གསང་བའི་མགྲོན་པོ།

ཆོས་དབྱིངས་རྒྱ་མཚོ།

སྟོད་ཆ།

དགོང་མོ་དེར། ཕྱི་རོལ་ན་ཙག་རླུང་ཤིན་ཏུ་རྒོད་པས། ང་རང་གང་དུའང་མ་ཕྱིན་པར་ཁང་ཁྱིམ་ཆུང་ཆུང་འདིའི་གནམ་གཅལ་ངོས་ཀྱི་གློག་སྒྲོན་དཔྱངས་སྐུད་སྟེང་འཇམ་ཅག་གེར་བསྡད་ཅིང་། གོམས་སྲོལ་ལྟར་ཁང་ཁྱིམ་ཆུང་ཆུང་འདིའི་ནང་གི་བཀོད་པ་ཆ་ཚང་ལ་མིག་ཉུལ་ཐེངས་གཅིག་བྱས་པ་དང་། ཅ་ལག་རེ་རེའི་རྣམ་པ་དང་ཁྱད་ཆོས། སྒྲིག་སྟངས་སོགས་ལའང་ཞིབ་ཀྱིས་བལྟས་པ་ཡིན།

ངས་ཁང་ཁྱིམ་འདིར་ཚང་བཅས་ཏེ་དུས་ཡུན་རིང་ཙམ་འགོར་སོང་བས། ང་རང་ཁྱིམ་ཚང་འདི་ལ་རྒྱུས་མངའ་ཅུང་ཟད་ཡོད་ཅེས་བཤད་ནའང་མི་ཆོག་པ་གང་ཡང་མེད། ཁྱེད་ཚོས་གསལ་པོར་ཤེས་དགོས་པ་ནི། ཁང་ཁྱིམ་ཆུང་ཆུང་འདི་ནི་ཁོང་ཚང་གི་གནས་སྐབས་ཙམ་གྱི་སྡོད་གནས་ཡིན་པ་ལས། ཁོང་ཚང་ལ་འདི་ལས་གཞི་རྒྱ་ཆེ་ཞིང་འདི་ལས་རྣམ་པར་བརྒྱན་པའི་ཁང་ཁྱིམ་ཞིག་ཡོད་པ་ཐག་གིས་ཆོད། རྒྱུ་མཚན་ནི་ཁང་ཁྱིམ་ཆུང་ཆུང་འདིར་ཉེར་མཁོའི་ཅ་ལག་ཉུང་ངུ་དང་དཔེ་ཆ་འགའ་རེ་མ་གཏོགས་ཅི་ཡང་མེད་ལ། ཁྱིམ་བདག་མས་སྐབས་འགར་གྱོན་གོས་གསར་པ་འགའ་རེ་འཁྱེར་ཡོང་བ་དང་། ཡང་གཟའ་མཇུག་ལྟ་བུར་སླེབས་དུས་ཚི་དྲེག་ཅན་གྱི་གོན་པ་ཐམས་ཅད་ཁུག་མ་གཅིག་ཏུ་བསྡུ་གསོག་བརྒྱབ་སྟེ་ག་ཤེད་ལ་ཁྱེར་འགྲོ་བས། དེ་ནི་ཁོང་ཚང་གི་ཁང་ཁྱིམ་ངོ་མ་དེར་ཁྱེར་ནས་འཁྲུད་བཞིན་ཡོད་པ་ཡིན་ངེས། དེ་མིན་གཟའ་མཇུག་དང་གུང་གསེང་གི་སྐབས་སུ་ཁང་ཁྱིམ་འདིར་སྡོད་མཁན་གཅིག་ཀྱང་མེད་པས། དེས་ཀྱང་དོན་འདི་ལ་གསལ་ཁ་སྤྲོད་བཞིན་ཡོད་པ་མིན་ནམ།

གང་ལྟར། དགོང་མོ་དེར། ང་རང་དེ་ལྟར་ཁུ་སིམ་མེར་ལྷོད་ཀྱིག་གེར་བསྡད་ཡོད།

དགོང་མོ་དེར། ཁྱིམ་བདག་མ་ཕྱིར་སླེབས་དུས་ཅུང་ཙམ་འཕྱི་པོ་ཆགས་འདུག་ལ། མོ་རང་ཆང་བཏུང་ནས་རབ་ཏུ་བཟི་ཡོད་པ་འདྲ། ཡང་ན་དེ་འདྲའི་ར་རོ་བར་གྱུར་མེད་ནའང་བཟི་ཡོད་མདོག་གི་ཟོལ་ཞིག་ཏན་ཏན་སྟོན་བཞིན་འདུག མོས་ཁང་སྒོ་ཁྲོག་གེར་ཕྱེས་ཤིང་གོམ་པ་ཁྱར་ཁྱོར་སྤོས་ནས་ནང་དུ་སླེབས་པ་དང་། སླར་ཡང་སྒོ་མོ་ཁྲོག་གེར་བརྒྱབ་སྟེ་ཁྱར་ཁྱོར་གྱི་གོམ་པ་མདུན་དུ་སྤོས། ཁྱོ་གས་གསར་དུ་ཉོས་པའི་ལག་ཁུག་དམར་པོ་འདང་རྩིས་ཆེ་བ་དེ་ཐད་ཀར་འབོལ་ཁྲིའི་སྟེང་དུ་སྐོར་འཕེན་བྱས་མོད། འོན་ཀྱང་། དེ་མ་ཐག་ཏུ་ཡིད་ལ་ཅི་ཞིག་དྲན་པ་ལྟར་ལག་འཇམ་དང་བཅས་ཏེ་ཡར་བླངས་བྱུང་། དེ་ནི་ཁུག་མར་སེར་སྣ་སྐྱེས་པ་མ་ཡིན་པར་དེའི་ནང་གི་ཁ་པར་ས་ལ་ལྷུང་འགྲོ་བར་དོགས་པ་ཡིན་འདུག་སྟེ། མོས་ཁ་པར་ཕྱིར་བླངས་རྗེས་ཁུག་མ་ཡང་བསྐྱར་འབོལ་ཁྲིའི་སྟེང་དུ་འཕངས་བྱུང་། ཏག་ཏག་སྐབས་དེར་ཁ་པར་སླེབས་པའི་སྒྲ་ཞིག་ཀྱང་སིང་སིང་པོར་གྲགས།
       “ཝེ།” ཁྱིམ་བདག་མས་ཁ་པར་ལ་ཉན་བཞིན་ཧ་ཅང་ཐང་ཆད་པ་དང་ཡང་ན་ཤིན་ཏུ་ར་རོ་བའི་ཚུལ་གྱིས་མལ་ཁྲིའི་སྟེང་ཁ་སྦུབ་ཏུ་ལོག་ཅིང་། ཡང་དེ་མ་ཐག་ཤིན་ཏུ་མི་བདེ་བའི་ཚུལ་གྱིས་ཀན་རྐྱལ་དུ་ཉལ་བྱུང་། ངས་གསལ་པོར་མཐོང་བྱུང་སྟེ། ཁྱིམ་བདག་མས་དེ་ལྟར་ལུས་ཤུགས་ཡོད་ཚད་བཏོན་ནས་དར་སྲོལ་ཆེ་བའི་སྨུག་མདོག་གི་ལྭ་རིང་དེ་ཕུད་ཅིང་རྐང་པས་རྐང་པར་ཕུད་རྒྱག་གཏོང་བཞིན་ལྷམ་ཟུང་ས་ལ་གཡུགས།
       རྒྱུན་ལྡན་ལྟར་ན། ཁྱིམ་བདག་མ་ཁྱིམ་ལ་སླེབས་པ་ཅི་འདྲའི་འཕྱི་པོ་ཆགས་ཀྱང་། བྲེལ་འཚུབ་ཅི་ཡང་མེད་པར་ཧ་ཅང་བག་ལྷོད་ལྡན་པའི་སྒོ་ནས་གློག་ཐབ་བསྒྲོན་ཏེ་ཁྱིམ་ལ་དྲོད་ཁོལ་འཁྱིལ་བར་བྱེད་ཅིང་། དེ་དང་མཉམ་དུ་ཆུ་རྫའི་ནང་དུ་ཆུ་སྐོལ་བ་དང་། ཆུ་མ་ཁོལ་བར་དུ་བརྙན་འཕྲིན་ལ་ལྟ་བ་དང་། ཡང་ན་དཔེ་ཆར་ལྟ་བ། ཡང་ན་ཁྱིམ་ལ་གཙང་སྦྲ་བྱེད་པ་སོགས་བགྱི་བ་གང་ལ་རྩོམ་པ་ལས་ཐད་ཀར་ཉལ་མི་སྲིད། ཆུ་ཁོལ་དུས་ཁ་ལག་གཙང་མར་འཁྲུད་པ་དང་། མུ་མཐུད་དུ་གདོང་སྐྱོ་ཞིག་སྦྱར་ནས་སླར་ཡང་གློག་བརྙན་ལ་ལྟ་བ་སོགས་བྱེད་ཅིང་། སེམས་ཁམས་ཤིན་ཏུ་སྐྱིད་དུས་གླུ་ལ་ཉན་པ་དང་ཁོ་ཧྥེ་འཐུང་བ་སོགས་བྱས་ཏེ། ག་ལེ་ག་ལེར་དལ་བ་དལ་བུར་ཉལ་བར་རྩོམ་པ་རེད། འོ། ད་རུང་དེས་ག་ལ་ཚད། དགོང་མོ་རེ་རེ་བཞིན་ང་རང་ཆེས་རེ་སྒུག་ཆེ་བའམ་མིག་དབང་འཕྲོག་པ་ནི་ཁྱིམ་བདག་མ་ཉལ་ཁའི་བརྒྱུད་རིམ་ཆ་ཚང་དེ་ཡིན་ཏེ། ཁོ་མོས་མ་ཉལ་བའི་སྔོན་གྱི་ལས་རིམ་ཐམས་ཅད་ཚགས་སུ་ཆུད་པ་བྱས་ནས་མལ་ཁྲིའི་གམ་དུ་སླེབས་དུས། ཐོག་མར་ཁ་པར་ལས་གླུ་དབྱངས་སྙན་མོ་ལྷོད་ཆ་ཅན་ཞིག་བཏང་སྟེ་མགོ་སྔས་འགྲམ་དུ་འཇོག་པ་དང་། དེ་ནས་གོན་པ་རྣམས་རེ་རེ་བཞིན་ཕུད་ཅིང་སྟོད་ལྭ་དང་རྐང་སྣམ་གྱི་ཁྱད་པར་གང་ཡང་མེད་པར་ཐམས་ཅད་མལ་ཁྲིའི་འགྲམ་གྱི་གདན་སྟེང་དུ་གཡུགས་ཤིང་། སྨད་ཀྱི་གསང་དོར་དང་སྟོད་ཀྱི་ནུ་ཁེབས་གཉིས་ལས་གཞན་ཐམས་ཅད་བཤུས་ཚར་དུས་སྤུ་སོབ་སོབ་ཀྱི་ཉལ་ལྭ་འཇམ་པོ་ཞིག་གྱོན་སྟེ་མལ་ཁྲིའི་སྒང་དུ་འགོ་བ་དང་། ཡང་སྐབས་རེར་ལུས་ལ་དྲི་ཞིམ་འཐུལ་བའམ་ལུས་ཤ་འཇམ་པོར་གཏོང་བའི་བྱུགས་རྫས་གང་ཞིག་ལུས་ཀྱི་ཡན་ལག་ཀུན་ལ་དཀུ་བར་བྱེད་ངེས། ཡིན་ནའང་། སྐབས་རེར་དེ་ལྟ་བུའི་ཡིད་འོང་གི་མཛེས་སྡུག་གི་གོ་རིམ་གཅིག་ཀྱང་མི་བརྒྱུད་པར་ཐད་ཀར་ཉལ་སྲིད་དེ། དཔེར་ན་དགོང་མོ་དེ་ལྟ་བུའོ། །
       དགོང་མོ་དེར། ཁྱིམ་བདག་མ་དེ་ལྟར་སྒྱིད་ལུག་དང་ལེ་ལོས་མལ་ཁྲིའི་སྟེང་དུ་ལོག་ཅིང་། ཡང་དེ་ལྟར་དཀའ་སྣང་དང་ངལ་དུབ་ཀྱིས་གོན་པ་ཕུད་ཅིང་ཉལ་བར་རྩོམ་པ་ལ་བལྟས་ན། དངོས་གནས་ཁོ་མོ་རབ་ཏུ་བཟི་ཡོད་པ་འདྲ། དེ་ལྟ་མིན་ན། དགོང་མོ་དེར་ཡང་ཆེད་དུ་དང་བསམ་བཞིན་མ་ཡིན་པའི་ལྟད་མོ་ཡག་པོ་ཞིག་ཏན་ཏན་ང་ཁོ་ནས་ཉམས་སུ་མྱོང་ཐུབ་ངེས་རེད།
       དགོང་མོ་དེར། ངས་ལྟད་མོ་ཡག་པོ་དེ་མཐོང་མི་ཐུབ་པ་ཁོ་ཐག་ཆད་སོང་བས། ད་ནི་ཕྱིར་ཚང་དུ་ལོག་ནས་ངལ་གསོ་བས་དགའ་སྙམ་སྟེ་འགྲོ་རྩིས་བྱེད་སྐབས། ཏག་ཏག་ཁྱིམ་བདག་མའི་རྒྱུན་ལྡན་མ་ཡིན་པའི་སྐད་ངག་ཅིག་ཐོས་བྱུང་། རྒྱུན་ལྡན་མ་ཡིན་པའི་སྐད་ངག་དེས་ང་རང་ཕྱིར་ལོག་པའི་འདུན་མ་རྩ་མེད་དུ་བཏང་བས། སླར་ཡང་ཁ་ཕྱིར་འཁོར་ཏེ་ཁྱིམ་བདག་མས་ཅི་ཞིག་བཤད་ཡོང་བར་རྣ་ཉན་བྱས།
