ཤུག་སྡོང་ཁེར་སྐྱེས།
སྙིང་མོ་སྐྱིད། ལྷ་ས།
༡
སྐྱ་རེངས་ཀྱི་འོད་སྣང་སྒེའུ་ཁུང་བརྒྱུད་དེ་ཁང་པའི་ནང་དུ་འཕྲོས་པ་ན། དབྱངས་སྒྲོན་གློ་བུར་དུ་གཉིད་ལས་སད། མོས་སློབ་གྲྭར་ཕྱི་འབྱོར་ལུས་སོང་སྙམ་བཞིན་གྲིམ་རིལ་ཞིག་བརྒྱབ་རྗེས་མྱུར་བར་མལ་དུ་ཙོག་པུར་བསྡད་ཅིང་། ལག་པས་མིག་ཟུང་ཕུར་ཞོར་བསམ་བློ་ཞིག་བཏང་བ་ན། དེ་རིང་གཟའ་ཉི་མ་ཡིན་པ་དྲན། ཡང་གཟའ་མཇུག་ཅིག་ལ་སླེབས་བྱུང་། སློབ་གྲྭར་འགྲོ་མི་དགོས་པ་ཤེས་མ་ཐག མོའི་སེམས་པ་ཅུང་ལྷོད་ལ་བབས་ཤིང་ཞོགས་ཉལ་ཞིག་བྱ་དགོས་བསམ་ནས་སླར་ཡང་མལ་ཐུལ་ནང་འཛུལ། ཡིན་ནའང་མོའི་རྣམ་རིག་ཇེ་གསལ་ནས་ཇེ་གསལ་དུ་གྱུར་སོང་། གཉིད་བོར་བའི་དབྱངས་སྒྲོན་གྱིས་ཉལ་སར་འགྲེ་ལོག་ཅིག་བརྒྱབ་ནས་ཁ་ཚུར་འཁོར། མོས་ཉལ་ཁྲིའི་ཁ་གཏད་ཀྱི་ཁང་པའི་གྱང་ངོས་སུ་བཀལ་བའི་གྲུ་བཞི་ནར་མོའི་དབྱིབས་ཀྱི་མེ་ལོང་དེ་ལས། འཛིང་ཞིང་འཕྱིང་བའི་སྐྲ་ལོ་དང་། འོད་ཉམས་པའི་མིག་ཟུང་། འབུར་དུ་དོད་པའི་མཁུར་ཚོས། མཐོ་སྒང་གི་ཉི་འོད་ཀྱིས་གཙེས་པའི་ཤ་མདངས་སྨུག་པོ་ཅན་གྱི་བུ་མོ་ཞིག་མཐོང་། དེའི་མུར་སུན་སྣང་དང་ཁོང་ཁྲོ་གཉིས་ཀྱིས་མོའི་སེམས་པ་བདག་འཛིན་བྱས་སོང་། ད་ནི་ཞོགས་ཉལ་ཡང་རྒྱག་འདོད་མེད་པར་གྱུར། དབྱངས་སྒྲོན་མལ་ལས་ལངས་པ་དང་། ཁ་ངོ་སྟབས་བདེ་ཞིག་བཀྲུས་རྗེས། ཁ་ཉིན་སློབ་གྲྭ་གྲོལ་ཁར་ཉོས་པའི་བག་ལེབ་དང་ཇ་བསྲུབས་མ་སྤོད་ཡ་བྱས་ནས་ཞོགས་ཟས་སྟབས་བདེ་ཞིག་ཟོས་ལ། ཕོ་བ་འགྲངས་རྗེས། གོམས་གཤིས་ལྟར་ཁང་པའི་རྒྱབ་ཀྱི་སྒེའུ་ཁུང་འགྲམ་དུ་ལངས་ཏེ། རྒྱང་རིང་གི་རི་ལྡེབས་སུ་ཀྲོང་ངེར་འགྲེང་བའི་ཤུག་སྡོང་ཁེར་སྐྱེས་དེར་བལྟས་ནས་བསྡད། དུས་ནམ་ཞིག་ལ་མགོ་བརྩམས་པ་ཡིད་ལ་མི་དྲན་མོད། མོར་ཁོམ་པ་རེ་བྱུང་བའི་ཚེ་ན། སྒེའུ་ཁུང་གི་འགྲམ་དུ་ལངས་ནས། རྒྱང་རིང་གི་ཤུག་སྡོང་ཁེར་སྐྱེས་དེར་ལྟ་བའི་གོམས་གཤིས་ཤིག་ཆགས་ཡོད། དབྱངས་སྒྲོན་དང་མོའི་ཨ་ཕ་གཉིས་སྡོད་པའི་ཁང་པ་འདི་ནི། ཁ་ལྷོ་ལྟའི་ཉིས་ཐོག་ཅན་གྱི་བོད་ལུགས་སྡོད་ཁང་ཞིག་ཡིན། མདུན་གྱི་སྒེའུ་ཁུང་ལས་སློབ་གྲྭའི་སྒོ་ཆེན་གཡས་གཡོན་གྱི་ཚོང་ཁང་དང་ཇ་ཁང་ཆུང་ངུ་དག་མཐོང་ཐུབ་ཅིང་། རྒྱབ་ཀྱི་སྒེའུ་ཁུང་ལས་མུ་འབྲེལ་གྱི་རི་བོ་དང་། རི་ལྡེབས་སུ་ཀྲོང་ངེར་འགྲེང་བའི་ཤུག་སྡོང་ཁེར་སྐྱེས་དེ་མཐོང་ཐུབ། དེར་ལྟ་བཞིན་ལྟ་བཞིན། མོས་དེ་རིང་ཅི་ཞིག་བགྱི་བར་བསམ་བློ་བཏང་། ཡིན་ནའང་། གཟའ་མཇུག་ལ་སླེབས་ཐེངས་རེར་སྦྱོང་ཚན་འབྲི་བ་ལས་གཞན། སྒྲུབ་འདོད་པ་ཅི་ཞིག་ཡོད་པ་མི་ཤེས། སློབ་གྲྭར་འགྲོ་མི་དགོས་པའི་ངལ་གསོའི་ཉིན་མོ་རེ་རེ་ནི། དབྱངས་སྒྲོན་ལ་མཚོན་ན་དུས་ཚོད་ཀྱིས་བསམ་གཟས་ནས་མདའ་ཁབ་ཇེ་དལ་དུ་བཏང་བའི་ཉིན་མོ་རེ་རེ་དང་མཚུངས།
༢
དབྱངས་སྒྲོན་གྱིས་ཅོག་ཙེའི་སྟེང་གི་ཨ་ཕའི་ཁ་པར་བླངས་ནས་ཆུ་ཚོད་ལ་ལྟ་དུས། སྔ་དྲོའི་ཆུ་ཚོད་བཅུ་གཅིག་དང་སྐར་མ་སུམ་ཅུ་སོ་གཉིས་ལ་སླེབས་འདུག མོས་མགོ་བོ་བཏུམས་ནས་གཉིད་འདུག་པའི་ཨ་ཕར་ལན་ཞིག་བལྟས་རྗེས། རྐང་པའི་རྩེ་མོ་ས་ལ་འཛུགས་བཞིན་ཁ་རོག་གེར་སྒོར་ཕྱིན་ཏེ་ཐེམ་སྐས་ལས་བབས། ཁང་པ་དང་བར་ཐག་སྨི་བརྒྱ་ལྷག་ཡོད་པའི་མཚམས་དེར། རི་དྭགས་རྐྱང་ཁྲའི་རིས་དང་འདྲ་བའི་མི་བགྲོད་ལམ་བུ་ཞིག་མཆིས། དེའི་འགྲམ་གཉིས་སུ་བརྡ་སྟོན་གློག་དམར་པོ་བཀར་ཡོད་ཀྱང་། མི་རྣམས་ཀྱིས་སྣང་དོགས་ཅི་ཡང་མི་བྱེད་པར་ཕར་འགྲོ་ཚུར་འོང་བྱེད། བལྟས་ཡོང་ན་གནས་དེའི་མི་རྣམས་ནི་འགྲིམ་འགྲུལ་བརྡ་རྟགས་གློག་སྒྲོན་ལ་བལྟ་བའི་གོམས་གཤིས་མེད་པར། གཞུང་ལམ་འཕྲེད་ཀྱིས་གཅོད་པར་དགའ་བ་འདྲ་ལ། མར་ཡར་ལ་འགྲོ་བའི་རླངས་འཁོར་རྣམས་ནི་འགྲོས་དལ་པོར་བསྐྱོད། གཟའ་འཁོར་གཅིག་རིང་གི་སློབ་ཞུགས་ཉིན་མོ་རེ་རེ་བཞིན། དབྱངས་སྒྲོན་གྱིས་གཅིག་པུར་དཔེ་ཁུག་ཆུང་ཆུང་རྒྱབ་ཏུ་ཁུར་ཞིང་གཞུང་ལམ་འཕྲེད་ཀྱིས་བཅད་དེ་སློབ་གྲྭར་འགྲོ་བ་ཡིན་ལ། སློབ་གྲྭ་གྲོལ་རྗེས་སླར་ཡང་གཞུང་ལམ་འཕྲེད་ཀྱིས་བཅད་དེ་གཅིག་པུར་ཁྱིམ་དུ་ལོག་པ་ཡིན། དབྱངས་སྒྲོན་གྱིས་འགྱིག་དམ་སྟོང་པ་ཞིག་ལ་རྡོག་ཐོས་རྒྱག་ཞོར། ཁང་པའི་ལྟག་རྒྱབ་ཀྱི་རི་བོའི་ཕྱོགས་སུ་འཐེན་པའི་རྐང་ལམ་ཕྲ་མོ་དེར་ཞུགས། ལམ་གྱི་གཞོགས་གཉིས་སུ་དབྱིབས་གྲུ་བཞི་ནར་མོའམ་གྲུ་བཞི་ཁ་གང་མ་དང་མཚུངས་པའི་ས་ཞིང་མང་པོ་སྐྱ་ཐེར་ཐེར་ངང་མཆིས། མོས་ས་ཞིང་དེ་དག་མཐོང་མ་ཐག རྩིས་རིག་བསླབ་དེབ་ནང་གི་དབྱིབས་ངོས་འཛིན་གྱི་རྩིས་གཞི་དེ་དག་ཡིད་ལ་དྲན། ལམ་བར་དུ་མོས་རྡོག་ཐོས་འགྱིག་དམ་དེར་ཤུགས་ཀྱིས་གཞུས་པ་ན། ཁྲོག་སྒྲ་དང་བཅས་ཡོ་གཟུར་མེད་པར་མདུན་གྱི་ཡུར་བའི་ནང་དུ་ལྷུང་སོང་། ཡུར་བའི་ནང་གི་འགྱིག་དམ་དེ་ཡང་ཨ་མས་སྐྱུར་བའི་བྱིས་པ་ཞིག་ལྟར། ཡིད་ཞུམ་པའི་ངང་དེ་གར་སྒོང་འདུག་པ་མཐོང་ཙ་ན། སུན་སྣང་དང་བཅས་རྐང་པ་གཡས་པ་ཡུར་བའི་ནང་བསྲིངས་ཏེ། འཆག་འཆག་ལན་འགའ་བྱས་པ་ན། འགྱིག་དམ་དེ་ཡང་སེམས་ཀྱི་སྡུག་བསྔལ་ཕྱིར་ཕུད་པ་བཞིན། ཟླུམ་གཟུགས་ནས་ལེབ་ལེབ་ཅིག་ཏུ་གྱུར། གློ་བུར་དུ་ཁྱི་འབ་པའི་སྐད་ཅིག་རྣ་བར་ལྷུང་། དབྱངས་སྒྲོན་གྱིས་ག་ལེར་མགོ་བོ་ཡར་བཀྱགས་པ་ན། གང་ནས་འོངས་པ་མི་ཤེས་པའི་ཁྱི་ལྡོམ་བདུན་བརྒྱད་ཙམ་རི་འདབས་ནས་ཚུར་མོའི་ཕྱོགས་སུ་རྒྱུག་འོང་བ་མཐོང་། མོ་སྐྲག་ནས་མགྱོགས་པོར་ཁ་ཕྱིར་འཁོར་རུང་། སྙིང་ཆུང་ནི་བར་མེད་དུ་ལྡིང་བྱུང་བས། མོས་གལ་སྲིད་བྲོས་ན་ཁྱིས་རྗེས་འདེད་བཏང་ནས་རྨུག་སྲིད་པ་དྲན་ཏེ། ད་ནི་བྱ་ཐབས་ཟད་པས་སྐྲག་རུང་གདོང་གཏོད་དགོས་སྙམ། མོས་