིར་ལོག་སྐབས་ཁོ་ཚོའི་ནང་སེམས་ལ་སྨྲ་མི་ཤེས་པའི་སྐྱོ་ངལ་གྱིས་གཟིར། གཞི་ནས་མུན་རུབ་མགོ་བརྩམས། ཁོ་ཚོས་ལྷིང་འཇགས་དང་རྨི་ལམ་གྱི་ཕེབས་འབྱོར་ལ་ངང་སྒུག་ཚད་མེད་བྱས་ཤིང་། དེ་དང་ཆབས་ཅིག མཚན་ལྗོངས་ཀྱིས་ཁོ་ཚོའི་མིག་ཟུང་བསྒྲིབ་ཅིང་ནང་སེམས་འཁྲུག་པར་བྱས། གུ་དོག་པའི་རང་ཁྱིམ་དུ་ཁྱིམ་ལས་ཙག་ཙིག་ལ་བྲེལ་ནས་ས་སྲོས་ཀྱང་རང་དགར་མི་བསྐྱུར་ཀ་མེད་བྱུང་། གལ་ཏེ་མི་ཞིག་གིས་ཁྱེད་ལ་ས་སྲོས་མཐོང་ཨེ་བྱུང་ཞེས་དྲིས་ཚེ། ས་སྲོད་ནི་ཅི་འདྲའི་མཛེས་ཤིང་སྡུག་ཨང་ཞེས་ཟེར་མོད། དེ་དུས་ཁོ་ཚོ་སྔར་བཞིན་བྲེལ་ཟིང་གི་ཀློང་ན་ཡོད་པ་མ་ཡིན་ནམ།

དེ་ཡང་ལོས་ཡིན། ཁོ་ཚོས་རི་གྲོང་ལས་སླར་ཡང་ས་སྲོད་ལ་རེ་ལྟོས་བྱེད་སྐབས། དེ་ཉིད་གཞི་ནས་དུ་སྤྲིན་དཀར་པོ་དང་། ཡལ་གར་འཁྱུད་པའི་གསེར་མདོག་གི་འོད་སྣང་། བྱ་རོག་ལ་འཕྲོས་པའི་སྲོད་ཁའི་ཉི་ཟེར་དང་བསྡོངས་ནས་འཇའ་ལྟར་ཡལ་སོང་། ད་ནི་མག་མོག་གི་མཚན་མོ་ལས་ཅི་ཡང་མི་སྣང་བར། ས་སྲོས་ཀྱང་། དཔྱིད་ཀྱི་རྨི་ལམ་སྦྲུམ་པ་བཞིན་ནམ་འོང་ཆ་མི་འཚལ་བར་ཁོ་ཚོའི་སེམས་ངོགས་སུ་འཁྱུག་ཙམ་བྱས་རྗེས་སླར་ཡང་གར་སོང་ཆ་མེད་དུ་གྱུར་འགྲོ།

ས་སྲོས་བཞུད་སོང་། དེ་ཉིད་གནས་གང་ཞིག་ཏུ་མཆིས་སོང་ངམ། ཡང་ན་གནས་གང་ཞིག་ནས་འབྱོན་པ་ཡིན། དེ་ནི་བདག་གིས་ཀྱང་མི་རྟོགས་ལ་གཞན་དག་ཀྱང་ལྟ་ཅི་སྨོས། བདག་ཀྱང་ས་སྲོས་དང་ཉེ་བར་བཅར་ནས་དེ་ལ་གཏིང་འདྲི་ཞིག་བྱེད་འདོད། ཤར་ཕྱོགས་ནས་འོང་ངམ་ཞེ་ན་དེ་ནི་ཉི་མའི་ཤར་ཕྱོགས་སུ་འདོད་ལ། ནུབ་ཕྱོགས་ཡིན་ནམ་ཞེ་ན་དེ་ཡང་མཚམས་སྤྲིན་གྱི་ལྡང་ཡུལ་མ་ཡིན་ནམ། ལྷོ་ཕྱོགས་ནི་འོད་དང་ཚ་བ་འབར་བའི་གནས་ཤིག་ཡིན་ཕྱིར། ད་ནི་བྱང་ཕྱོགས