ངའི་དྲན་པའི་མེ་ལོང་དུ་གསལ་བའི་དོན་དག་ཆེས་སྔ་ཤོས་ནི་ཁྱིམ་གྱི་ཚ་དེམ་གཅིག་པུ་འཁྱེར་ནས་སྤྱི་བའི་ཟ་ཁང་ལ་ཆུ་ལེན་དུ་སོང་བ་དེ་ཡིན། ཕོ་བ་ལྟོགས་ནས་ཤེད་མེད་པའི་དབང་གིས་ལག་གི་ཚ་དེམ་སར་ལྷུང་ནས་ཆག ང་སྐྲག་ནས་རྩྭ་ཕུང་དུ་འཛུལ་ཞིང་ཉིན་ཧྲིལ་བོར་ཕྱིར་ཡོང་མ་ཕོད་པར་བསྡད། ས་སྲོས་ལ་ཐོན་དུས་ཨ་མས་ང་གཅེས་མིང་གིས་འབོད་ཀྱིན་ཡོད་ལ། ང་རྩྭ་ཕུང་གི་ཕྱི་རུ་ཡོང་ཞོར་ཨ་མས་གཅར་རྒྱུ་རེད་སེམས། འོན་ཀྱང་ཨ་མས་ང་ལ་མ་གཅར་བ་མ་ཟད་སྡིགས་མོའི་ཚིག་ཅིག་ཀྱང་མ་བཤད་པར། ངའི་མགོ་ལ་བྱིལ་བྱིལ་བྱེད་ཅིང་ཁ་ནས་སྔམ་རིང་འཐེན། ངའི་དྲན་པའི་མེ་ལོང་ངོས་ཀྱི་ཆེས་སྡུག་བསྔལ་བའི་དོན་དག་ནི་ཨ་མའི་རྗེས་འབྲང་ནས་ཐུན་མོང་གི་ས་ཞིང་དུ་སྙེ་མ་འཐུ་རུ་སོང་བ་དེ་ཡིན། གྲོ་ཞིང་སྲུང་མཁན་ཡོང་བ་ན། སྙེ་མ་འཐུ་མཁན་རྣམས་ཕྱོགས་བཞིར་བྲོས། ངའི་ཨ་མ་རྐང་དཀྲིས་ཡིན་པས་མགྱོགས་པོར་འབྲོ་མ་ཐུབ་པར་ལྟ་སྲུང་བའི་ལག་ཏུ་ཤོར་ནས་འགྲམ་ལྕག་ཚ་ངར་ཞིག་ཉོས་པས་ཡམ་མེ་ཡོམ་མེར་སར་ལོག ལྟ་སྲུང་བས་ང་ཚོས་བཏུས་པའི་སྙེ་མ་གཞུང་བཞེས་བྱས་ཤིང་འགྱིང་ཉམས་དང་བཅས་ཏེ་བུད་སོང་། ཨ་མ་སར་བསྡད་དེ་ཁ་གྲུ་ནས་ཁྲག་ཡོང་བ་དང་། རེ་ཐག་ཆད་པའི་རྣམ་འགྱུར་དེ་ངས་ཚེ་གང་བོར་བརྗེད་མ་མྱོང་། ལོ་མང་པོ་ཞིག་འགོར་རྗེས། གྲོ་ཞིང་སྲུང་མཁན་དེ་རྒས་ཤིང་འཁོགས་པ་སྐྲ་དཀར་གཉེར་མ་དང་བཅས་པ་ཞིག་ཏུ་གྱུར་ཏེ་ཚོང་འདུས་སུ་ང་དང་ཕྲད། ང་རང་ཁོའི་སྟེང་ལ་རྒྱུག་ནས་འཁོན་ལན་བསློག་རྩིས་བྱེད་སྐབས། ཨ་མས་ང་ཕྱིར་འཐེན་ཞིང་ལྷོད་ལྷོད་ངང“བུ་གཅེས། སྔོན་དུས་ང་ལ་འགྲམ་ལྕག་གཞུ་མཁན་དེ་དང་ད་ལྟའི་རྒད་པོ་འདི་གཉིས་མི་གཅིག་མ་རེད”ཅེས་ཟེར། ངས་ཆེས་བརྗེད་ཐབས་མེད་པ་ནི་ཟླ་མཆོད་དུས་ཆེན་གྱི་ཉིན་གུང་ཞིག་ལ། ངེད་ཚང་གིས་ཆུ་མོག་ལས་ནས་ཟ་གྲབས་བྱེད། ཆུ་མོག་རྒྱུན་དུ་བཟའ་མི་ཐུབ་ལ་ཐེངས་དེར་མི་རེ་ལ་དཀར་ཡོལ་གང་རེ་ལས་མི་ཐེམས། ང་ཚོས་ཟ་བཞིན་པའི་སྒང་ལ་སྤྲང་བོ་ཞིག་སྒོ་ཁར་ཐོན་ནས་ཟས་སློང་། ངས་ཞོག་མངར་སྐམ་པོ་དཀར་ཡོལ་ཕྱེད་ཀ་འཁྱེར་ནས་ཁོ་ཕྱིར་སྐྱེལ་ཐབས་བྱེད་དུས། ཁོས་ཁྲོ་བའི་ཉམས་ཀྱིས་ང་ལ། “ང་རྒན་པ་ཞིག་རེད། ཁྱོད་ཚོས་ཆུ་མོག་ཟོས་ནས་ང་ལ་ཞོག་མངར་སྐམ་པོ་ཟ་རུ་འཇུག་དགོས་དོན་ཅི། ཁྱོད་ཚོ་ལ་སེམས་ཡོད་དམ་མེད”ཅེས་བཤད་བྱུང་། དེ་ནས་ང་ཁོ་ལས་ལྷག་པའི་ཁོང་ཁྲོ་ཞིག་ལངས་ཏེ། “ངེད་ཅག་གིས་ལོ་ཧྲིལ་བོར་ཆུ་མོག་ཐེངས་འགའ་ལས་ཟ་མི་ཐུབ་ལ། ཟོས་ཀྱང་ལྟོ་འགྲངས་པ་ཞིག་ཟ་མི་ཐུབ། ཁྱོད་ལ་ཞོག་མངར་སྟེར་ན་དགའ་ནི་བྱོས། དགོས་ན་བླངས། མི་དགོས་ན་མྱུར་དུ་སོང”ཞེས་སྡིགས་མོ་བྱས། ཨ་མས་གོ་ནས་ང་ལ་གཤེ་གཤེ་བཏང་བ་དང་། རང་གི་ཆུ་མོག་དཀར་ཡོལ་ཕྱེད་ཀ་དེ་འཁྱེར་ནས་སྤྲང་བོའི་ཟས་སྣོད་དུ་བླུགས། ང་རང་ཆེས་འགྱོད་པ་སྐྱེས་པའི་དོན་དག་ནི་ཨ་མ་དང་མཉམ་དུ་ཚོད་དཀར་བཙོང་དུ་སོང་ནས། ཤེས་བཞིན་དུ་ཚོད་དཀར་ཉོ་བའི་རྒན་པ་དེའི་ལག་ནས་སྒོར་མོ་ཟུར་གང་ལྷག་པར་བླངས། དེ་ནས་སློབ་གྲྭར་སོང་བ་དང་ཕྱི་དྲོར་སློབ་གྲྭ་གྲོལ་ནས་ཕྱིར་ཁྱིམ་དུ་ལོག་པ་ན། ནམ་རྒྱུན་མིག་ཆུ་མི་འདོན་པའི་ཨ་མའི་གདོང་ན་མཆི་མ་ཤམ་ཤམ་དཀུ། ཨ་མས་ང་ལ་སྡིགས་མོ་ཡང་མ་བྱས་པར་ངག་འཇམ་པོའི་ངང་ནས། “བུ་གཅེས། ཁྱོས་ཨ་མ་ངོ་ཚར་གཏད་སོང”ཟེར། ང་རང་ལོ་བཅུ་གྲངས་ཁ་ཤས་ཀྱི་དུས་སུ་ཨ་མར་གློ་ནད་ཚབས་ཆེན་ཕོག བཀྲེས་སྐོམ་དང་ན་གཟེར། ངལ་དུབ་བཅས་ཀྱི་དབང་གིས་ཁྱིམ་ཚང་འདི་དཀའ་བའི་གནས་སུ་ལྷུང་བ་དང་། རེ་བའི་འོད་སྣང་ཕྲ་མོ་ཙམ་ཡང་མཐོང་རྒྱུ་མི་འདུག