       “ངས་ནི་ཁྱོད་རང་བསུ་བར་སླེབས་ཡོང་ངེས་སྙམ་ནས་ཡུན་རིང་བསྒུགས་མོད། དེ་ནི་སྟོང་བསམ་རང་ཡིན་འདུག”
       “……”
       “དེས་ན་ཁྱོད་རང་མི་ཡོང་དོན་ཅི་ཡིན། ཁོ་ཚོས་སྒྲོལ་མ་ངེད་ལ་ཆང་མང་ཙམ་འཐུང་དུ་བཅུག་པས། དངོས་གནས་སྐབས་ཐོག་དེར་ཁྱོད་རང་འགྲམ་དུ་ཡོད་ན་ཅི་མ་རུང་སྙམ་བྱུང་། འོན་ཀྱང་། ཁྱོད་ཀྱིས་ནམ་རྒྱུན་ང་ལ་ཁ་ཡག་བཤད་པ་ཙམ་ལས་དོན་གནད་ལ་ཐུག་དུས་ཅི་ཡང་མི་འདུག”
       “……”
       “ཁྱོད་ང་ལ་འདང་ཡོད་ན། ང་རང་ཆང་གིས་བཟི་ནས་ར་རོ་བར་གྱུར་ཡོད་དུས་བསུ་བར་ཡོང་ན་ཅིས་མི་ཆོག”
       “……”
       “མཚན་གུང་འདི་ལ་སུ་ཞིག་གིས་ཉམས་འཇོག་སྲིད། གསལ་པོར་བཤད་ན་ཁྱོད་ང་ལ་འདང་མེད་པས་རེད།”
       “……”
       “ཅུང་ཙམ་སྒུག་དང་། ཁོས་ང་ལ་འཕྲིན་ཕྲན་སྐུར་བཞིན་འདུག”
       ཁྱིམ་བདག་མས་ཁ་པར་སྐུད་སྣེའི་མི་དེ་ལ་དེ་ལྟར་ཁ་བརྡ་ཡུད་ཙམ་བྱས་རྗེས། ཁྱོ་གས་འཕྲིན་ཕྲན་དུ་ཅི་ཞིག་སྐུར་བཞིན་འདུག་པ་ཚོར་བས། ལམ་སང་ཁ་པར་གྱི་སྒོ་གཏན་བྱུང་། སྐབས་དེར། ངས་ད་གཟོད་ཁྱིམ་བདག་མར་ཁྱོ་ག་མ་ཡིན་པའི་སྐྱེས་པ་ཡིད་མཐུན་གཞན་ཞིག་ཡོད་པ་ཤེས་བྱུང་ལ། ད་ཅི་ཆང་འཐུང་བའི་སྐབས་ནས་ཁོ་ལ་འབྲེལ་བ་བྱས་པ་རྗེས་དཔག་ཚད་མས་རྟོགས་ཐུབ།
       ཡུད་ཙམ་འགོར་རྗེས། ཁྱིམ་བདག་མས་སྐྱེས་པ་དེ་ལ་ཁ་པར་བཏང་།
       “ཝེ།” སྐབས་འདིར་ཁྱིམ་བདག་མའི་སྐད་གདངས་ཅུང་ཙམ་དམའ་རུ་གྱུར་འདུག་ཅིང་། ཤིན་ཏུ་གཅེས་ལང་ལ་ཤོར་བའི་ཚུལ་གྱིས“དོ་ནུབ་ང་རང་ཧ་ཅང་བཟི་འདུག་མོད། ཁྱོད་རང་ངའི་དྲན་ངོགས་སུ་ཤར་ནས་བསུབ་ཐབས་ཤིག་མི་འདུག”
       “……”
       “ཨུན། ངོ་མ་ཡིན།”
       “……”
       “ཁྱོད་ལ་དེའི་སྙིང་སྟོབས་ཡོད་དམ།”
       “……”
       “ཨུན།”
       སྐད་ཆ་དེ་དག་བཤད་ཚར་རྗེས། ཁྱིམ་བདག་མས་སླར་ཡང་ཁ་པར་སྒོ་གཏན། ད་ཐེངས་ཁྱོ་གས་ནི་ཅི་ཡང་བསྐུར་མི་འདུག་ཀྱང་། ཁ་པར་གྱི་སྒོ་གཏན་དོན་ཅི་ཡིན་ནམ། ངས་ད་ཅིའི་ཁོང་གཉིས་ཀྱི་ཁ་བརྡར་ཕྱིར་འདང་རྒྱག་བཞིན་ཅི་ཞིག་གི་མཐིལ་དོན་རྟོགས་པར་མནོ་བསམ་བཏང་ཡང་། རང་གི་དྲན་ངོགས་སུ་རྟོག་བཟོ་སྣ་ཚོགས་དང་འཆར་སྒོ་འདྲ་མིན་བསྐྱེད་པ་ལས་ཅི་ཡིན་འདི་ཡིན་གྱི་ཐག་མ་ཆོད་པས། ད་ནི་ཕྱིར་ཚང་དུ་ལོག་ན་དགའ་སྙམ་སྟེ་འགྲོ་གྲབས་བྱེད་དུས། ངས་ཁྱིམ་བདག་མའི་བྱེད་སྟངས་ཁྱད་མཚར་བ་དེ་མཐོང་བྱུང་། དྲང་མོར་བཤད་ན། ཁྱིམ་བདག་མའི་རྣམ་འགྱུར་དང་བཟོ་ལྟ་དེས་ང་ཡང་དོགས་མི་བདེ་བར་བཏང་།
       ལྟོས་དང་། ཁྱིམ་བདག་མ་གློ་བུར་དུ་ངོ་ཚ་བྱུང་བ་འདྲ། ཡང་ན་དོན་དག་ཅིག་ལ་དགའ་བ་དང་བཅས་ངོ་ཚ་དང་བཅས་རེ་སྒུག་བྱེད་མགོ་བརྩམས་པ་འདྲ། རྒྱུན་པར་དཀར་པོ་དཀར་རྐྱང་དུ་གནས་པའི་མཁུར་ཚོས་གཉིས་པོར་ཡང་དམར་མདངས་ཅུང་ཟད་རྒྱས་པ་དང་། ཡུན་རིང་མ་འགོར་བར་ཀུ་ཤུ་ལྟ་བུའི་དམར་པོ་དམར་རྐྱང་དུ་ཆགས་སོང་། ད་ཅིའི་ངལ་ཞིང་དུབ་པའི་གདོང་མདོག་སྐྱ་བོར་ད་ལྟ་འཛུམ་མདངས་ལྷུག་གེར་བཞད་ཅིང་། དཀྱེལ་ཆེ་བའི་མིག་ཟུང་ལ་འོད་མདངས་ལྷག་མ་ཞིག་རྒྱས་འདུག རྗོད་བྱེད་ཚིག་གིས་མཚོན་ཐབས་མེད་པའི་ཁོ་མོའི་ལུས་ཀྱི་ཉམས་འགྱུར་དང་བཟོ་ལྟ་དེས་ང་རང་རྟབ་རྟབ་པོར་བསྒྱུར་ཅིང་། ཅི་ཡིན་འདི་ཡིན་མེད་པར་ཁོང་དགོད་ཅིག་བྱུང་མོད། འོན་ཀྱང་། ངས་ལམ་སང་ཨམ་གཙིགས་བསྡམས་ནས་སྒྲ་ཅི་ཡང་མ་འབྱིན།
       དེ་ལྟར། ངས་ཁྱིམ་བདག་མའི་རྣམ་འགྱུར་དང་བཟོ་ལྟ་ལ་ཅེར་ཞིང་ཡུན་རིང་འགོར་བ་དང་། ཁྱིམ་བདག་མས་ཁ་པར་ལ་ཅེར་ཙམ་དང་ཡང་ཁ་པར་བསྐྱུར་ནས་དགོད་འཛུམ་དང་བཅས་ཅི་ཞིག་ལ་བསམ་བློ་གཏོང་བཞིན་ཡུན་རིང་འགོར་བ་ན། ང་ཡང་སྣང་ལ་མ་ངེས་པའི་ངང་གཉིད་དུ་ཡུར་བཞིན་པ་འདྲ། འོན་ཀྱང་། དེ་རྗེས་བྱུང་བའི་དོན་དག་དེས་ང་ཡི་གཉིད་ཀྱི་གོ་སྐབས་རྩ་བ་ནས་འཕྲོག་སོང་། བཤད་སྟངས་གཞན་ཞིག་གིས་བཤད་ན། ང་ཡི་མིག་ལམ་དུ་སྔར་མཐོང་མ་མྱོང་བའི་ལྟད་མོ་ཡག་པོ་ཞིག་བཤམས་བྱུང་བས། ང་ལ་གློ་བུར་དུ་ངལ་དུབ་དང་ཉོབ་སྣང་ཅི་ཡང་མེད་ཅིང་། རྗེས་འབྱུང་གི་དོན་དག་རྣམས་ལ་རྟོག་བཟོ་བྱེད་ཞོར་དང་མིག་སྔོན་གྱི་ལྟད་མོ་ལ་རོལ་མྱོང་བྱེད་ཞོར་མིག་ཅེ་རེར་ལུས་ཀྲང་ངེར་སེམས་དགའ་ཡ་ལེར་བལྟས་པ་ཡིན།
       “ཐག་ཐག་ཐག” སྒོ་མོ་རྡུང་བའི་སྒྲ་དེས་ང་རང་གཉིད་ལས་བསླངས་པ་ཡིན་ལ། ཁྱིམ་བདག་མའང་བསམ་གཞིག་གི་རྒྱ་ལས་དྲངས་བྱུང་བས། ངེད་གཉིས་ཀ་ཀྲོང་ཀྲོང་ངེར་བསྡད་དེ་སྒོའི་ཕྱོགས་སུ་རྣ་བ་བླགས་པ་ན། ཡང་བསྐྱར“ཐག་ཐག་ཐག”ཅེས་པའི་སྒྲ་ཞིག་ཕྱི་ནས་ནང་ལ་མཆེད།
       སྐབས་དེར། ཁྱིམ་བདག་མ་དལ་བ་དལ་བུར་མལ་ལས་ལངས་ཏེ་སྒོའི་ཕྱོགས་སུ་ཕྱིན་ཅིང་། འགྲོ་སྟངས་དེ་ནི་ཞི་ལ་ཞིག་རྐང་འཇབ་ལག་འཇབ་ཀྱིས་མདུན་དུ་འགྲོ་བཞིན་པ་དང་གཉིས་སུ་མེད་པས། ངས་སྔོན་ཆད་མཐོང་མ་མྱོང་བའི་ཁྱིམ་བདག་མའི་བཟོ་ལྟ་དང་ཚུགས་ཀ་སྙིང་ལ་རྗེ་བོ་དེ་མཐོང་བས་ཁོང་དགོད་ཅིག་ལངས་མོད་སླར་ཡང་ཨམ་གཙིགས་བསྡམས་ནས་སྒྲ་ཅི་ཡང་མ་འབྱིན་པར་སྒོ་ཕྱེ་བར་བལྟས། ཁྱིམ་བདག་མ་སྒོ་ཁར་སླེབས་པ་དང་དུས་གཅིག་ཏུ་ཕྱི་རོལ་ནས་ཡང་བསྐྱར་སྒོ་མོ་དལ་གྱིས་བརྡུང་བྱུང་བས། སྐབས་དེར་ཁྱིམ་བདག་མས་ཀྱང་ཚམ་ཚོམ་ཅི་ཡང་མེད་པར་སྒོ་མོ་དལ་གྱིས་ཕྱེས་ཏེ་ཕྱི་ཡི་མགྲོན་པོ་ནང་དུ་བསུས་མོད། འོན་ཀྱང་། མོ་རང་ཉིད་ནི་སྒོ་རྒྱབ་ཏུ་གབ་པའི་ཚུལ་དུ་ལག་ཟུང་གིས་ཁ་ངོ་བཀབ་ནས་ཁུ་སིམ་མེར་འགྲེང་འདུག བཟོ་ལྟ་དེའང་ཡིད་དུ་འོང་ཞིང་གཅེས་སུ་འོས་པ་ཞིག་རེད་ཅེས་བཤད་ན་མི་ཆོག་པ་ཅི་ཡོད།
