བྱིས་པའི་གླུ་གཞས།

ཕེ་ཐེར·ཧན་ཏེ་ཁེ་ཡིས་བརྩམས།
ལྡོང་བུས་བསྒྱུར།


བྱིས་པ་སྔར་བཞིན་བྱིས་པ་ཞིག་ཡིན་དུས
ལག་ཟུང་ཕར་གཡུག་ཚུར་གཡུག་ལམ་གར་འགྲོ
རྒྱུག་ཆུ་ཕྲ་མོ་ནི་ཆུ་བོ་ཞིག་དང
ཆུ་བོ་ནི་གཙང་པོ་ཆེན་པོ་ཞིག
རྫིང་ཆུང་འདི་ནི་རྒྱ་མཚོ་ཞིག་ཏུ་རེ་བ་བྱེད

བྱིས་པ་སྔར་བཞིན་བྱིས་པ་ཞིག་ཡིན་དུས
རང་ཉིད་བྱིས་པ་ཞིག་ཡིན་པ་ཤེས་ཀྱི་མེད
ཆོས་ཐམས་ཅད་ལ་བླ་སྲོག་ལྡན་ཞིང
བླ་སྲོག་ཐམས་ཅད་གཅིག་ཡིན་པ་ཤེས་ཀྱི་མེད

བྱིས་པ་སྔར་བཞིན་བྱིས་པ་ཞིག་ཡིན་དུས
དོན་གང་ལའང་ལྟ་ཚུལ་གྲུབ་མེད
གོམས་གཤིས་ཆགས་མེད
ནམ་རྒྱུན་སྐྱིལ་མོ་ཀྲུང་དུ་སྡོད་ཅིང
ཅི་ཞིག་དྲན་དུས་ལམ་སང་རྒྱུག་ཤར་གློད
དབུ་སྐྲའི་ནང་དུ་སུ་ལུ་རྐང་གཅིག་ལངས་ཡོད
འདྲ་པར་རྒྱག་དུས་རྣམ་འགྱུར་ཅི་ཡང་མི་སྟོན

བྱིས་པ་སྔར་བཞིན་བྱིས་པ་ཞིག་ཡིན་དུས
དྲི་བ་འདི་དག་འདྲི་བའི་དུས་ལ་སླེབས
ང་རང་ང་ཡིན་པ་ལས ཁྱོད་མིན་པའི་རྒྱུ་མཚན་ཅི
ང་རང་འདི་གར་ཡོད་པ་ལས དེ་གར་མེད་པའི་རྒྱུ་མཚན་ཅི
དུས་ཚོད་ཀྱི་འགོ་གང་ནས་ཚུགས་ཤིང བར་སྟོང་གི་མཇུག་གང་ནས་རྫོགས་དགོས
ཉི་འོད་འོག་གི་ཚེ་སྲོག་ནི་རྨི་ལམ་ཐེངས་གཅིག་ཙམ་མ་ཡིན་ནམ་ཅི
ང་ཡིས་མཐོང་ཞིང་ཐོས་ཤིང་དྲི་ངད་ཚོར་བ་གང་དག
འཇིག་རྟེན་འདིའི་སྔ་རོལ་གྱི་འཇིག་རྟེན་ཞིག་གི་འཁྲུལ་སྣང་མ་ཡིན་ནམ་ཅི
གདུག་སེམས་དང་མིའི་རིགས་དངོས་སུ་གནས་སམ་ཅི
གདུག་སེམས་ནི་དངོས་སུ་གནས་ཡོད་པ་འདི་དག་ཡིན་ནམ་ཅི
ང་ཞེས་པ་འདི ང་རང་སུ་ཡིན་པ་འདི འདི་འདྲ་ཡིན་པ་ཅིའི་ཕྱིར
ང་རུ་མ་གྱུར་པའི་སྔོན་ལ་ང་ཞེས་པ་མེད་པ་ཇི་ལྟར་སྲིད
ནམ་ཞིག་གི་ཚེ་ན ང་རང་སུ་ཡིན་པ་དེང་རང་མ་ཡིན་པའི་གཞན་ཞིག་ཏུ་འགྱུར་འགྲོ་འམ་ཅི

བྱིས་པ་སྔར་བཞིན་བྱིས་པ་ཞིག་ཡིན་དུས
སྤོ་ཚལ་དང སྲན་ལྗང འབྲས་སིལ
རླངས་བཙོས་མེ་ཏོག་པད་ཚལ་གྱིས་མིད་པ་ཁེགས་ནའང
ད་ནི་དེ་ཐམས་ཅད་ངེས་པར་མ་ཡིན་ནའང་བཟའ་བར་བྱེད