དེ་དུས་ངའི་སེམས་ལ་བཀྲ་མི་ཤིས་པའི་ཚོར་བ་དྲག་པོ་ཞིག་སྐྱེས་པ་དང་། ཨ་མ་དུས་ངེས་པ་མེད་པར་སྐུ་ཚེ་རྫོགས་ན་ཐང་བསམས་ནས་སེམས་ཁྲལ་བྱེད། ངལ་རྩོལ་བྱས་ནས་ཕྱིར་ལོག་ཐེངས་རེ་རེར། ང་རང་སྒོ་ཆེན་དུ་འཛུལ་མ་ཐག་སྐད་གསེང་མཐོན་པོས་ཨ་མ་བོས་པ་ཡིན། ཨ་མས་ལན་ལྡོན་པ་ཐོས་པ་ན་ད་གཟོད་སེམས་བདེ་བར་གྱུར་བ་དང་། མོའི་སྐད་མ་གོ་ཚེ་དབང་མེད་དུ་སྐྲག་རྒྱུ་ཞིག་ཡོང་ནས་གཞོགས་ཁང་དང་འཐག་ཁང་དུ་བརྒྱུགས་ནས་བཙལ་བ་ཡིན། ཐེངས་ཤིག་ལ་ཁང་བ་ཚང་མའི་ནང་དུ་བཙལ་ཀྱང་མ་རྙེད་པས་ང་ར་བའི་ནང་དུ་བསྡད་ནས་ངུས། སྐབས་འདིར་ཨ་མས་བུད་ཤིང་བམ་པོ་གཅིག་འཁུར་ནས་ནང་དུ་ཐོན། མོ་ང་ངུ་བ་ལ་དགའ་རྒྱུ་མེད་ནའང་། ངས་ཁོ་ལ་རང་གི་སེམས་ཁྲལ་དེ་བཤད་ཐབས་མེད། ཨ་མས་ཤེས་ནས་ང་ལ། “གཅེས་ཕྲུག་ཁྱོད་སེམས་བདེ་མོ་བྱོས། གསོན་པ་ལ་སྐྱིད་སྣང་སྤུ་ཙམ་མེད་ཀྱང་། གཤིན་རྗེས་འབོད་རག་བར་དུ་ང་འགྲོ་ནི་མ་རེད”ཅེས་ཟེར། ང་རང་སྐྱེས་དུས་ནས་བཞིན་རས་མི་སྡུག་པས་སྡེ་མི་མང་པོ་ཞིག་གིས་ང་ཡོད་ས་ནས་འཕྱ་སྨོད་བྱེད། སློབ་གྲོགས་མ་རབས་ཁ་ཅིག་གིས་ཐ་ན་འདི་རྒྱུ་མཚན་དུ་བྱས་ཏེ་ང་ལ་གཅར་རྡུང་ཡང་བྱས་མྱོང་། ང་ཁྱིམ་དུ་ལོག་ནས་སེམས་སྡུག་གིས་ངུས་པ་ན། ཨ་མས་ང་ལ། “གཅེས་ཕྲུག ཁྱོད་མི་ཡག་པ་ག་ལ་ཡིན། ཁྱོད་ལ་སྣ་ཡོད་ལ་མིག་ཀྱང་ལྡན། དབང་བོ་ཚང་། མི་ཡག་རྒྱུ་ཅི་ཡོད། གལ་སྲིད་ཁྱོད་རང་སེམས་པ་བཟང་པོ་དང་རྟག་ཏུ་འགྲོགས་ཏེ་དོན་བཟང་མང་པོ་བསྒྲུབ་ན། ཕྱི་ཚུལ་དེ་འདྲའི་ཡག་པོ་ཞིག་མིན་རུང་མི་ཡག་པོ་ཞིག་ཏུ་འགྱུར་ཐུབ”ཅེས་སེམས་གསོ་བྱས། ཕྱིས་སུ་ང་གྲོང་ཁྱེར་དུ་སོང་བ་དང་། མི་ཡོན་ཏན་ཅན་ཁ་ཤས་ཀྱིས་སྔར་བཞིན་མངོན་ལྐོག་ཅི་རིགས་ནས་ངའི་བཞིན་རས་ལ་འཕྱ་སྨོད་བྱེད། ངའི་ཡིད་ལ་ཨ་མའི་སྐད་ཆ་དེ་དྲན་ནས། སེམས་ལྷོད་ལྷོད་དུ་ཁོ་ཚོར་དགོངས་དག་ཞུས་པ་ཡིན། ཨ་མ་ཁོ་རང་གིས་ཡིག་ངོ་མི་ཆོད་ནའང་ཡི་གེ་ཤེས་མཁན་ལ་བརྩི་མཐོང་ཆེ། ངེད་ཚང་གི་འཚོ་བར་དཀའ་ཁག་ཆེ་བས་ཉིན