གླེགས་བམ་དམ་པ།

སྒྱུར་བ་བོ། གསང་བདག་རྒྱལ།

ལེའུ་དང་པོ། གདོད་མའི་ཆོས་ཉིད། 

ཆོས་ཉིད་དང་སྤྱོད་པ། སྙིང་རྗེ། བདེན་ལུགས། གུས་ཞབས་བཅས་ནི་ཕྱོགས་ལྔ་གཞི་གཅིག་ཡིན། ཆོས་ཉིད་ནི་མི་རྣམས་ཀྱིས་བརྩི་དགོས་པའི་རང་བྱུང་ཆོས་ཉིད་དེ། འཇིག་རྟེན་གྱི་ཆོས་ཐམས་ཅད་ཆོས་ཉིད་ཀྱི་དབང་དུ་གྱུར་པས་དེ་ཉིད་ཚོར་བ་མེད་པའོ། །སྤྱོད་པ་ནི་མི་རྣམས་ཀྱིས་ཆོས་ཉིད་རྟོགས་པའི་མྱོང་བ་ཡིན་ཏེ། ཆོས་ཐམས་ཅད་གང་བབས་དེ་ལ་སྤྱོད་པའོ། །སྙིང་རྗེ་ནི་མི་རྣམས་ལ་ལྷན་སྐྱེས་སུ་མངའ་བའི་སྙིང་ཉེ་བའི་སེམས་ཏེ། བྱམས་བརྩེ་ཤེས་རབ་ཀྱི་བདག་ཉིད་ཅན་ཞིག་གོ །བདེན་ལུགས་ནི་མི་རྣམས་ཀྱིས་གཅིག་མཐུན་དུ་ཁས་ལེན་པའི་བཟང་ངན་གྱི་ཚད་གཞི་སྟེ། བཟང་ལ་བསྟོད་ཅིང་ངན་ལ་ཆད་པ་ཡིས། བྱ་བཞག་འགྲུབ་ཅིང་བྱས་རྗེས་འཇོག་པའོ།   གུས་ཞབས་བྱ་བ་ནི་མི་ལུགས་དང་བསྟུན་པ་ཡིན་ལ། བསྟུན་ན་དར་ལ་འགལ་ན་རྒུད། མི་ཆོས་རྣམ་གཞག་གྲུབ་པའི་གཞི་མའོ། །གོང་གི་ཕྱོགས་ལྔ་ནི་མི་ཆོས་ཀྱི་རྩ་བ་ཡིན་པས་ཕྱོགས་གཅིག་ཀྱང་ཆད་མི་རུང་བའོ། །

མཁས་མཛངས་ལྡན་པའི་མི་ནི། རྒྱལ་ཁབ་དར་རྒུད་ཀྱི་ཆོས་ཉིད་མཐོང་བ་དང་། ཆགས་འཇིག་གི་ལུགས་རྟོགས་པ། ཟིང་འཁྲུག་འཇགས་པའི་ཐབས་ཤེས་པ། མངོན་སྐོག་གི་ལུགས་ལ་མཁས་པ་ཡིན་ནོ། ། དེ་བས་དབེན་པའི་གནས་ནས་བདེན་པའི་ལུགས་བཟུང་སྟེ། ལྟ་གོན་ལེགས་པོས་དུས་བབ་ལ་སྒུག་གོ ། སྐབས་བབ་འགྲིག་ཚེ་སྦྱོར་བ་ལག་ཏུ་ལེན་པས། བསྐལ་པར་གྲགས་པའི་བྱས་རྗེས་འཇོག་ཐུབ་བོ། ། བརྒྱ་ལ་གོ་སྐབས་མ་ལེགས་ན་ཡང་། མཛད་པའི་སྙན་གྲགས་མེད་པ་ཙམ་མོ། །ལུགས་འདི་མཐོང་ན་རྟོགས་པ་གཞན་ལས་མཐོ་ལ། སྙན་པ་བསྐལ་བརྒྱར་ཁྱབ་བོ། །

ལེའུ་གཉིས་པ། ཆོས་ཉིད་བདེན་པ། 

སྤྱོད་ལེགས་ན་གཞན་སེམས་འགུག། གཞུང་དྲང་ན་བློ་སྣ་མཐུན། ལུགས་བདེན་ན་དམངས་སེམས་འདུ། བློ་ཆེ་ན་གནའ་ལུགས་རྟོགས། དཔྱོད་མཁས་ན་མདུན་ལམ་ཤེས།  འདི་ལ་མཛངས་མི་ཞེས་བྱའོ། །