དེ་མ་ཐག་ཁྱི་ལ་མི་སྐྲག་ཁུལ་བྱས་ནས་མགོ་བོ་དགྱེ་དགྱེའི་ངང་མདུན་དུ་གོམ་པ་འགའ་སྤོས་པའི་ཚེ། རྐང་པ་གཉིས་ཀ་དབང་མེད་དུ་འདར་བྱུང་། ཡུད་ཙམ་འགོར་རྗེས། འཇིགས་ཤིང་དངངས་བཞིན་དལ་བུར་ཕྱིར་འཁོར་ནས་བལྟས་ཙམ་བྱས་པ་ན། སྟབས་ལེགས་པར་ཁྱི་ལྡོམ་དེ་དག་གར་སོང་ཆ་མེད་དུ་གྱུར་འདུག དབྱངས་སྒྲོན་ནི་དབུགས་ཐེངས་གཅིག་གིས་ཁྱིམ་དུ་བརྒྱུགས་པ་དང་། ཁྱིམ་དུ་སླེབས་མ་ཐག་མོས་མྱུར་དུ་ནང་ཕྱོགས་ཀྱི་སྒོ་ཟྭ་བརྒྱབ། ཁང་པའི་ནང་ཁ་ཁུ་སིམ་པ་དང་། ཆང་དྲི་དང་དུད་དྲི་འདྲེས་མ་ཞིག་ཀྱང་འཐུལ་བར་བྱེད། མལ་ཁྲི་དང་རྐུབ་སྟེགས་གཉིས་ཀར་རུང་བའི་བོད་ལུགས་མལ་ཁྲིའི་སྟེང་ཉལ་བའི་ཨ་ཕ་ནི། སྔར་བཞིན་གཉིད་ཀྱི་ཞིང་ཁམས་སུ་རྨི་ལམ་གྱི་མེ་ཏོག་འཐུ་བཞིན་མཆིས། འཁྲིས་ཀྱི་ཅོག་ཙེའི་སྟེང་ཝུ་ཆང་ལྕགས་ཀྲིན་སྟོང་པ་འགའ་གཡས་གཡོན་དུ་འགྱེལ་ཡོད་ཅིང་། འགྱིག་ཕོར་ནང་འཐུང་འཕྲོར་ལུས་པའི་ཤ་འབྲས་ཉུང་ཙམ་ཡོད་པ་དེའི་སྟེང་ཤིང་ཐུར་ཆ་གཅིག་བཙུགས་འདུག ཨ་ཕའི་ལུས་སྟེང་དུ་བཀབ་པའི་མལ་ཐུལ་ནི་ཚི་དྲེག་གིས་ཟིན་ནས་ཐོག་མའི་ཚོས་གཞི་ཅི་ཡིན་པ་ཡང་ཧ་གོ་ཐབས་བྲལ། དབྱངས་སྒྲོན་གྱིས་ཅོག་ཙེའི་སྟེང་གི་རྒྱང་འཛིན་བླངས་ནས། དེའི་སྟེང་ཐིགས་པའི་ཤ་འབྲས་ཀྱི་ཁུ་བ་སེར་པོ་དེ་ཕྱིས་རྗེས། རྒྱང་འཛིན་བཀོལ་ནས་བརྙན་འཕྲིན་གྱི་ཁ་ཕྱེ། མོས་བལྟ་འདོད་པའི་འགུལ་རིས་གློག་བརྙན་ཞིག་བཙལ་ཏེ། ད་དུང་ལྟིག་ལྟིག་ལྡིང་བཞིན་པའི་སྙིང་ཆུང་གི་སྒྲ་ཇེ་ཆུང་དུ་གཏོང་ཐབས་བྱས།
༣
དབྱངས་སྒྲོན་ནི་ཨ་མ་དྲིན་མོ་ཆེའི་ཞལ་ངོ་མ་མཇལ་བར་ལོ་གསུམ་འགོར་ཟིན། ད་ལྟ་དབྱངས་སྒྲོན་གྱི་ཡིད་ངོར་ཨ་མའི་ངོ་རིས་གསལ་ལ་མི་གསལ་བ་ཞིག་མ་གཏོགས་འཆར་རྒྱུ་མི་འདུག དུས་ཡུན་དེའི་ནང་ཨ་ཕ་ནི་རྒྱུས་མེད་ཅིག་ཏུ་གྱུར་སོང་། གྱོན་གོས་ལ་དང་དོད་ཅི་ཡང་མི་བྱེད་པར། རྟག་ཏུ་སྟོད་ཐུང་སྔོ་སྐྱ་དེ་དང་དོར་མ་ནག་པོ་ཞིག