་ཁོ་ནར་གཏུག་པ་ལས་ཐབས་ཅི་ཡོད། ང་ཚོས་ཀྱང་དེ་ལྟར་འདོད་ཚེ། བྱང་སྣེ་ནི་འཁྱགས་རོམ་གྱི་རྒྱ་མཚོ་ཞིག་སྟེ། ང་ཚོས་ཀྱང་འོད་ཆེམ་ཆེམ་གྱི་གནམ་ས་དང་། མུ་མེད་ཀྱི་གངས་ཐང་། དཀར་ཆེམ་ཆེམ་གྱི་འཁྱགས་རི་སོགས་ཡོད་པར་བློས་བསླངས་བྱས་ཆོག་པ་ཡིན། དེ་ནས་བྱང་གི་ཡུལ་ཁམས་བརྟོལ་ཚེ་སྐྱ་ཐིང་ཐིང་གི་མཁའ་མཐའ་རུ་གནམ་ས་གོ་འབྱེད་མི་ཐུབ་ལ། ས་གཞི་དང་། ཁ་བ། ཆབ་རོམ་གྱི་དབྱེ་བའང་མི་འཁོར་བས། ཡོད་ཚད་མག་མོག་ཏུ་སྣང་ཞིང་། རབ་རིབ་ཀྱི་ས་སྲོས་ཀྱང་ཏག་ཏག་གནས་འདི་ག་རུ་སྤྲུལ་ནས་འོངས་པ་མ་ཡིན་ནམ།

དེའི་ཕྱིར། སྤྲུལ་བ་ཐེངས་ཤིག་གི་རྗེས་སུ་སླར་ཡང་ཕྱི་རུ་མཆེད་མགོ་བརྩམས། སྤང་ཐང་ཆེན་མོ་དང་རྩྭ་ཐང་ཡངས་པོར་གྲིབ་ནག་ཆེན་པོས་གཡོགས་ཤིང་། ནགས་ཀློང་སྟུག་པོར་འཐིམས་ནས་སྨག་རུམ་གྱི་མཚན་མོར་གྱུར་ཞིང་། ཆུ་ཕྲན་དང་མཉམ་དུ་མག་མོག་གི་ས་སྲོས་ཀྱང་སྣང་བ་ཆུ་རྒྱུན་གྱི་ཀློང་དུ་འདྲེས་ནས་དེའི་གཏིང་རུམ་ལས་འོད་ཀྱི་ཉག་མ་ཞིག་གསལ་ལེར་མངོན་ཐུབ་ལ། རི་བོའི་དབུ་རྩེར་འཁྱུད་ནས་སྐར་མ་དང་ཟླ་བའི་འོད་སྣང་བསྩལ། གྲོང་སྡེ་ཆུང་ངུ་རུ་དུ་སྤྲིན་གྱི་ཡོ་ལང་རྣམ་པར་རྒྱས། གྱང་རལ་གྱི་གྲུ་ཟུར་རེ་རེ་ཚལ་བར་བཤགས་ནས་སྡོམ་རྒྱའི་དབང་འོག་ཏུ་ཚུད་ཅིང་། དེ་ནས་སླར་ཡང་མུ་མེད་ཐང་སྟོང་གི་བྱེ་ཐང་བརྒལ་ནས་རང་རེའི་རྒྱལ་ཁམས་སུ་སླེབས་ངེས་ཡིན། བདག་ཀྱང་ས་སྲོས་ལ་ཕྱོགས་ནས་བྱེ་ཐང་དུ་འགྲེང་བ་ཡིན་ན། ས་སྲོས་ཀྱང་མུ་མཐའ་བྲལ་བའི་རྒྱང་རིང་གི་གནམ་སའི་མཚམས་ནས་བདག་ཕྱོགས་སུ་འོང་བ་རྟོག་བཟོ་བྱས་ཆོག་ལ། དེ་ནི་མག་མོག་གི་སྨུག་སྤྲིན་དཀར་པོ་ཞིག་གམ། ཡང་ན་ཕྱོགས་མཐར་ལྡང་བའི་འཇའ་སྤྲིན་གྱི་གཟུགས་སུ་སྤྲུལ་བ་ཨེ་ཡིན། དེ་ཉིད། བདག་གམ་དུ་བཅར་དུས་སྔར་བཞིན་གྲིབ་གཟུགས་ཤིག་སྟེ། སླར་ཡང་རང་རེའི་རྒྱལ་ཁམས་སུ་ལོག་ནས་རྒྱང་རིང་གི་དུ་སྤྲིན་དཀར་པོ་དང་འདྲེས་ཏེ། ཡལ་གར་སྣང་བའི་གསེར་མདོག་གི་འོད་སྣང་དང་། སྲོད་ཁའི་ཉི་ཟེར་ཕོག་པའི་བྱ་ཁྱུ་དང་ལྷན་དུ་དལ་བ་དལ་བུར་མི་རྣམས་ཀྱི་ནང་སེམས་ལ་འབབ་དུས། ཁོ་ཚོས་སླར་ཡང་ཕྱི་རོལ་དུ་མི་བསྐྱུར་ཀ་མེད་བྱུང་།

ཡིན་ནའང་། ཕྱི་རོལ་དུ། དེས་མི་རྣམས་ཀྱིས་སེམས་ཁྲལ་བྱེད་མིན་ལ་སྣང་དོགས་མེད་ཅིང་། ཁེར་རྐྱང་དང་གདུང་སེམས་དྲག་པོས་ཁོ་ཚོར་འཕྲུལ་སྣང་དང་སྙན་ངག་འདྲེས་མའི་བྱིས་སྒྲུང་གི་འཇིག་རྟེན་བསྐྲུན་ཞིང་། རབ་རིབ་ཀྱི་འོད་སྣང་དེ་ཡང་མེ་ལོང་དུ་ལྡོག་འཕྲོ་བྱས་པའི་གྲིབ་གཟུགས་ཤིག་དང་གཉིས་སུ་མེད་པར། བྱ་དངོས་ཡོད་ཚད་ལ་དངུལ་མདོག་གི་རྨི་ལམ་མཚར་བོས་བརྒྱན་པར་བྱས། འོ་སྤྲི་དཀར་པོའི་མདངས་ལ་འཁུ་བའི་མཁའ་དབུགས་ཀྱང་དེ་དང་འདྲ་བར་རིམ་གྱིས་བསྐག་མགོ་བརྩམས། འོན་ཀྱང་། དེ་ནི་འཇམ་ཞིང་མཉེན་ལ་འབྱར་བག་ལྡན་པའི་རྒྱུ་བ་དང་ཞིག་དང་ཀུན་ནས་མཚུངས་ལ། དེ་ཡིས་ང་ཚོར་ཁུ་སིམ་སིམ་གྱི་སྣང་བ་ཞིག་བཅོས་མིན་དུ་སྦྱིན་འོང་ཏེ། ཉོན་དང་། ཡོད་ཚད་ལྷིང་འཇགས་གེར། ཁ་བ་ལྷབ་ལྷུབ་ཏུ་འབབ་བའི་དགུན་གཞུང་གི་མཚན་མོ་ཞིག་དང་ཅིས་མི་མཚུངས། ཡིན་ཡང་སྟོང་ལྷང་ལྷང་གི་རྣམ་པ་འདི་ལས་ཀྱང་གྲགས་འགུལ་མེད་པར་གྱུར་ཚེ། མི་མེད་ལུང་སྟོང་གི་དུར་ཁྲོད་ཞིག་ཏུའང་འགྱུར་ཉེན་གདའོ། མང་ཉུང་ཅི་ཡང་མེད་པར་འཇམ་ཞིང་མཉེན་པའི་ལྷིང་འཇགས་ཀྱིས་ཁོ་ཚོའི་ནང་སེམས་སྐྱོ་སྣང་གིས་དུབ་ཅིང་། འོད་མདངས་ཉམས་པའི་མཁའ་དབྱིངས་ནི་ཡོལ་རས་སྲབ་མོ་ཞིག་དང་འདྲ་བར། དེའི་སྟེང་དུ་ལྗོན་ཤིང་དང་། ཁང་བ། དུ་ཞགས་དང་སྤྲིན་དཀར་གྱི་འདབ་མ་སོགས་ཡོད་ཚད་དྲས་གཟུགས་ཀྱི་ལམ་ནས་ཕབ་པ་དང་ཀུན་ནས་མཚུངས། ཕར་ཚུར་གང་ཡིན་ཡང་། དགོང་ཁའི་མཚམས་སྤྲིན་དང་སྐར་འོད་ཀྱིས་བརྒྱན་ཞིང་ས་སྲོས་ནི་དངོས་གནས་སྙན་ངག་ཅིག་གམ་ཡང་ན་གླུ་དབྱངས་ཤིག བྱིས་སྒྲུང་ཞིག་དང་ཆ་འདྲ་བར། ཟླ་བའི་གུར་ཁང་ལས་མཆེད་པའི་གླིང་བུའི་དབྱངས་རྟ་དང་མཁའ་དབྱིངས་སུ་སྒྲོག་པའི་བྱེའུ་ཆུང་གི་སྐད་སྙན་དང་འདྲ་ལ། ལོ་ཆང་ཁམས་པའི་བདུད་རྩི་ལས་འཐུལ་བའི་དྲི་ཞིམ་བཞིན་བཤད་མི་ཤེས་པའི་ཚོར་བ་ཞིག་གིས་ཡོངས་སུ་བལྟམས་དུས། ལྟ་བས་ཆོག་མི་ཤེས་ལ། ཡིད་སེམས་རབ་ཏུ་འགུལ་བས་བསྔགས་བརྗོད་ཀྱི་ཚིག་དག་ཀྱང་ངག་ནས་ཐལ་ལོ། མཇུག་མཐར་སྔར་བཞིན་མི་རྣམས་ཀྱིས་ཕྱི་རོལ་དུ་རང་དགར་མི་བསྐྱུར་ཐུ་མེད་བྱུང་།

ངས་མི་རྣམས་ཀྱིས་འདི་ལྟར་ཕྱི་རོལ་དུ་རང་དགར་བསྐྱུར་བ་རེད་ཅེས་བརྗོད་རུང་ངམ། ངས་ཡིད་གཟབ་བྱེད་དོན་ཡང་། མི་རྣམས་ཞེས་འབོད་དོན་ཡང་ཐམས་ཅད་ལ་གོ་བ་མ་ཡིན་ཏེ། ཁོང་ཚོའང་ཡོད་ཚད་དུ་མི་གཏོགས་པ་ཐག་ཆོད་ཡིན། ང་རང་བྱིས་པའི་དུས་སྐབས་སུ་རྒྱུན་དུ་ཁྲོན་པ་ལས་ས་སྲོད་ཀྱི་འཆར་ནུབ་ལ་ངང་སྒུག་བྱེད་མཁན་ཞིག་སྟེ། ངས་ཀྱང་རང་ཉིད་གཞན་ལས་ཁྱད་འཕགས་སུ་བརྩི་བ་མ་ཡིན་པར། དེའི་ནང་དོན་ནི་གཞན་གྱི་འགྲོ་འདུག་དང་འཐད་མིན་ཙམ་ལས་མ་འདས་པར། ངས(མི་གཞན་དག་ཀྱང་འདུ)ཀྱང་ལྟས་དབང་གིས་རྒྱུན་དུ་དེ་ལྟར་བསྒྲུབ་དགོས་བྱུང་། དུས་རྒྱུན་དབྱར་ཁའི་སྐབས་སུ་ང་རང་རྐུབ་སྟེགས་ཆུང་ངུ་ཞིག་ཏུ་བསྡད་ནས་ཡུན་གྱིས་མག་མོག་ཏུ་སྣང་བའི་གྱང་ཟུར་ལ་བལྟ་དུས་ཕྱོགས་བཞིའི་མཁར་གྱང་དཀར་པོ་རྣམས་ཀྱང་རིམ་གྱིས་གྲིབ་མ་ནག་པོ་ཞིག་གིས་ཡོངས་སུ་བསྒྲིབ་འགྲོ་ལ། མུན་པ་ལས་མཆེད་པའི་མེ་ཏོག་གི་དྲི་བསུང་ཞིམ་པོ་ཞིག་བདག་གི་སེམས་སུ་འཐུལ་ཞིང་། མཁའ་དབྱིངས་སུ་ལྡིང་སྐོར་རྒྱག་བཞིན་པའི་ཕ་ཝང་དང་། ཁང་བའི་མདའ་གཡབ་ཏུ་འཐེན་པའི་སྡོམ་རྒྱ་དེ་ཡང་སྐྱ་ཆད་དུ་སྣང་བའི་ནམ་མཁར་ཕྱོགས་ཏེ། རབ་རིབ་ཀྱི་ཀློང་དུ་སྡོམ་དྲ་རེ་རེ་དང་དེའི་སྟེང་འབྱར་བའི་འབའ་འབུ་དང་སྐྱག་སྦྲང་ཤི་རོ་རྣམས་ཀྱང་གསལ་ལེར་མངོན་ཡོང་། མཚམས་རེར་མགོ་བོ་ཡར་དགྱེ་ཕྱོགས་ཀྱིས་མུན་པའི་མཁའ་དབྱིངས་སུ་སྐར་འོད་ཆེམ་ཆེམ་ཞིག་འཕྲོ་བཞིན་གདའ། དགུན་གཞུང་གི་ཁྲོན་པ་ཡང་རབ་དཀར་གྱི་ཁ་བས་གཡོགས་ཤིང་། ང་རང་ཁང་མིག་ཏུ་ལུས་ནས་སྒེའུ་ཁུང་གི་ཤོག་རལ་ལྷབ་ལྷུབ་དུ་བསྐྱོད་པ་མཐོང་ཞིང་། ཐབ་ཁུང་ལས་ཉིན་མོར་མཐོང་དཀོན་པའི་མེ་ལྕེ་ཡང་རིམ་གྱིས་ཇེ་གསལ་ནས་ཇེ་གསལ་དུ་འགྲོ་བཞིན་པའི་བར་སྐབས་ཤིག་ཏུ་སྣང་།

འདི་ནི་ད་གཟོད་ས་སྲོད་ཡིན་པ་བདག་གིས་ཀྱང་གཞི་ནས་ཚོར་ཐུབ། སྒོ་སྲུབས་ལས་སྐྱ་ཐིང་ངེར་སྣང་བའི་ནམ་མཁའ་དང་། ཁ་བས་བཀླུབས་པའི་ཁང་ཀླད་མཐོང་ཞིང་། མག་མོག་གི་ཟླ་འོད་ཀྱང་མཁའ་དབྱིངས་སུ་རྒྱུ་དུས་ནང་སེམས་ལ་ཁོང་འདར་ཞིག་རྒྱག་མོད། ས་སྲོས་ཀྱི་མཛེས་སྡུག་ནི་སྔར་བཞིན་འགོག་ཐབས་བྲལ་བ་ཞིག་རེད།  སྐབས་འདིར་རྒྱུན་དུ་ཁྲོན་པར་ལུས་ནས་ས་སྲོད་ལ་རེ་སྒུག་བྱེད་བཞིན་པའི་མི་རྣམས་ཀྱང་ཁང་བའི་ནང་བཀུམས་དུས། ཕྱི་རོལ་དུ་ཁ་བའི་འོད་མདངས་ལ་འཁྱིལ་བའི་གྲང་འཁྱག་གི་ས་སྲོས་ཁོ་ནའོ། སུ་ཞིག་གི་ཆེད་དུ། ང་ཚོར་འདི་ལྟ་བུའི་འཕྲུལ་སྣང་དང་མག་མོག་གི་ཏུ་སྣང་བའི་འཇིག་རྟེན་ཞིག་བསྐྲུན་པ་ཡིན། ས་སྲོས་ལའང་ཁེར་རྐྱང་དང་སུན་སྣང་གི་ཚོར་བ་ཞིག་མི་སྟེར་ག་ལ་སྲིད།