བྱས་པ་ལེགས་པས་མིག་དཔེར་འཛིན། བློ་གྲོས་ཆེ་བས་དོགས་པ་སེལ། གཞུང་རྒྱུད་དྲང་པས་ཁས་བླངས་སྲུང་། ཆོག་ཤེས་ལྡན་པས་ནོར་སྒྲུབ་རུང་། འདི་ལ་འཇོན་མི་ཞེས་བྱའོ། །

ལས་སྲུང་ཞིང་སྒྱིད་ལུག་འདོར། གཞུང་དྲང་ལ་འགྱུར་བ་མེད། གོ་ལོག་ཀྱང་འཁང་ར་བྲལ། ཁེ་གཉེར་ཡང་ལུགས་མི་འདོར། འདི་ལ་ཡ་རབས་ཞེས་བྱའོ། ། 

ལེའུ་གསུམ་པ། མཛངས་མིའི་ཕུགས་འདུན། 

འདོད་ལོག་བསྡམས་པས་སྡུག་བསྔལ་སེལ། ལོག་ལྟ་བཀག་པས་ནོར་འཁྲུལ་ཟློག ནག་ཆང་དོར་བས་ཉེས་གོས་མེད། དོགས་གཞིར་གཡོལ་བས་འཁྲུལ་བ་ཉུང་། ཐོས་ཀྱང་འདྲི་བས་ཤེས་རྒྱ་ཆེ། གཏམ་སྤྱོད་གཟབ་པས་ལུས་སྦྱོང་ཐོབ། ཁེངས་སྐྱུང་གྲོན་བྲལ་ཆོག་ཤེས་རྒྱུ། འཕྲལ་ཕུགས་རྟོགས་པས་དཀའ་སྡུག་མེད། དྲང་པོར་ཉེ་བས་རྒུད་ལས་སྐྱོབ། རྟོགས་ལྡན་བསྟུན་མཁས་འདུ་བའི་རྒྱུ། འཇོན་ནུས་ལྡན་པས་བྱ་གཞག་འགྲུབ། ངན་པ་བཀག་པས་ཟིང་ལོང་འཇགས། གནའ་དེང་རྟོགས་པས་རྨོངས་མི་འགྱུར། རྗེས་དཔག་རིག་པས་དངངས་པ་སེལ། བབ་བསྟུན་མཁས་པས་དཀའ་བ་ཟློག སྤྱི་རྟོག་བསྟུན་མཁས་འཁྲུལ་བ་དབེན། འགྱུར་མེད་ཆོད་མཁས་བྱས་རྗེས་འཇོག གཟབ་ཞིབ་བརྩོན་པས་ཐོག་མཐར་དགེ།

 ལེའུ་བཞི་པ། སྤྱོད་པ་དང་ཆོས་ཉིད། 

འདུན་མ་བྱ་བ་ནི་ཐུན་མིན་ཕུགས་འདུན་ནོ། །ནུས་པ་ཁྱད་འཕགས་ནི་སྤྱི་ལ་དམིགས་ལས་སོ། །བློ་བརྟན་འགྱུར་མེད་ནི་བཟོད་བསྲན་ཐེག་པས་སོ། །མིག་དཔེརའཛིན་པ་ནི་སྤྱོད་པ་ལེགས་པས་སོ། །བདེ་བར་གནས་པ་ནི་དགེ་ལ་བརྩོན་པས་སོ། །ངོ་མཚར་འཕྲིན་ལས་ནི་གཞུང་རྒྱུད་དྲང་ལས་སོ། །སྤྱང་གྲུང་འཛོམས་པ་ནི་རྣམ་པར་དཔྱོད་ལས་སོ། །དགེ་ལེགས་ཕུན་ཚོགས་ནི་ཆོག་ཤེས་ལྡན་ལས་སོ། །སྡུག་བསྔལ་འབྱུང་བ་ནི་འདོད་པ་མང་པོས་སོ། །སེམས་པ་གདུང་བ་ནི་སེམས་ཤུགས་ལྷུང་བས་སོ། །ལུས་ཕུང་ན་བ་ནི་རྟག་པ་མེད་པས་སོ། །མཐོང་རྒྱ་མེད་པ་ནི་ཁེ་ཆུང་གཉེར་ལས་སོ། །སེམས་ཀྱི་གདོན་འདྲེ་ནི་སྲེད་པ་ཆེ་ལས་སོ། །ཁེར་རྐྱང་ལུས་པ་ནི་ཁེངས་པ་ལྡན་པས་སོ། །ནང་དམེ་འབྱུང་བ་ནི་ཕན་ཚུན་དོགས་པས་སོ། །སྲོག་སྲིད་ཤོར་བ་ནི་སྒེར་སེམས་ཆེ་བས་སོ། །

ལེའུ་ལྔ་པ། བདེན་པའི་ལུགས། 

ཇུས་བློས་མི་ཁེབས་མཁན་བསླུ། འཁྲུལ་ཡང་མི་ཤེས་མཁན་བླུན། འཁོར་ཡང་མི་ལྡོག་མཁན་རྨོངས། ཉེས་པའི་གཏམ་སྨྲ་མཁན་རྒུད། ལུགས་འགལ་བཀའ་བསྒྲགས་མཁན་བརླག སྔ་རྗེས་མི་མཐུན་མཐུན་མཁན་ཕམ། ཁྲོ་ཡང་མི་སྐྲག་མཁན་རྒོལ། ཚོགས་སུ་དམའ་འབེབས་མཁན་ཉེས། འཁོར་ཚོགས་བརྙས་བཀུམ་མཁན་ཉེན། བཀུར་བཟོ་ཕྱིར་འགྱངས་མཁན་ཉེས། ཁ་ཞེ་ཡ་བྲལ་མཁན་ལུས། དྲང་བྲལ་གཡོ་ཉེ་མཁན་ཉམས། ཆགས་ཉེ་མཛངས་བྲལ་མཁན་རྒུད། སྐྱེས་མ་སྲིད་འཇུག་མཁན་རལ། གང་འདོད་དཔོན་བསྐོ་མཁན་གཡེང་། བཙན་བཀུར་གཉོམ་བརྙས་མཁན་རྒོལ། མིང་དོན་མི་མཚུངས་མཁན་གྲོན། རང་ལྷོད་གཞན་གཅུན་མཁན་ཞན།རང་མཁོ་གཞན་གཙེ་མཁན་དོར། འཁྲུལ་བས་བྱས་གནོན་མཁན་ཤོར། མངའ་འོག་མི་མཐུན་མཁན་ལྷག བཀོལ་ཡང་མི་བསྐོ་མཁན་བྲལ། གཟེངས་བསྟོད་སེར་སྣ་མཁན་ཕམ། ཁས་མང་ལས་ཉུང་མཁན་འཁང་། བསུ་ཡང་མཐར་སྤང་མཁན་ཆད། གཏོང་ཉུང་འབབ་མང་མཁན་ངན། འབྱོར་དུས་རྒུད་བརྗེད་མཁན་ཐུང་། རྙིང་བསམ་གསར་དོར་མཁན་རྩུབ། བཀོལ་སྤྱོད་མི་འགྲིག་མཁན་ཉེན། བཙན་ཤུགས་བཀོལ་སྤྱོད་མཁན་བྲལ། གཞན་མིར་དཔོན་འཚོལ་མཁན་ཟིང་། དགེ་བའི་རྩལ་དོར་མཁན་ཞན། ངན་པར་བློ་འདྲི་མཁན་ཉེན། ཇུས་ངན་ཕྱིར་འཆོར་མཁན་ཕམ། ཇུས་ཉུང་བཙན་དྲི་མཁན་ཉམས། དམག་དབུལ་དཔོན་ཕྱུག་མཁན་རྒུད། བརྔན་གྱིས་ཇུས་འདྲེན་མཁན་རྨོངས། དགེ་དོར་སྡིག་འཛིན་མཁན་རྩིང་། རྟོན་པ་མི་བཀོལ་མཁན་ཟིང་། བཀོལ་ལ་མི་རྟོན་མཁན་ཉམས། སྤྱོད་ལེགས་སྐྱོང་མཁས་ཅན་མཐུན། རྒྱལ་ཁབ་ཁྲིམས་སྐྱོང་མཁན་བྲལ། བྱས་པ་ཆུང་ལ་མ་བསྟོད་ན། བྱས་རྗེས་ཆེན་པོ་འཇོག་མཁན་མེད། འཁང་ར་ཆུང་བ་མ་སེལ་ན། འཁང་བ་ཆེན་པོ་ངེས་པར་འབྱུང་། བསྟོད་པས་མི་སེམས་མ་ཁུག་པར། ཆད་པ་དྲག་པོས་ངེས་པར་ལོག བྱས་མེད་བསྟོད་པས་བཀུར་བ་དང་། ཉེས་མེད་ཆད་པས་གཅོད་མཁན་གཏུམ། ངན་པར་ཉན་ལ་བཟང་པོར་གཏོང་མཁན་ཉམས། མངའ་འབངས་འབྱོར་བས་ཕྱུག་ན་བདེ། གཞན་ནོར་བདག་ཏུ་བཟུང་ན་སྡུག