       ཕྱི་རོལ་གྱི་མགྲོན་པོའང་སུ་ཞིག་གིས་མཐོང་བར་དོགས་པ་བཞིན་ཁྱིམ་བདག་མས་སྒོ་ཕྱེས་པ་དང་མགྱོགས་མྱུར་ནང་དུ་འཛུལ་ཞིང་སྒོ་མོ་དལ་གྱིས་གཏན་པ་ན། སྒོ་རྒྱབ་ན་ཀྲང་ངེར་འགྲེང་བའི་ཁྱིམ་བདག་མ་མཐོང་བྱུང་། སྐད་ཅིག་མ་དེར་ཁོས་ཀྱང་ཅི་བྱེད་འདི་བྱེད་དང་ཅི་བཤད་འདི་བཤད་མ་ཤེས་པར་ཁོ་མོའི་མདུན་དུ་འགྲེང་སྟེ་ཡུད་ཙམ་བསྡད་མོད། ཁྱིམ་བདག་མ་རྐང་རྗེན་ཡིན་པ་དང་སྟོད་གོས་གྱོན་མེད་པ་མཐོང་བས། མཐོ་སྒང་གི་ནམ་གུང་འདིར་འདི་ལྟར་ཡུན་རིང་བསྡད་ན་ཅིས་ཀྱང་གྲང་འདར་རྒྱག་སྲིད་པ་ཡིད་ལ་དྲན་བྱུང་བ་འདྲ་སྟེ། ལམ་སང་ཁྱིམ་བདག་མའི་ཕྲག་པར་རེག་ཙམ་བྱས་ཤིང་དེ་དང་མཉམ་དུ་བྱ་དཀའ་བྱེད་གཏད་དུ་གྱུར་བའི་གནས་སྐབས་དེ་ལས་ཡོངས་སུ་གྲོལ་ཕྱིར་གཏམ་གྱི་སྒོ་མོའང་ཕྱེས་བྱུང་།
       “བཟི་འདུག་གམ། ཁྱོད་རང་ངོ་མི་ཤེས་པའི་སྐྱེས་པ་དག་དང་ཆང་འཐུང་བར་ཞེད་སྣང་མི་ལངས་སམ།” སྐྱེས་པ་དེས་ནན་ཏན་དང་སྙིང་ཉེ་བའི་ཚུལ་གྱིས་དེ་ལྟར་བཤད་པ་དང་། ཁྱིམ་བདག་མའི་ལག་ཟུང་ལ་དམ་པོར་འཇུས་ཤིང་འབོལ་ཁྲིའི་ཕྱོགས་སུ་ག་ལེར་ཁྲིད།
       ཁྱིམ་བདག་མས་ཅི་ཞིག་བཤད་རྩིས་བྱས་ཀྱང་གློ་བུར་དུ་རང་ཉིད་ལ་བཤད་ཆོག་ཆོག་གི་སྐད་ཆ་ཅི་ཡང་མེད་པ་ཚོར་བས། “ཨུན……”ཟེར་བ་ལས་ཅི་ཡང་མ་བཤད་པར་སྐྱེས་པ་དེའི་རྗེས་སུ་འབྲངས་ཏེ་འབོལ་ཁྲིའི་སྟེང་ཙོག་པུར་བསྡད། མོས་རང་ཉིད་ཀྱི་པུས་མོ་ཟུང་ལག་པས་བསྡམས་ཤིང་མགོ་བོ་སྨད་དེ་འདུག་པ་ལ་བལྟས་ན་བྱས་ཉེས་ཅི་ཞིག་ཁུར་ཡོད་པ་དང་ཡོངས་སུ་མཚུངས་མོད། གཅིག་བྱས་ན། སྔར་བཞིན་ཆང་གི་བཟི་ཁ་དྭངས་མེད་པས་ཡིན་ངེས་ལ། ཡང་གཅིག་བྱས་ན། སྐྱེས་པ་དེའི་མདུན་ནས་རང་གི་གནས་སྟངས་ལ་ངོ་ཚ་བ་ཡིན་ནའང་ཐང་། གཟུགས་སྟོབས་ཆེ་ཞིང་མགོ་སྐྱེས་ཟིང་བའི་སྐྱེས་པ་དེས་ཁྱིམ་བདག་མའི་བཟོ་ལྟ་དེ་མཐོང་བ་ན། མགྱོགས་མྱུར་ཁོ་མོའི་གམ་དུ་བསྡད་ཅིང་རང་གི་སྟོད་གོས་མཐུག་པོ་དེ་ཁོ་མོར་བསྐོན་ནས་ཤ་ཚ་ཚ་དང་སྙིང་ཉེ་ཉེ་བྱས།
       “ཆང་ཉུང་འཐུང་བྱས་ན་ཡག སྐྱེས་པ་ཚོར་དམིགས་ཡུལ་སྣ་ཚོགས་ཡོད་སྲིད།” སྐྱེས་པ་དེས་སླར་ཡང་གནས་ལུགས་དང་རྒྱུ་མཚན་ཡོད་མདོག་གིས་ཁ་ཏ་སློབ་གསོ་ལྟ་བུའི་སྐད་ཆ་ཞིག་བཤད།
       “འོ་ན། ཁྱོད་ལ་དམིགས་ཡུལ་ཅི་ཡོད།” ཁྱིམ་བདག་མའི་ཁ་མཚར་དང་ངོ་མ་འདྲེས་པའི་དྲི་བ་རྣོ་ངར་ཅན་དེ་ལ་སྐྱེས་པ་དེས་ལན་ཇི་ལྟར་འདེབས་དགོས་མ་ཤེས་པས། རེ་ཞིག་ལ་ཁང་ཁྱིམ་འདིའང་ལྷིང་འཇགས་ངེར་གྱུར་སོང་།
       འོན་ཀྱང་། ཡུན་རིང་མ་འགོར་བར་སྐྱེས་པ་དེས་ཁྱིམ་བདག་མ་པང་ལ་བཟུང་སྟེ་ག་ལེར་མལ་ཁྲིའི་སྟེང་དུ་བཞག་པ་དང་། ཁྱིམ་བདག་མའང་ཨ་མས་བུ་ཆུང་མལ་དུ་བསྙལ་བ་ལྟར་ཤིན་ཏུ་ཁར་ཉན་པའི་སྒོ་ནས་མི་འདོད་པའི་རྣམ་འགྱུར་ཅི་ཡང་མ་བསྟན་ལ། མ་མི་མིན་མེད་ཀྱི་དགག་པ་ཅི་ཡང་མ་བཏང་། དེ་དང་མཉམ་དུ་སྐྱེས་པ་དེས་ཀྱང་ཤིན་ཏུ་བྲེལ་རྟབ་ཚབ་ཚུབ་ཀྱིས་གོས་ལྷམ་དག་ཕུད་ནས་ཁྱིམ་བདག་མའི་རུམ་ལ་འཛུལ་བ་ན། གཉིས་ཀས་ཤབ་ཤུབ་ཀྱི་སྐད་ཆ་འགའ་བཤད་རྗེས་ཕན་ཚུན་ལ་འཐམས་ཤིང་འོ་སྦྱོར་བ་སོགས་སེམས་ལ་བྲེད་ཤ་སློང་བའི་སྟངས་སྟབས་འབའ་ཞིག་གི་མགོ་བརྩམས།
       ང་ལའང་ཐབས་བཀོད་ཅི་ཡང་མི་འདུག་སྟེ། ཕྱི་རོལ་ན་ཙག་རླུང་རྒོད་ཅིང་སྨག་ནག་གིས་བཏུམས་ཏེ་ཅི་ཡང་མི་མཐོང་ནའང་། ཁང་ཁྱིམ་ཆུང་ཆུང་འདིའི་ནང་དུ་གྲང་ངར་མེད་པར་མ་ཟད་གློག་འོད་ཀྱང་ཤིན་ཏུ་གསལ་བས། ཅི་ཡིན་འདི་ཡིན་མེད་པར་སེམས་པ་འདི་ཉིད་བློང་བློང་བོར་གནས་ནའང་། སྔར་མཐོང་མ་མྱོང་བའི་ལྟད་མོ་ཞིག་འདི་ལྟར་རིན་པ་ཅི་ཡང་མི་དགོས་པར་མགོ་མཇུག་བར་གསུམ་མཐོང་བྱུང་བས། ང་ལ་མིག་བསོད་འདུག་ཅེས་བཤད་དགོས་སམ་ཡང་ན་རང་ཉིད་ལ་སྡུག་བསྔལ་སྤྲད་པ་ཁོ་ན་རེད་ཅེས་གླེང་དགོས།
       གང་ལྟར་ཡང་དགོང་མོ་དེར། ཁྱིམ་བདག་མས་དེ་ལྟར་གསང་བའི་མགྲོན་པོ་ཞིག་ལ་སྣེ་ལེན་གཟབ་རྒྱས་བྱས་ཤིང་། ང་ལ་སྔར་མཐོང་མ་མྱོང་བའི་ལྟད་མོ་ཛ་དྲག་ཅན་ཞིག་བཤམས་པས། དང་ཐོག་ངའི་སེམས་སུ་ཁྱིམ་བདག་མས་རང་གི་ཁྱོ་གར་གློ་མེད་གནང་སོང་སྙམ་པའི་ཁོང་ཁྲོ་ཅུང་ཙམ་བདོག་མོད། ནམ་རྒྱུན་ཁོ་མོའི་ཁྱོ་ག་ཁང་ཁྱིམ་ཆུང་ཆུང་འདིར་སླེབས་དུས་དེ་ལྟ་བུའི་ལྟད་མོ་གང་ཡང་མི་རྩོམ་ལ། ཐ་ན་མལ་ཁྲི་གཅིག་གི་སྒང་དུའང་ཉལ་མི་སྲིད་པ་ཡིད་ལ་དྲན་དུས། ག་ལེར་ཁོང་ཁྲོ་དེའང་ཁོང་དགོད་ཅིག་གིས་ཁྱུར་མིད་དུ་བཏང་སོང་།


སྨད་ཆ།

       དགོང་མོ་དེར། ང་རང་དེ་ལྟར་གློག་སྒྲོན་དཔྱངས་སྐུད་སྟེང་དུ་འཇམ་ཅག་གེར་ལྷོད་ཀྱིག་གེར་བསྡད་ནས་སྔར་མཐོང་མ་མྱོང་བའི་ལྟད་མོ་ཞིག་གི་མགོ་མཇུག་ཆ་ཚང་རོལ་རྗེས་ཧ་ཅང་འཕྱི་པོ་ཆགས་འདུག་པས། ཕྱིར་ཚང་མལ་དུ་ལོག་པ་ལའང་དཀའ་སྣང་བྱུང་བས་ཁ་མལ་དེ་ནས་གཉིད་དུ་ཡུར་སོང་། ཕྱིར་ཉིན་གཉིད་ལས་སད་དུས་ཉིན་གུང་ཙམ་ལ་སླེབས་འདུག ངས་དལ་བ་དལ་བུར་ཁྱིམ་བདག་མའི་ཕྱོགས་ལ་མིག་ཟུར་ཞིག་འཕངས་པ་ན། ཁོ་མོའང་ད་དུང་མལ་དུ་ཉལ་འདུག་ཅིང་། མལ་ཁྲིའི་སྒང་དུ་ཅི་ཞིག་ལ་བསམ་བློ་གཏོང་བཞིན་ཧད་ནས་འདུག་པས། ང་རང་ཁྱིམ་བདག་མའི་བསམ་གཞིག་དཀྲོགས་པར་དོགས་ཏེ་ཅ་ཅོ་ཅི་ཡང་མ་བསླངས་བར་རང་མལ་དུ་ཁུ་སིམ་མེར་བསྡད་པ་ཡིན།
       འོན་ཀྱང་། ཁྱིམ་བདག་མའི་དེའི་རྗེས་ཀྱི་བྱ་བྱེད་དག་གིས་ང་རང་ཁུ་སིམ་མེར་འདུག་པའི་གོ་སྐབས་རྨང་ནས་འཕྲོག་སོང་། བཤད་སྟངས་གཞན་ཞིག་གིས་བཤད་ན། ངས་ཡང་བསྐྱར་ཛ་དྲག་ཆེ་བའི་དོན་དག་ཅིག་གི་མགོ་རྔ་ཆ་ཚང་མི་འདོད་བཞིན་དུ་ལྟ་དགོས་བྱུང་། འགྲོ་བ་མི་དང་ཁ་བརྡ་བྱེད་ཐབས་བྲལ་བའི་ང་ལ་མཚོན་ན། དེ་ནི་ཤིན་ཏུ་བཟོད་པར་དཀའ་བའི་མནར་གཅོད་ཀྱི་བརྒྱུད་རིམ་ཞིག་རེད།