ཀོ་ལྷམ་ནག་པོ་ཆ་གཅིག་ལས་ནམ་ཡང་བརྗེ་རྒྱུ་མེད་ལ། རྒྱུན་པར་ཉིན་གུང་ངམ་ཕྱི་དྲོ་མལ་ལས་ལངས་ཏེ། ཁ་ངོ་བཀྲུ་བཤལ་སྟབས་བདེ་ཞིག་བྱས་རྗེས་ཁང་ཆུང་འདི་ལས་བྲལ་ཚེ། ནམ་ཕྱེད་ཙམ་ལ་མ་གཏོགས་ཁྱིམ་དུ་མི་ལོག མཚམས་རེར་ཉིན་འགའི་རིང་ཨ་ཕའི་ངོ་གདོང་ཡང་མཐོང་དཀའ། དེ་རིང་ཡང་དེ་ལས་མ་འདས། ཉིན་གུང་གི་ཉི་འོད་མལ་ཁྲིའི་སྟེང་འཕྲོས་ཏེ། ཁང་པའི་ནང་དྲོད་ཅུང་ཙམ་རྒྱས་དུས། ཨ་ཕ་གཞི་ནས་མལ་ལས་ལངས་པ་དང་། ཁ་ངོ་བཀྲུ་བཤལ་སྟབས་བདེ་ཞིག་བྱས་རྗེས། དངུལ་ཁུག་རྙིང་པ་ནག་པོ་དེ་བླངས་ནས་དབྱངས་སྒྲོན་ལ་སྒོར་བཅུ་ཤོག་ཅན་གཉིས་སྤྲད་པ་དང་། གྱང་ངོས་སུ་སྦྱར་བའི་ཟ་ཁང་དག་གི་ཁ་པར་ཨང་གྲངས་སྟོན་བཞིན། “ཕོ་བ་ལྟོགས་ཚེ་ཟ་ཁང་དུ་ཁ་པར་ཐོངས་དང་། ལྟོ་སྐྱེལ་ཡོང་གི་རེད། ཕྱི་ལ་འགྲོ་དུས་སྒོ་ཟྭ་ཡག་པོ་རྒྱོབ”ཅེས་ཟེར། དེ་ནས་ཁོ་གྱང་ངོས་སུ་བཀལ་བའི་མེ་ལོང་གི་མདུན་དུ་སོང་སྟེ། འགྱིག་ཤད་བཟུང་ནས་མགོ་སྐྲ་ཤད་རྗེས། སྟོད་ལྭ་སྔོ་སྐྱ་དེ་གོན་ནས་ཕྱིར་ལྟ་ཙམ་ཡང་མི་བྱེད་པར། ཕྱི་འབྱོར་ཐེབས་པར་དོགས་པ་བཞིན་བུད་སོང་། ཁང་པའི་ནང་དལ་ཅག་གེར་གྱུར་པ་ན། དབྱངས་སྒྲོན་གྱིས་མདང་དགོང་ནམ་ཕྱེད་ཙམ་ལ། ཨ་ཕ་ཕྱིར་ཁྱིམ་ལ་ལོག་ཡོང་དུས་ཀྱི་ཚུགས་ཀ་དེ་དྲན་བྱུང་། གློག་སྒྲོན་འོག་གི་ཨ་ཕའི་ངོ་གདོང་ནི་ནོར་ལུག་གི་མཆིན་པ་བཞིན་སྨུག་ལ། ད་དུང་ཅུང་ཙམ་སྐྲངས་འདུག་པར་མངོན། མིག་ཟུང་ཆུང་ཆུང་ཡང་དམར་པོར་གྱུར་ཏེ། སྨྱོན་པ་ཞིག་དང་འདྲ་བར་གད་མོ་ཆེན་པོ་དགོད་པར་བྱེད། སྟོད་ལྭ་སྔོ་སྐྱ་དེའི་སྒྲོག་གུ་རྣམས་བོར་ནས་གཅིག་ལས་ལྷག་མེད་ལ། འགབ་ཀྱི་སྒྲོག་གུ་གཅིག་པུ་དེས་ཕྱིར་འབུར་བའི་གྲོད་ཁོག་འགེབས་ཐུབ་ཙམ་བྱས་འདུག