འོན་ཀྱང་སྐད་ཅིག་མའི་ཁེར་རྐྱང་དང་སུན་སྣང་གི་རྗེས་སུ་ས་སྲོས་སྔར་བཞིན་བཞུད་འགྲོ་ངེས། སྙན་ངག་པ་ལི་ཧྲང་བུན་གྱིས་ཀྱང་“ནུབ་ཁའི་ཉི་འོད་བཀྲགས་མདངས་རབ་ཏུ་འཚེར།། རིང་བོ་མི་ཐོགས་སྲོད་ཀྱིས་འགམས་ལ་ཉེ”ཞེས་གསུང་མྱོང་ལ། ཁོང་གིས་བྲིས་པ་བཞིན་ས་སྲོས་ནི་དངོས་གནས་རྟག་བརྟན་ཞིག་མ་ཡིན་པར། སེ་གོལ་ཏོག་ཙམ་དང་རྨི་ལམ་ཐེངས་གཅིག་བཞིན་མི་རྣམས་ལ་བག་ཆགས་ཨེན་ཙམ་ཞིག་གམ། ཡང་ན་སྨག་རུམ་གྱི་མཚན་མོ་ཞིག་བསྐྱུར་ནས་ག་ལེར་ཁེར་རྐྱང་གིས་བཞུད་འགྲོ་བ་མ་ཡིན་ནམ།

བཞུད་སོང་། དངོས་ནས་བཞུད་སོང་། བདག་གིས་ཤེས་འདོད་པ་ནི་དོན་ངོ་མ་ས་སྲོས་གང་ཞིག་ཏུ་བཞུད་སོང་བ་རེད། དེ་ཉིད་གང་ནས་འོང་བ་བདག་གིས་ཀྱང་གསལ་བོར་ཤེས་ཐབས་བྲལ། འོན་ཀྱང་། རིགས་འདེད་ཙམ་བྱས་ན་བྱང་ཕྱོགས་ནས་འོངས་པ་ཡིན་ན་ལྷོ་ཕྱོགས་སུ་སོང་ན་འོས་ཤིང་། ལྷོ་ཕྱོགས་མིན་པ་ཡང་སུ་ཞིག་གིས་ཁས་ལེན་བྱ་ཐུབ་ངེས། ད་ནི་ངས་དེ་ཅི་ལྟར་བཞུད་སོང་བ་རྟོགས་ཐུབ་ཏེ། བྱང་ཕྱོགས་ནས་ཡོང་ཚེ་ལྷོ་ཕྱོགས་ཀྱི་རི་ཆུང་བརྒལ་དགོས་ལ། ལྷོ་ཕྱོགས་མིན་པའང་སུ་ཞིག་གིས་སྡོམ་ཚིག་འགོད་ནུས། དེ་ཉིད་ལྷོ་ཕྱོགས་ཀྱི་གྱང་ངོས་བརྟོལ་ནས་རི་བོ་དང་ནགས་ཚལ་བརྒྱུད་དེ་མཛེས་སྡུག་གི་ལྷོའི་རྒྱལ་ཁམས་སུ་ཉུལ་ཞིང་། མཐའ་མཇུག་ཧྥེ་གླིང་དུ་བརྒལ་བ་རེད། ཧྥེ་གླིང་དུ་ཀེ་རེར་འགྱིངས་པའི་གཡང་གཟར་གྱི་སྟེང་དུ་གདོད་མའི་ནགས་ཚལ་གྱིས་ཁེབས་ཤིང་། ད་རུང་ནགས་ཚལ་དུ་རྒྱུ་བའི་སྟག་ཀྱང་ཡོད་སྲིད། ས་སྲོས་ཀྱི་སྐབས་སུ་ཉིན་མོར་འོད་མདངས་ཉམས་པའི་མིག་གི་རྒྱལ་མོ་ཡང་ཇེ་གསལ་དུ་འགྲོ་བ་མ་ཡིན་ནམ། དེ་ཡང་གློག་སྒྲོན་གཉིས་དང་ཅིས་མི་མཚུངས། ནགས་ཚལ་དུ་ད་རུང་མི་ལས་འགོངས་པའི་རྩྭ་ལྡུམ་གྱིས་ཁེངས་ཤིང་། དེར་སེང་གེ་དང་། འབུ་སྦྲང་ཆེན་མོ། ཆེ་ཆེར་མངོན་པའི་སྡིག་སྲིན་དང་ཕ་ཝང་ཡང་འདུ་བ་ཡིན། ནུབ་ཁའི་ཉི་འོད་དེ་སྡོང་ལོ་སྲབ་མོ་ལས་འཕྲོས་ཏེ་ཡལ་གར་འཁྱུད་པའི་སྡོམ་རྒྱ་བརྟོལ་ནས་གསེར་མདོག་གི་འོད་སྣང་གིས་ནགས་ཚལ་ཧྲིལ་བོ་དམར་མདངས་བསྒྱུར། རྩྭ་གསེང་དུ་ཡིབ་པའི་དུག་སྦྲུལ་གྱི་རླངས་པ་ཐུ་ལུ་ལུ་བྱེད་ཅིང་ཚོན་མདོག་སྣ་ལྔའི་སྨུག་སྤྲིན་དུ་གྱུར། སྲིན་འབུ་མེ་ཁྱེར་ཡང་ཡོད་སྲིད་དེ། འོད་ཀྲིག་ཀྲིག་གིས་ཇེ་གསལ་དུ་སོང་ཞིང་། མེ་ཏོག་གི་དྲི་མའང་མཚན་གུང་དུ་འཐུལ་བའི་གཡུ་ཡི་དྲི་ཞིམ་ནི་མ་ཡིན་པར་སྡིག་ཅན་མེ་ཏོག་ཏུ་སྐྱེས་སོང་། དུག་རླངས་ལྡང་ས་རུ་མེ་ཏོག་ཀྱང་སྡིག་ཅན་དུ་འགྱུར་ལ། དེའི་དྲི་མའང་དམངས་མདངས་ཀྱི་མཁའ་དབུགས་དང་ཚོན་མདོག་སྣ་ལྔའི་སྨུག་སྤྲིན་དུ་འཐིམ་པར་གྱུར་བས། ཡོད་ཚད་ཕན་ཚུན་ལ་སྐྱ་འཐབ་ཏེ་ཚ་བེར་བེར་གྱི་དབུགས་རླངས་ཡུག་གཅིག་ཏུ་བསྒྲིལ་ཞིང་། ཚ་དབུགས་གིས་བསྐྱེད་པའི་འོད་སྣང་གི་ས་སྲོས་ཀྱང་དར་ཅིག་ལ་གཞོམ་པར་བྱས་སོང་། ད་ནི་རེས་གསལ་རེས་ནུབ་ཀྱི་སྲིན་འབུ་མེ་ཁྱེར་ལས་ཅི་ཡང་མ་ལྷག་ལ་རིམ་གྱིས་ཇེ་གསལ་ནས་ཇེ་གསལ་དུ་འགྲོ་བཞིན་འདུག སྟག་གི་མིག་ཟུང་ཡང་གློག་སྒྲོན་གཉིས་དང་འདྲ་བར་ཁུ་སིམ་པའི་ནམ་མཁར་འོད་དུ་འཚེར་བའི་སྐར་མ་ཞིག་དང་ཀུན་ནས་མཚུངས་སོ།

དེ་བས། གནས་འདིར་ས་སྲོད་སྔར་བཞིན་བཞུད་འགྲོ་ལ། གང་ཞིག་ཏུ་བཞུད་འགྲོ་བ་སུས་ཀྱང་རྟོགས་ཐབས་བྲལ། སྐྱ་ཐིང་ཐིང་གི་ཟླ་འོད་དང་མཉམ་དུ་སྟོང་བའི་མཁའ་དབྱིངས་སུ་བཞུད་པ་ཡིན་ནམ། སྐར་ཚོགས་ཀྱི་འཛུམ་དམུལ་ཀློང་ནས་དགུ་ཚིགས་ཀྱི་ཕ་རོལ་ཏུ་བཞུད་པ་ཡིན། ཡང་ན་ཕ་ཝང་གི་གཤོག་འགྱུར་ཀློང་ནས་ཚང་མལ་དུ་ལོག་པ་ཡིན་ནམ། ནུབ་མཁའི་ཉི་ཟེར་དང་བསྡོངས་ནས་རི་བོའི་ཕ་རོལ་དུ་བཞུད་པ་ཡིན། དེ་ནི་སུས་ཀྱང་གསལ་བོར་རྟོགས་དཀའ་སྟེ། ང་ཚོས་ཚོར་ཐུབ་པ་ནི་ས་སྲོས་ཀྱིས་ཁེར་རྐྱང་དང་མཛེས་སྡུག་ཁྱེར་ནས་བཞུད་འགྲོ་ལ། དར་སྐུད་ཕྲ་མོ་ཞིག་གམ་དཔྱིད་ཀ་འདིའི་མཚན་མོའི་རྨི་ལམ་སྦྲུམ་པ་དང་ཅི་འདྲའི་མཚུངས་ཨང་།

ས་སྲོས་བཞུད་སོང་། ད་ནི་ང་ལ་བསམ་ཚུལ་ཅི་ཞིག་བདོག་གམ། ངས་སང་ཉིན་ལ་སྒུག་གམ། སྒུག་མི་ཚར་བའི་སང་ཉིན་དེ་འདྲའི་མང་པོ་ཞིག  མི་རྣམས་ཀྱིས་རྒྱང་རིང་གི་དུ་སྤྲིན་ལང་ལོང་དུ་འཁྲིགས་པ་མཐོང་ཞིང་། ཤིང་སྡོང་གི་ཡལ་གར་གསེར་མདོག་གི་འོད་སྣང་འཁྱིལ་ཏེ། སྲོད་ཁའི་ཉེ་ཟེར་ལ་འཇུས་པའི་བྱ་ཁྱུ་རྣམས་ཚང་མལ་དུ་ལོག་སྐབས་ཁོ་ཚོའི་ནང་སེམས་ལ་སྐྱོ་ངལ་གྱིས་གཟིར་བའི་ཚོར་བ་ཞིག་བཅོས་མིན་དུ་སྦྱིན་པས། སླར་ཡང་མཚན་གུང་གི་རྨི་ལམ་ལ་རེ་སྒུག་བྱེད་དགོས་བྱུང་། ཕྱི་སྒོ་གཏན་ཡང་ཁང་བའི་ཕྱི་ནང་ནི་སྔར་བཞིན་ས་སྲོས་ཡིན་ལ། སྐེ་བསྲིངས་ནས་བལྟ་དུས་ས་སྲོད་སྔ་མོ་ནས་བཞུད་སོང་། བྱང་གི་འཁྱགས་རོམ་ནས་འོངས་ཤིང་། བརྒལ་ཐེངས་གཅིག་གིས་ཧྥེ་གླིང་གི་ནགས་ཚལ་ལ་འཐིམས་ཤིང་། དེ་ལྟར། གང་དུ་བཞུད་སོང་བ་སུ་ལའང་ཆ་མི་འཚལ་བར་གཞི་ནས་ས་རུབ་སོང་། སྨག་རུམ་སྟུག་པོའི་མཚན་མོའམ་སྐར་ཚོགས་དང་ཟླ་འོད་ལ་བརྒྱུས་པའི་མཚན་མོ། མེ་ཏོག་གི་དྲི་ངད་ལྡང་ཞིང་། ཅི་འདྲའི་འཁྱོལ་དཀའ་བའི་མཚན་ཞགས་རིང་མོ་ཞིག ས་སྲོས་གང་དུ་མཆིས་སམ། ནམ་ཡང་སེམས་ཁོང་ནས་ཡལ་བའི་ས་སྲོད་འདི་ཉིད། དཔྱིད་མགོར་སྦྲུམ་པའི་རྨི་ལམ་བཞིན། སྐད་ཅིག་དེ་ཉིད་ལ་ང་ཚོ་དང་རིང་དུ་གྱེས་སོང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号