འཁྱག་དོང་སྙན་ཚིག
སུང་བྱང་མའི་ལུས་མིང་ཀྲིན་གྱིས་བརྩམས།སངས་རྒྱས་བཀྲ་ཤིས་ཀྱིས་བསྒྱུར།
གནམ་ལ་དཔག་དཀའི་གནམ་གཤིས་དང་། །མི་ལ་སྐྱིད་སྡུག་སྣ་ཚོགས་ཡོད། །རྐང་བརྒྱར་རྐང་པ་བརྒྱ་ཡོད་ཀྱང་། །བསྐྱོད་ན་སྦྲུལ་གྱི་དོ་ཟླ་མིན། །ཁྱིམ་བྱའི་གཤོག་པ་ཆེ་ན་ཡང་། །ཁྭ་ཏ་བཞིན་དུ་འཕུར་མི་ནུས། །ཅང་ཤེས་ལེ་དབར་སྟོང་ཆོད་ཀྱང་། །སྐྱ་མི་མེད་ན་འབྱོར་མི་ནུས། །མི་ལ་ཕུགས་བསམ་རྒྱང་རིང་ཡང་། །གོ་སྐབས་མེད་ན་མངོན་འགྱུར་དཀའ། །འབྱོར་ཚེ་ཆགས་སྲེད་མི་རུང་ཞིང་། །རྒུད་ཚེ་མི་གཡོ་མི་རྣམས་སྨྲ། །ཁུང་ཙིའི་གསུང་རྩོམ་དོ་ཟླ་མེད། །ཡིན་ཡང་ཁྲེན་ལས་བརྒལ་བར་དཀའ། །ཞི་དྲག་འཛོམས་པའི་ཅང་ཧྲང་གིས། །ཝེ་ཆུར་ཉ་འཛིན་གོ་སྐབས་འཚོལ། །ཁུང་ཙིའི་སློབ་མ་ཡན་ཧུའེ་དེ། །སྔ་མོར་འདས་ཀྱང་མི་ངན་མིན། །ཏའོ་པཱ་ཡུན་རིང་འཚོ་ན་ཡང་། །བྱམས་བརྩེ་ལྡན་པའི་མི་ཞིག་མིན། །ཡའོ་ལ་རྣམ་དཔྱོད་ལྡན་ན་ཡང་། །སྲི་ཞུ་མེད་པའི་བུ་ཞིག་སྐྱེས། །ཀུའུ་ཞུས་གཤིས་གྱོང་གླེན་ན་ཡང་། །སྲི་ཞུ་ཅན་གྱི་ཧྲུན་དེ་འཁྲུངས། །ཀྲང་ལིང་མི་སེར་དཀྱུས་མ་དང་། །ཞའོ་ཧི་རྫོང་དཔོན་ཙམ་དུ་ཟད། །ཡན་ཙིའི་སྐྱེས་གཟུགས་ཁྲེ་ཙེ་ལྔ། །ཡིན་ཡང་ཆི་ཡི་དགུང་བློན་བཞེས། །ཁུང་མིན་རྩྭ་ཡི་སྤྱིལ་བུར་བཞུགས། །ཧྲུའུ་ཡི་དམག་ཇུས་མཁན་པོ་བྱས། །ཞང་ཡུས་སྟོབས་ལྡན་མཐའ་རུ་ཕམ། །ཝུའུ་ཅང་འགྲམ་ནས་རང་སྲོག་བཅད། །ལིའུ་པང་ནུས་པ་ཞན་ན་ཡང་། །མཐའ་རུ་རྒྱལ་སྲིད་དབང་དུ་བསྒྱུར། །སྟག་གསོད་དཔའ་རྒོད་ལི་ཀོང་ཡང་། །ཚེ་གང་དཔོན་གནས་འཐོབ་ཐབས་བྲལ། །ཧྥིན་ཐང་སྲིད་སྐྱོང་ནུས་ལྡན་ཡང་། །ཚེ་གང་གོ་སྐབས་མ་འཕྲད་སྐྱོ། །ཧན་ཞིན་ལས་ཀླུང་མི་དར་དུས། །ཐ་ན་ཁ་རུ་ཟས་ཀྱང་དཀའ། །ལས་ཀླུང་རབ་ཏུ་དར་བའི་དུས། །ཐམ་འཛིན་དམག་སྤྱི་ཆེན་མོར་གྱུར། །ལས་ཀླུང་མཐའ་རུ་རྒུད་དུས་སུ། །མི་ངན་འཐབ་ཇུས་འོག་ཏུ་བཀུམས། །ལ་ལ་འབྱོར་ཀྱང་རྗེས་སུ་དབུལ། །འགའ་ཞིག་གཞོན་རྒུད་རྒས་དུས་འབྱོར། །ཁོང་དུ་ཡོན་ཏན་ཕྱུག་ན་ཡང་། །རྒས་ཀྱང་རྒྱུགས་ལས་མིང་མི་ལོན། །ཡོན་ཏན་ཆེན་པོ་མེད་ན་ཡང་། །གཞོན་དུས་རྒྱུགས་ལས་རྒྱལ་བའང་ཡོད། །གོང་མའི་བཙུན་མོ་ཟིང་འཁྲུག་ཁྲོད། །འདོད་མའི་གྲས་སུ་ལྷུང་ཡང་སྲིད། །ཉམས་ལྡན་འདོད་མ་ཡིན་ན་ཡང་། །ལས་ཀླུང་དར་དུས་ལྕམ་དུ་འགྱུར། །སྒེག་ལྡན་མཛེས་མ་ལང་ཚོས་ཕྱུག །ཡིན་ཡང་ཁྱོ་ག་གླེན་པར་འཕྲད། །ན་གཞོན་གསར་བུ་ཡིད་གར་འོང་། །ཆུང་མ་ཙོག་པོ་བཙལ་བ་ཡོད། །འབྲུག་ལ་གོ་སྐབས་མ་བྱུང་བས། །ཉ་སྦལ་རྣམས་དང་མཉམ་དུ་འཚོ། །དམ་པར་གོ་སྐབས་མ་འཕྲད་པས། །མི་ཆུང་གཞུག་ན་ཡ་རེ་ང་། །ལྭ་བ་ཧྲལ་ཧྲུལ་ཡིན་ན་ཡང་། །གུས་ལུགས་རྒྱུན་དུ་ཡོད་པར་གཅེས། །གདོང་ལ་སྐྱོ་ཉམས་ཤར་ན་ཡང་། །གནམ་འོག་སྐྱོབ་པའི་ཕུགས་བསམ་ལྡན། །བསམ་པ་མ་འགྲུབ་དབུལ་བོར་འཚོ། །བསམ་གྲུབ་མགོ་འགྱོག་དུས་ཤིག་ཡོད། །དམ་པ་དབུལ་ཡང་ངང་ཚུལ་བརྟན། །མི་ཆུང་ཕྱུག་ཀྱང་ནང་སེམས་དབུལ། །གནམ་རུབ་ཉི་ཟླ་མཐོང་བར་དཀའ། །ས་སྐམ་རྩི་ཤིང་སྐྱེ་མི་སྲིད། །འོས་འཚམ་ཁོར་ཡུག་མེད་པའི་ཆུ། །རླུང་གི་ཁྲོད་ན་རླབས་ཕྲེང་རྒོད། །མི་ལ་གོ་སྐབས་མ་ཐོབ་ཚེ། །ལས་ལམ་བདེ་བ་མ་ཡིན་ནོ། །རྒྱུ་འབྱོར་དབང་ཐང་ལས་ལ་རག །མཁོ་བ་མེད་པ་སུ་ཞིག་ཡོད། །སྤྱོད་བཟང་མེད་པའི་འཚོ་བར་རོལ། །མཐོ་བའི་དཔོན་ས་འཐོབ་རེ་སྐན། །ལུའོ་དབྱང་གྲོང་དུ་འཚོ་བའི་དུས། །ཉིན་མོར་དགོན་པའི་ཚོགས་ཟས་རོལ། །མཚན་མོར་འཁྱག་པའི་ས་དོང་བསྟེན། །གྱོན་པས་གྲང་ངར་འགོག་མི་ནུས། །འབྲས་གདུས་བཀྲེས་སྐོམ་སེལ་མི་ནུས། །གོང་ནས་སྡང་ཞིང་འོག་ནས་བསུན། །ཀུན་གྱིས་ང་རང་དམན་སར་འཛིན། །དོན་དུ་ང་ལ་གོ་སྐབས་བྲལ། །ད་ལྟ་རྒྱལ་པོའི་ཁབ་ཏུ་ཞུགས། །དཔོན་གནས་རྩེ་མོར་འཕགས་པ་ཡི། །གོང་མ་མཆོག་གི་གཤམ་དེ་དང་། །ཁྲི་མ་འབུམ་གྱི་གོང་དུ་སོན། །དཔོན་པོ་སྣ་བརྒྱའི་དོ་དམ་དང་། །ངན་པར་ཆད་གཅོད་དབང་ཆ་ལྡན། །ལུས་ལ་རྒྱན་གོས་གང་ཡག་གྱོན། །ཁ་ལ་ཟས་རིགས་གང་ཞིམ་ཟ། །ཕྱི་རུ་སྐུ་སྲུང་དམག་མི་དང་། །ཁྱིམ་དུ་ཞབས་གཡོག་སྒྲུབ་མཁན་ཡོད། །གོང་མས་ཐུགས་སུ་འཛིན་པ་དང་། །དཔོན་པོའི་ཚོགས་ཀྱིས་བཀུར་བསྟི་བྱེད། །ཚང་མས་དབང་ཐང་ཆེ་ཚུལ་གླེང་། །འཇོན་ནུས་ཡོད་པས་མ་ཡིན་ཏེ། །དོན་དུ་ལས་ཀླུང་དར་བས་ཡིན། །དེའི་ཕྱིར་མི་རྣམས་འཚོ་བའི་དུས། །རྒྱུ་དབང་བག་མེད་སྤྱོད་མི་རིགས། །མཁོས་དམན་རང་ཉིད་མ་གཏོང་ཞིག །གནམ་སའི་བར་ནས་འཁོར་བར་བལྟ། །དེ་ལྟར་ཀུན་ལ་གདམས་པ་ཡིན། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注