ཉིན་མང་པོར་མ་བཞར་བའི་ཁ་སྤུ་ཡང་། ཁའི་གཡས་གཡོན་དུ་སྤུ་ཤད་ལྟར་གཟེངས་ཤིང་། ར་བཟི་བའི་གོམ་པ་ཁྱར་ཁྱོར་སྤོ་བཞིན་ཡང་དང་བསྐྱར་དུ“ངས་དེ་རིང་རྒྱལ་ཁ་བླངས་ཡོད། སྒོར་སྟོང་གསུམ་ཐོབ་བྱུང”ཞེས་ཟློ་བ་དང་། ལྷམ་གཉིས་ཀ་ཕུད་རྗེས། གྱོན་གོས་ཀྱང་མ་ཕུད་པར་ཐད་ཀར་མལ་ཁྲིའི་སྟེང་ཉལ། མགོ་བོ་མལ་ཐུལ་གྱིས་བཏུམས་ནས་སྐར་མ་བཅུ་ཡང་མ་འགོར་བར། འབྲུག་སྒྲ་ལྡིར་བ་ལྟ་བུའི་སྔུར་བ་འཐེན་མགོ་བརྩམས། དབྱངས་སྒྲོན་གྱིས་ཀྱང་ཨ་ཕའི་མདང་དགོང་གི་ཚུགས་ཀ་དེ་དྲན་མ་ཐག སེམས་ཀྱི་གཙང་པོའི་ངོས་སུ་ཁོང་ཁྲོའི་རླབས་ཕྲེང་འཕྱུར་བྱུང་། “སུན་པ་ལ། སུན་པ་ལ། ཆང་འཐུང་དང་རྒྱན་པོ་འགྱེད་པ་ལས་སྡུག་པ་ཞིག་མི་འདུག” མོས་མི་རྒན་པའི་སྐད་ཆར་ལད་མོ་བྱས་ནས། ཁེར་བཤད་ཅིག་བྱས། སྐབས་རེར་མོ་གཅིག་པུ་ཁང་པའི་ནང་སྡོད་དུས། མོས་ཨ་ཕ་སུན་སྤྱད་ཁོ་གམ་དུ་ཡོད་ན་ཅི་མ་རུང་ཡང་སྙམ། མོས་ཅོག་ཙེའི་སྟེང་གི་ཝུ་ཆང་གི་ལྕགས་ཀྲིན་སྟོང་པ་དང་འགྱིག་ཕོར་དག་འགྱིག་ཁུག་ཅིག་ཏུ་བླུགས་ནས་སྒོ་ཁར་བཞག་རྗེས། སླར་ཡང་རྒྱང་འཛིན་བླངས་ནས་བརྙན་འཕྲིན་གྱི་ཁ་ཕྱེ། ཡང་ཡང་བཙལ་ནའང་ལྟ་འདོད་པའི་བརྙན་འཕྲིན་ཟློས་གར་གཅིག་ཀྱང་མ་རྙེད་པས། རྒྱང་འཛིན་ཕྱིར་ཅོག་ཙེའི་སྟེང་བཞག དབྱངས་སྒྲོན་གྱིས་སྒོར་མོ་ཉི་ཤུ་པོ་ཁྱེར་ནས་ཐོག་ཁང་ལས་བབས། རྫོང་མཁར་འདིའི་ཕྱི་ཉོ་ཟ་མ་དག་ལ་སྔ་མོ་ནས་ཡི་ག་འཆུས་ཟིན་པས། སློབ་གྲྭའི་སྒོ་ཆེན་གཡས་གཡོན་གྱི་ཚོང་ཁང་ལས་ཞོར་ཟས་རེ་ཉོས་ཏེ་གུང་ཟས་ཀྱི་ཚབ་བྱས་ཚེ་ལྡབ་འགྱུར་གྱིས་ཞིམ། ཕྱི་ཐུམ་མཛེས་ཤིང་བྲོ་བ་ཞིམ་པའི་ཞོར་ཟས་དེ་དག་གི་རིན་གོང་ཡང་ཧ་ཅང་སླ། མོས་སྒོར་བཅུ་ལས་མ་བཏང་རུང་ཞོར་ཟས་འགྱིག་ཁུག་ཆེན་པོ་གང་ཉོ་ཐུབ་སོང་། དབྱངས་སྒྲོན་གྱིས་ཞོར་ཟས་ཁྱེར་ནས་ཐད་ཀར་ཁྱིམ་དུ་ལོག