       ཁྱིམ་བདག་མ་ཏན་ཏན་མདང་ནུབ་ཀྱི་རྨི་ལམ་ལྟ་བུའི་དོན་དག་གང་དེར་འགྱོད་པ་རྟས་མི་ཟིན་པ་ཞིག་སྐྱེ་བཞིན་ཡོད་པ་འདྲ་སྟེ། ཁོ་མོ་དེ་ལྟར་འགུལ་ཙམ་ཡང་མི་བྱེད་པར་མལ་ཁྲིའི་སྒང་དུ་ཡུན་རིང་ལ་བསམ་བློ་བཏང་མཐར་གློ་བུར་དུ་སྐད་གསེང་མཐོན་པོས་ངུས་བྱུང་། གློ་བུར་བའི་ངུ་རྒྱངས་དེས་ང་ལ་འཇིག་སྐྲག་གཟིལ་བུན་པ་ཞིག་སྐྱེས་པས་ཨེན་ཙམ་མིན་ན་ཨག་སྐད་རྣར་གཟན་པ་ཞིག་ཤོར་སོང་། མོའི་ངུ་སྐད་དེའི་ནང་ན་རང་ཉིད་ལ་བཅངས་བའི་ཁོང་ཁྲོ་དང་ཞེ་སྡང་། མཐོང་ཆུང་། ཕ་རོལ་པོར་བཅངས་བའི་ཞེ་འཁོན་དང་འཁང་ར། སྡུག་དམོད་སོགས་ཀྱིས་རྣམ་པར་ཁེངས་འདུག་སྟེ། མིག་ནས་མཆི་མ་བཞུར། ཁ་ནས་ངུ་སྐད་ཤོར་བ་དང་མཉམ་དུ། རང་གི་གདོང་ལ་ཐལ་ལྕགས་གཞུ་ཅི་ཐུབ་དང་མགོ་སྐྱེས་སྐྲ་ལོ་འབལ་ཅི་ཐུབ་བྱེད་པས་མིག་རྡེབ་ཡུན་ཙམ་གྱི་རིང་ལ་ངོ་གདོང་དམར་པོ་དང་མགོ་སྐྱེས་ཟང་ཟིང་པོར་གྱུར་སོང་།
       ཁྱིམ་ཚང་གཅིག་ནས་དུས་ཡུན་རིང་པོར་མཉམ་དུ་འཚོ་བ་རོལ་མྱོང་བའི་དབང་གིས་མིན་འགྲོ། ད་ལྟ་ཁྱིམ་བདག་མས་འདི་ལྟར་རང་གི་བྱས་ཉེས་ལ་འགྱོད་སེམས་ཆེན་པོས་ལེ་བདའ་བྱེད་པ་མཐོང་དུས། ང་ལ་ཅི་ཡིན་འདི་ཡིན་མེད་པར་ནོར་འཁྲུལ་ཡོད་ཚད་ཀྱི་གཏེ་བོ་ནི་རང་ཉིད་ཡིན་པ་ལྟ་བུའི་འགྱོད་སྣང་ཞིག་དང་། དེ་ལས་ཀྱང་སྙིང་རྗེ་ཚད་མེད་པ་ཞིག་གིས་ཀུན་ནས་བསླངས་ཏེ་ཁྱིམ་བདག་མ་ལ་སེམས་གསོ་ཡང་ཡང་བྱེད་འདོད་བྱུང་མོད། དེ་ནི་སྟོང་བསམ་ཙམ་ཡིན་པ་ང་རང་གིས་ཀྱང་གསལ་པོར་ཤེས་ཡོད། ད་ལྟ་ངས་རང་ཉིད་ཀྱིས་མདང་ནུབ་ཀྱི་ལྟད་མོ་དེ་དག་མཐོང་མེད་ན་ཅི་མ་རུང་སྙམ་སོང་། དོན་དག་འདི་ཁྱིམ་བདག་མ་དང་སྐྱེས་པ་དེ་གཉིས་ལས་གཞན་ཤེས་མཁན་ཞིག་ཡོད་པ་ནི་ང་ཁོ་ན་ཡིན་པས། ངས་དོན་དག་འདིའི་ཐད་དུ་རང་ཉིད་ལའང་བཤོལ་ཐབས་མེད་པའི་ནོར་འཁྲུལ་དང་འགན་ཁུར་ཆེན་པོ་ཡོད་སྣང་སྐྱེས།
       གང་ལྟར་ཡང་། ངས་མུ་མཐུད་དུ་ཁྱིམ་བདག་མའི་བྱེད་སྟངས་ཁག་ལ་མིག་ཟུང་ཅེར་ནས་འདུག་པ་ལས་བྱ་ཐབས་གཞན་མ་རྙེད་དོ། །
       ཁྱིམ་བདག་མའི་འཇགས་མ་ལངས་ཀྱི་ངུ་སྐད་གཉོམ་པོ་དེ་ལ་རྒྱུན་ཆད་མི་འདུག ཧ་ཅང་ཟང་ཟིང་པོར་གྱུར་བའི་མགོ་སྐྱེས་སྐྲ་ལོར་ལྟ་བཟོད་ཅིག་མི་འདུག མིག་ཆུས་བྲན་པའི་ངོ་གདོང་ནི་དེ་ལས་ཀྱང་སྐྱ་མདོག་ཏུ་གྱུར་འདུག་ཅིང་། མིག་འབྲས་གཉིས་ཀྱང་དམར་པོར་གྱུར་ནས་ཤིན་ཏུ་ཉམས་ཐག་པ་ཞིག་ཏུ་མཐོང་།
       ཁྱིམ་བདག་མ་ཉིན་གང་བོར་དེ་ལྟར་མལ་ཁྲིའི་སྒང་དུ་ཙོག་མ་ཉལ་དུ་བསྡད་ནས་ཐ་ན་ཆུ་ཧུབ་གང་དང་ཟས་ཁམ་གང་ཡང་མ་རག་པས། བལྟས་བལྟས་རིག་རིག་ལ་ལུས་པོའི་སྟེང་ནས་ཤ་རྒྱ་མ་བཅུ་ཙམ་ཆད་སོང་བའི་སྣང་བ་སྟེར་ཡོང་།
       ཉིན་དེར། ཁྱིམ་བདག་མས་གཞན་གང་ལའང་ཁ་ཡ་མ་བྱས། ཐ་ན་སྔས་འགྲམ་གྱི་ཁ་པར་ཡར་བླངས་ནས་ལྟ་ཙམ་ཡང་མ་བྱས། དེ་ལྟར་བླ་འཁྱམས་པ་ལྟར་མལ་ཁྲིའི་སྒང་དུ་ཀུམ་ནས་འདུག་པ་དེས་ང་ལ་དོན་དག་ཅི་ཞིག་འབྱུང་མི་ཡོང་ངམ་སྙམ་པའི་སེམས་ཚོར་རེའང་སྦྱིན་ཡོང་བས། ག་ལེར་མུན་རུབ་པ་དང་བསྟུན་ནས་ངའི་སེམས་ཀྱི་འཕར་ལྡིང་ཡང་ཇེ་མགྱོགས་ནས་ཇེ་མགྱོགས་སུ་ཕྱིན། ངས་ཁྱིམ་བདག་མས་འདས་ཟིན་པའི་དོན་དག་ཡོད་ཚད་འདས་ཟིན་པར་བཞག་ནས་ལེ་བདའ་དང་འགྱོད་སེམས་ཐམས་ཅད་རྒྱབ་ཏུ་བསྐྱུར་ནས་མ་འོངས་པ་གསར་པ་ཞིག་གི་མདུན་བསུ་ཐུབ་ན་ཅི་མ་རུང་སྙམ། མ་མཐའ་ཡང་འདི་ལྟར་ཉམས་ཐག་པའི་ངང་མི་འདུག་པར་མལ་ལས་ལངས་ཏེ་ཁ་ལག་གཙང་མར་བཀྲུས། ཟ་མ་ཞིམ་པོ་ཞིག་ཟོས་ནས་ལུས་སེམས་གཉིས་ལ་བདག་ཡག་པོ་ཞིག་རྒྱག་ཐུབ་ན་ཅི་མ་རུང་སྙམ། དེ་ལས་ཀྱང་མོ་རང་ཆེས་ཉམས་ཐག་པར་གྱུར་བའི་གནས་སྐབས་འདིར་རང་ཉིད་ཀྱིས་སེམས་གསོའི་སྐད་ཆ་ཚིག་གཅིག་ཙམ་བཤད་ཐུབ་ན་ཅི་མ་རུང་སྙམ་ཡོང་།
       དེ་ལྟ་ནའང་། འདོད་པ་ཐོག་ཏུ་ཁེལ་རྒྱུ་ནི་ཧ་ཅང་ཁག་པོ་ཞིག་ཡིན་མོད། མི་འདོད་པ་ཐོག་ཏུ་འབབ་རྒྱུ་ནི་ཤིན་ཏུ་ནས་ཀྱང་ལས་སླ་མོ་ཞིག་རེད།
       ཕྱི་རོལ་དུ་མུན་པ་རུབ་ནས་སྨག་ཤིན་ཏུ་མཐུག ངས་མདང་ནུབ་ད་ཚོད་ཅིག་ནས་བཟུང་ཁྱིམ་བདག་མའི་བྱ་བྱེད་ཡོད་ཚད་མིག་གིས་འཚོས་ནས་ཡོང་བས། ད་ལྟ་ངའང་ཤིན་ཏུ་ཐང་ཆད་ནས་ཤི་མ་གསོན་ལྟ་བུ་ཞིག་ཏུ་གྱུར་འདུག་མོད། འོན་ཀྱང་། ངའི་ནང་སེམས་ཀྱི་འདུ་ཤེས་ཀྱིས་ང་ལ་ཡང་ནས་ཡང་དུ་ཁྱིམ་བདག་མས་ཅི་ཞིག་སྒྲུབ་ཡོང་བར་ལྟ་རྟོག་བྱེད་དགོས་པར་སྐུལ་ལྕག་གཏོང་བཞིན་པ་དང་འདྲ་བས། ངས་ཀྱང་མིག་ཟུང་ཆེས་ཆེར་བགྲད་དེ་མོའི་ཕྱོགས་སུ་ཅེར་ནས་བསྡད་པ་ཡིན། ཏག་ཏག་སྐབས་ཐོག་དེ་འདྲ་ཞིག་ལ་ཁྱིམ་བདག་མ་གློ་བུར་དུ་གཉིད་ལས་སད་པ་ལྟར་མལ་ལས་ལངས་ཏེ་སྒེའུ་ཁུང་འགྲམ་དུ་ཕྱིན་པ་དང་། སྒེའུ་ཁུང་བརྒྱུད་ནས་ཕྱི་རོལ་གྱི་མུན་ནག་གི་འཇིག་རྟེན་ལ་ལྟ་ཙམ་བྱས་རྗེས། མུན་ནག་གི་འཇིག་རྟེན་དེ་ནི་ཁོ་མོའི་ཆེས་མཐའ་མཇུག་གི་ལོག་མལ་ཡིན་པ་ལྟར་ཁང་བརྩེགས་མཐོན་པོ་འདིའི་སྒེའུ་ཁུང་ལས་ཕྱི་རོལ་དུ་མཆོངས་སོང་།
       འདི་དག་ཡོད་ཚད་ནི་ཅི་འདྲའི་བཟོད་དཀའ་བ་ཞིག་རེད་ཨང་། 
       ངས་ཉིན་མཚན་གཉིས་ཀྱི་གཏམ་རྒྱུད་སྐྱི་གཡའ་བ་ཞིག་བཤད་ནས་མཚམས་འདིར་སླེབས་དུས་ངའང་མུ་མཐུད་དུ་ཁྱིམ་ཚང་འདི་ནས་འདུག་རྒྱུའི་དབང་ཆ་མེད་པར་གྱུར་སོང་བའི་སྣང་བ་སྟེར་བས། ཁྱིམ་བདག་མ་མཆོངས་སའི་སྒེའུ་ཁུང་གི་ཕྱོགས་སུ་ག་ལེར་ཕྱིན་པ་ཡིན། ང་སྒེའུ་ཁུང་འགྲམ་དུ་སླེབས་དུས་ངས་ཅིས་ཀྱང་རང་ཉིད་ཡུན་རིང་གནས་བཅས་ནས་བསྡད་མྱོང་བའི་ཁང་མིག་འདི་ལ་ཕྱིར་མིག་ཅིག་འཕེན་དགོས་བྱུང་། ཁང་ཁྱིམ་འདིའི་ཟ་ཟུར་ཀུན་དུ་སྡོམ་སྐུད་འཐེན་ནས་རང་ཉིད་ལ་ཚང་མལ་བཅའ་མྱོང་བའི་ང་ལ་མཚོན་ན། འདི་ལྟར་ཁང་མིག་འདི་དང་བྲལ་འགྲོ་དགོས་པ་ནི་སེམས་ཀྱིས་མི་བཟོད་པ་ཞིག་རེད་མོད། འོན་ཀྱང་། ཁྱིམ་བདག་མ་འདི་ལྟར་འཇིག་རྟེན་དཀར་ངོགས་ནས་བྲལ་ཏེ་ང་རང་གཅིག་པུར་བསྐྱུར་བཞག་ན། ང་ཡང་གནས་ངེས་མེད་དུ་འཁྱམ་ནས་འགྲོ་བ་ལས་ཕྱིར་དྲན་མང་བའི་ཁང་མིག་འདིར་མུ་མཐུད་སྡོད་ཚུགས་ཀྱི་མི་འདུག
 

རྩོམ་ཁུངས། ༢༠༢༤ལོའི«བོད་ཀྱི་རྩོམ་རིག་སྒྱུ་རྩལ»དེབ་བཞི་པ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号