 ལེའུ་དྲུག་པ། གུས་ལུགས། 

འཁྲུལ་ཆུང་མ་བཏང་བས་འཁང་། ཇུས་བློ་མ་ཞིབ་པས་ངན། དགེ་བ་བསགས་པས་བདེ། སྡིག་པ་སྤོངས་པས་སྡུག ཞིང་ལས་དོར་བས་ལྟོགས། དར་གོས་སྤང་བས་འཁྱག མཛངས་མི་ཐོབ་པས་བདེ། མཛངས་མི་ཤོར་བས་ཉེན། ཉེ་རྒྱང་མགྲོན་གྱིས་ཕྱུག ཞིང་དུས་ཡལ་བས་དབུལ། གོང་མར་འགྱུར་ལྡོག་མང་ན། འོག་མར་དོགས་པ་མང་ངོ་།།གོང་མར་མ་བརྩིས་ན་ཉེས། འོག་མར་བརྙས་ཆེ་ན་བྲལ། ནང་བློན་མ་བཀུར་ན། ཕྱི་བློན་གྱིས་ཁྲེལ། དོགས་ཆེ་ན་རྟོན་ས་མི་རྙེད། བློ་དྲང་ན་དོགས་པ་མི་སྐྱེས། ངན་པ་ལ་གྲོགས་མེད། གཡོ་ཅན་ལ་འབངས་མེད། མཛངས་མི་མེད་ན་རྒྱལ་ཁབ་རྒུད། མཛངས་མི་མི་སྤྱོད་སྲིད་དབང་ཉམས། མཛངས་མིར་དགའ་མཁན་གྱིས་སྐོམ་པའི་ཆུ་བཞིན་འཚོལ། མཛངས་མིར་གུས་མཁན་གྱིས་བཀུར་བསྟུས་འགུག་པར་བྱེད། རྒྱལ་ཁབ་དར་ན་མཛངས་མི་འདུ། རྒྱལ་ཁབ་རྒུད་ན་མཛངས་མི་བྲལ། ས་གཤིས་ངན་ན་ལོ་ལེགས་མི་འབྱུང་། ཆུ་བོ་ཆུང་ན་ཉ་ཆེན་མི་འཁོར། ཡལ་འདབ་མ་རྒྱས་ན་བྱ་ཆེན་མི་འབབ། ནགས་ཚལ་མ་སྟུག་ན་གཅན་གཟན་མི་འཁོར། རི་བོ་གཟར་དྲགས་ན་ཉིལ། མཚེའུ་རྫིང་བཀང་དྲགས་ན་འཕོ། གཡུ་དང་རྡོ་བརྗེ་མཁན་ལོངས། ལུག་སྟག་ལྤགས་བརྗེ་མཁན་ཞན། གོས་གོང་མ་མེད་ན་རྫོབ། ལམ་གཟབ་པ་མེད་ན་ལྷུང་། ཁང་པའི་ཀ་གདུང་ཞན་ན་རྡིབ། སྲིད་ཀྱི་སྐྱོར་བློན་ཉམས་ན་རྒུད། རྐང་ཞབས་འཁྱག་དྲགས་ན་སྙིང་རུས་གཏིང་ལ་གནོད། འབངས་སེམས་འཁང་ཆེ་ན་སྲིད་ཀྱི་རྨང་ནས་གཡོ། རི་བོ་ཉིལ་བ་རི་རྩ་ཞིག་པའི་རྟགས། རྒྱལ་ཁབ་ཉམས་པ་འབངས་སེམས་ཐོར་བའི་རྟགས། རྩ་བ་སྐམ་ན་ཡལ་འདབ་རུལ། འབངས་མི་སྡུག་ན་རྒྱལ་ཁབ་ཉམས། ཤིང་རྟ་ལོག་པའི་འགྲོས་དང་མཉམ་དུ་བསྐྱོད་ན་མགོ་རྟིང་སློག རྒྱལ་ཁབ་ཤོར་བའི་ལས་ཀྱི་རྗེས་སུ་ཞུགས་ན་སྲིད་དབང་ཉམས། རྐྱེན་ངན་བྱུང་ན་གསར་དུ་འབྱུང་བར་གཟོབ། ངན་པའི་མགོ་རིག་ན་སྔར་ནས་གཡོལ་བ་གལ། ཉེན་ཁར་འཛེམ་པ་བདེ་བའི་རྒྱུ། ཉམས་པར་སྐྲག་པ་གནས་པའི་རྒྱུ། ལར་མི་ཡི་སྤྱོད་པ་ནི། ལུགས་དང་མཐུན་ན་བདེ་ཞིང་མ་མཐུན་ན་མི་བདེ། བསོད་ནམས་ཅན་ལ་ལེགས་བརྒྱས་མཆོད། བསོད་ཟད་ཅན་ལ་ངན་དགུས་རྒོལ། འདི་ནི་ལྷ་འདྲེའི་ཆོ་འཕྲུལ་མི་ཡིན་ཏེ། ཆོས་ཉིད་ལུགས་ལ་མཐུན་པ་ཙམ། ཇུས་ལ་མཁས་ན་ངན་པའི་ལས་མི་འབྱུང་། འཕྲལ་ལ་སེམས་འཚུབ་པ་ཕུགས་ཇུས་མེད་པའི་རྟགས།  འདུན་མ་གཅིག་པ་མཉམ་དུ་འདུ། སྙིང་རྗེ་ཅན་གྱིས་གཞན་དོན་བསམ། ངན་པ་ཚོགས་སྡེབ་བྱེད། དགའ་ཕྱོགས་མཐུན་པ་མཉམ་དུ་འགྲོག མཛེས་དཔྱོད་གཅིག་པས་ཕྲག་དོག་བྱེད། བློ་གྲོས་མཉམ་པས་མཉམ་ཇུས་འཐེན། དབང་ཤུགས་མཉམ་པས་ཕན་ཚུན་འགྲན། ཁེ་གྲགས་མཉམ་པས་ཕན་ཚུན་དོགས། བསམ་བློ་ཉེ་བས་ཕྱོགས་གཉིས་ཕན། བློ་སྤོབས་མཉམས་པས་ཕན་ཚུན་བསྟོད། རིགས་གཅིག་པའི་མིས་ཕན་ཚུན་ལ་བརྟེན། མི་ལུགས་མཐུན་པ་ཕན་ཚུན་བརྩེ། དཀའ་སྡུག་གཅིག་པ་ཕན་ཚུན་ཉེ། རྟོགས་པ་མཉམ་པ་གཉིས་ཀར་ཕན། ནུས་པ་མཉམ་པས་ཕན་ཚུན་འགོག ལག་རྩལ་མཉམ་པས་ཕན་ཚུན་འགྲན། འདི་ནི་ཆོད་ཉིད་ཟབ་མོས་ཐག་བཅད་པས། རང་བྱུང་ཆོས་ཉིད་རྒོལ་བར་མི་བྱའོ། ། རང་བྱུང་ཆོས་ཉིད་དང་འགལ་ན་འགོག་རྐྱེན་འཕྲད། རང་བྱུང་ཆོས་ཉིད་དང་བསྟུན་ན་བདེ་ལེགས་འབྱུང་། གེགས་རྐྱེན་དང་འཕྲད་ན་ཟིང་ལོང་དུ་འགྱུར། བདེ་ལེགས་བྱུང་བ་ལུགས་དང་མཐུན། ལུགས་འདི་དང་བསྟུན་ན། ལུས་གསོ་བ་དང་ཁྱིམ་སྐྱོང་། སྲིད་སྐྱོང་གང་ཡང་རུང་བའོ། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号