སྒོ་ཕྱེ་ནས་ནང་དུ་སླེབས་རྗེས། སླར་ཡང་རྒྱང་འཛིན་བཟུང་ནས་བརྙན་འཕྲིན་གྱི་ཁ་ཕྱེ་བ་ན། ཏག་ཏག་བལྟ་འདོད་པའི་འགུལ་རིས་གློག་བརྙན«ཨེ་ཧྲ་ཀུང་ཇོ»གཏོང་གིན་འདུག མོས་ཞོར་ཟས་དག་ཅོག་ཙེའི་སྟེང་བཞག་རྗེས། བརྙན་འཕྲིན་ལ་ལྟ་ཞོར་དུ་ཞོར་ཟས་རེ་རེའི་ཁ་ཕྱེས་ནས་ཟོས། ཕོ་བ་འགྲངས་པ་ན་སུན་སྣང་དང་ཁོང་ཁྲོའང་གར་སོང་ཆ་མེད་དུ་གྱུར།
༤
ཉི་མ་སླར་ཡང་ནུབ་རིར་བཞུད་སོང་། མཚན་མོའི་མུན་པའང་མི་རིང་བར་སླེབ་སྲིད་ཀྱང་། ཉི་མ་བཞུད་ཁའི་ཆེས་མཇུག་མཐའི་འོད་སྣང་ནི་ལྡབ་འགྱུར་གྱིས་གསལ། ཉི་འོད་དེས་དབྱངས་སྒྲོན་གྱི་ངོ་གདོང་ཆུང་ཆུང་དེ་དམར་པོར་བསྒྱུར། དབྱངས་སྒྲོན་ནི་སྒེའུ་ཁུང་འགྲམ་དུ་ལངས་ནས། ཡང་ས་སྲོས་ཁྲོད་ཀྱི་ཤུག་སྡོང་ཁེར་སྐྱེས་དེར་བལྟས་བསྡད། ཉི་མ་ནུབ་རིའི་ཕང་བར་བཞུད་དེ་ས་སྲོས་སླེབས་ཐེངས་རེར། ཁང་པའི་ལྟག་རྒྱབ་ཀྱི་རི་རྒྱུད་ཀྱང་ནུབ་ཁའི་ཉི་འོད་ཀྱིས་དམར་པོར་བསྒྱུར་འདུག་ལ། རི་ལྡེབས་སུ་ཀྲོང་ངེར་འགྲེང་བའི་ཤུག་སྡོང་ཁེར་སྐྱེས་དེའང་དམར་ཆིལ་ལེར་འདུག དབྱངས་སྒྲོན་གྱིས་ངོ་གདོང་སྒེའུ་ཁུང་གི་ཤེལ་སྒོའི་ངོས་སུ་སྦྱར་ཏེ། མིག་ཟུང་གིས་ནུབ་ཁའི་ཉི་འོད་འོག་ཏུ་ཀྲོང་ངེར་འགྲེང་ཞིང་མགོ་བོ་མཐོ་རུ་བཏེགས་པའི་ཤུག་སྡོང་ཁེར་སྐྱེས་དེར་ལྟ་དུས། ཕྱིར་བཏང་བའི་དབུགས་རླངས་དེའང་། ཤེལ་སྒོའི་ངོས་སུ་ཐོར་ཞིང་རིམ་གྱིས་ཡལ། ཤེས་མེད་ཚོར་མེད་ངང་མུན་རུབ་བྱུང་། དབྱངས་སྒྲོན་གྱིས་སྔོན་ལ་གློག་སྒྲོན་བཀར་བ་དང་། དེ་ནས་མལ་ཁྲིའི་འཁྲིས་ཀྱི་གློག་གདན་གྱི་གློག་སྒོ་ཕྱེ་རྗེས་ཉལ་ཐུལ་བཀབ། ཆུ་ཚོད་ཕྱེད་ཀའི་རྗེས་ནས་མལ་ཐུལ་ནང་འཛུལ་བ་ན། དྲོད་འཇམ་འཇམ་གྱི་བདེ་སྣང་ཞིག་ལུས་ཡོངས་སུ་ཁྱབ། དུས་དེར་སྔོན་ཆད་ཡིན་ན་ཨ་མས་བཤད་པའི་གནའ་གཏམ་ལ་ཉན་པ་དང་། ཨ་མའི་ལག་པར་མ་འཇུས་ན་གཉིད་མི་ཁུགས་པའི་དབྱངས་སྒྲོན་ནི། ད་ལྟ་སྟོང་ལྷང་ལྷང་གི་ཁང་པའི་ནང་གཅིག་པུས་བརྙན་འཕྲིན་ལ་ལྟ་ཞོར་གཉིད་ཀྱི་ཞིང་ཁམས་འགྲིམ་པར་གོམས་འདུག