བྱིས་པ་སྔར་བཞིན་བྱིས་པ་ཞིག་ཡིན་དུས
མལ་ཁྲི་ཆ་མེད་ཅིག་ཏུ་ལན་རེར་མ་གཏོགས་མི་སད་ཀྱང
ད་ནི་ཡང་དང་ཡང་དུ་གཉིད་ལས་སད་པར་བྱེད
དེ་དུས་མིག་ལ་མཛེས་པའི་སྐྱེ་བོ་ཤིན་ཏུ་མང་ནའང
ད་ནི་ལམ་འགྲོ་རྒྱུགས་དུས་མ་གཏོགས་ཧ་ལམ་མཐོང་བར་དཀའ

དེ་དུས་དག་པའི་ཞིང་ཞེས་ཡིད་ལ་ཝ་ལེར་གསལ་ནའང
ད་ནི་འོལ་ཚོད་བྱེད་པ་ཙམ་མ་གཏོགས་བྱ་ཐབས་བྲལ
དེ་ཡིས་སྟོང་པ་ཉིད་ལ་བསམ་མནོ་ཅི་ཡང་མི་འཁོར་ཀྱང
དེ་རིང་དེ་ཉིད་དྲན་པས་འདར་སིག་རྒྱག་པར་བྱས

བྱིས་པ་སྔར་བཞིན་བྱིས་པ་ཞིག་ཡིན་དུས
རྩེད་འཇོ་ལ་ནི་སྤྲོ་སེམས་ཤིན་ཏུ་ཆེ་ནའང
ད་ནི་དེ་དུས་ལྟ་བུའི་ངར་ཤུགས་ཡོད་པའང
ལས་ཀར་ཞུགས་པའི་གནས་སྐབས་ཁོ་ན་ཙམ

བྱིས་པ་སྔར་བཞིན་བྱིས་པ་ཞིག་ཡིན་དུས
ཀུ་ཤུ་དང་བག་ལེབ་དེ་ག་ཙམ་ཟོས་པས་ཆོག
ད་ལྟའང་དེ་ག་ནང་བཞིན་ཡིན

བྱིས་པ་སྔར་བཞིན་བྱིས་པ་ཞིག་ཡིན་དུས
བསེའུ་ལག་པའི་ནང་དུ་ལྷུང་བ་སྔར་བཞིན་བསེའུ་ཡིན
ད་ལྟའང་དེ་ག་ནང་བཞིན་ཡིནསྟར་ག་གསར་པས་ལྕེ་ཡོངས་སྦྲིད་པར་བྱེད
ད་ལྟའང་དེ་ག་ནང་བཞིན་ཡིན
རི་བོ་རེ་རེའི་རྩེ་མོ་རུ
དེ་ལས་མཐོ་བའི་རི་བོ་ཞིག་ལ་སྨོན་པ་བྱེད
གྲོང་ཁྱེར་རེ་རེའི་ནང་དུ
དེ་ལས་ཆེ་བའི་གྲོང་ཁྱེར་ཞིག་ལ་སྨོན་པ་བྱེད
ད་ལྟའང་དེ་ག་ནང་བཞིན་བྱེད
ལྗོན་ཤིང་ཡལ་འདབ་རྩེ་ཡི་བསེའུ་ལེན་དུས་ཀྱི
སྤྲོ་དགའ་དེ་དེ་རིང་ད་དུང་སྔར་བཞིན་ཡོད
སྐྱེ་བོ་ཆ་མེད་ཚོའི་མདུན་དུ་ངོ་གནོང་སླ་བ་དེ
ད་ལྟའང་དེ་ག་ནང་བཞིན་ཡིན
སྔོན་ཆད་ཁ་བ་ཐོག་མ་ལ་བསྒུགས་པ་ནང་བཞིན
ད་ལྟའང་དེ་ག་ནང་བཞིན་བསྒུགས་ནས་ཡོད

བྱིས་པ་སྔར་བཞིན་བྱིས་པ་ཞིག་ཡིན་དུས
དབྱུག་པ་ཞིག་མདུང་རིང་གི་ཚུལ་གྱིས་སྡོང་པོ་ཞིག་གི་ཕྱོགས་སུ་འཕངས
སྡོང་པོ་དེ་དེ་རིང་ད་དུང་འདར་ཤིག་ཤིག་བྱེད

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号