་གཅིག་གི་ཟས་ཐུན་གསུམ་པོ་ཡང་དུས་ལྟར་བཟའ་ཐུབ་པའི་ངེས་པ་མེད། འོན་ཀྱང་ང་ལ་དཔེ་ཆ་དང་ཡིག་ཆས་སོགས་ཉོ་བའི་དགོས་མཁོ་ཡོད་ཚེ་ཨ་མས་ཅི་ཐུབ་ཀྱིས་ངའི་རེ་བ་བསྐངས་པ་ཡིན། མོ་ནི་མི་སྙིང་རུས་ཅན་ཞིག་ཡིན་པས་ལེ་ལོ་དང་སྒྱིད་ལུག་ཅན་ལ་ཞེན་པ་གཏིང་ནས་ལོག ཡིན་ཡང་ངས་དཔེ་ཆ་བལྟས་ནས་ལས་ཀ་བགོར་བགྱངས་བྱས་པ་ཡིན་ན། མོས་ནམ་ཡང་ང་ལ་སྐྱོན་བརྗོད་མི་བྱའོ། ། ཨ་མ་ཚེ་ལས་འདས་རྗེས་ང་ཡུན་རིང་དུ་སྐྱོ་བས་མནར་བ་དང་། དཔེ་ཆ་ཞིག་བྲིས་ཏེ་ཁོང་ལ་འབུལ་རྒྱུའི་ཐག་བཅད། དཔེ་ཆ་དེ་ནི«ནུ་རྒྱས་འཕོངས་ཚོ»(丰乳肥臀)ཞེས་པ་དེའོ། གདེང་ཚོད་ཡོད་ཅིང་བརྩེ་དུང་ཟབ་པས། ཉིན83གྱི་ནང་དུ་ཡིག་འབྲུ་ཁྲི50ཅན་གྱི་བརྩམས་སྒྲུང་འདིའི་ཐོག་མའི་མ་ཟིན་བྲིས་ཚར། དེབ་འདིའི་ནང་དུ་ངས་ཨ་མའི་མྱོང་བརྒྱུད་དངོས་དང་འབྲེལ་བའི་དཔྱད་གཞིའི་རྒྱུ་ཆ་རྣམས་འཛེམ་མེད་དུ་སྤྱད་པ་དང་། དེབ་ཀྱི་མགོ་བརྗོད་དུ“ཨ་མ་བཀའ་དྲིན་ཅན་ལ་ཕུལ་བ”ལྟ་བུའི་ཚིག་ཀྱང་བཀོད་དོ། ། ཕལ་ཆེར་ཡུན་རིང་བོར་དཀའ་སྡུག་གི་འཚོ་བ་བརྒྱུད་པའི་དབང་གིས། ང་མི་གཤིས་ལ་ཆ་རྒྱུས་ཅུང་ཟབ་མོ་ཡོད། ངས་སྙིང་སྟོབས་ངོ་མ་དེ་ཅི་ཡིན་ཤེས་ཀྱི་ཡོད་ལ་སྙིང་རྗེ་ངོ་མ་དེ་ཅི་ཡིན་ཡང་ཤེས་ཀྱི་འདུག མི་ཀུན་གྱི་སེམས་ཁོང་དུ་ཡིན་མིན་བཟང་ངན་གྱིས་ཐད་ཀར་གཏན་འཁེལ་བྱ་དཀའ་བའི་གནས་མག་མོག་ཅིག་ཡོད་པ་དང་། གནས་འདི་ནི་ཏག་ཏག་རྩོམ་རིག་སྨྲ་བ་རྣམས་ཀྱིས་འཇོན་ཐང་ངོམ་སའི་མུ་མེད་ཀྱི་ཐང་ཆེན་པོ་དེ་ཡིན་ལ། ཡང་དག་ཅིང་ཉམས་ལྡན་པའི་སྒོ་ནས་འགལ་འདུས་ཁེངས་པའི་གནས་མག་མོག་འདི་ཞིབ་འབྲི་བྱས་ཡོད་པའི་བརྩམས་ཆོས་ཤིག་ཡིན་ཕྱིན། དེ་ཆབ་སྲིད་ལས་བརྒལ་ཏེ་རྩོམ་རིག་ཕུལ་བྱུང་ཅན་གྱི་ཡོན་ཏན་ཡོངས་སུ་འཛོམས་པ་ཡིན་ནོ། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注