༥
དབྱངས་སྒྲོན་གྱིས་མལ་ཐུལ་ལས་མགོ་བོ་ཡར་བཀྱགས་པ་ན། ཤར་ཕྱོགས་ནས་གསལ་བའི་སྐྱ་རེངས་ཀྱི་འོད་སྣང་སྒེའུ་ཁུང་བརྒྱུད་དེ་མལ་ཐུལ་སྟེང་འཕྲོས་འདུག དེའི་མུར་དབྱངས་སྒྲོན་ལ་བྲེལ་བ་ཞིག་ལངས་བྱུང་། དེ་རིང་ཁ་པར་ནང་གི་ཐིར་ལྡན་དུས་ཚོད་ཀྱིས་ཅོང་བརྡ་མ་གྲག་པ་ཅི་ཡིན་ནམ། མོས་དེ་ལྟར་སྙམ་བཞིན་ཨ་ཕའི་ཁ་པར་བླངས་ནས་དུས་ཚོད་ལ་བལྟས་པ་ན། ཁ་པར་གྱི་འཆར་ཤེལ་ངོས་སུ་ཞོགས་པའི་ཆུ་ཚོད་བདུན་དང་སྐར་མ་ལྔ་ཤར་འདུག མ་གཞིར་དུས་ཚོད་ལ་མ་སླེབས་པས་གྲག་མ་བྱུང་བ་རེད། མོས་ཕྱི་འབྱོར་ཐེབས་མི་སྲིད་པ་ཤེས་རྗེས་དབྱངས་སྒྲོན་གྱི་སེམས་པ་ཅུང་ལྷོད་ལ་བབས། མོས་སློབ་གོས་ལེགས་པར་གོན་རྗེས། གློག་དེམ་ནང་ཆུ་སྐྱོགས་བུ་གང་བླུགས་ཏེ་གློག་སྒོ་ཕྱེས་ནས་ཆུ་བསྐོལ། འགྱིག་གཞོང་ནང་ཡང་ཆུ་འཁྱག་སྐྱོགས་བུ་གང་བླུགས་ཏེ་ངོ་གདོང་དང་ལག་པ་གཙང་མར་བཀྲུས་རྗེས། གློག་དེམ་ནང་གི་ཆུ་ཡང་ཁོལ་ཟིན། མོས་འཁྱགས་སྒམ་ལས་མར་སྣོད་དང་ཇ་ཁུ་བླངས་ནས། ཇ་སྲུབས་འཕྲུལ་ཆས་ནང་མར་དང་ཚྭ། ཇ་ཁུ། ཆུ་ཁོལ་བཅས་ཚད་དང་རན་པ་རེ་བླུགས་ཏེ་ཇ་སྲུབས་མ་བཟོས་པ་དང་། ཇ་མི་འཁྱག་པའི་ཆེད་སླར་ཡང་ཚ་དེམ་ནང་བླུགས། དེ་ནས་ཕོར་བའི་ནང་རྩམ་པ་དང་ཇ་སྲུབས་མ་ཉུང་ཙམ་བླུགས་ནས། སྤགས་རྡོག་རྡོག་ཅིག་བརྫིས་རྗེས། སྤགས་ལག་ཏུ་བཟུང་བ་དང་ཕོར་བའི་ནང་ཇ་སྲུབས་མ་གང་བླུགས་ཏེ། སྤགས་ཟ་ཞོར་ཇ་སྲུབས་མ་འཐུངས། ལོ་བཅུར་སོན་མ་ཐག་པའི་དབྱངས་སྒྲོན་གྱིས་དེ་ལྟར་སྐར་མ་ཉི་ཤུའི་ནང་དུ་ལག་བདེ་པོས་རང་ཉིད་ལ་ཞོགས་ཟས་སྟབས་བདེ་ཞིག་བཟོས་པ་དང་། སྐར་མ་བཅུའི་ནང་ཞོགས་ཟས་ཟོས་རྗེས། དཔེ་ཁུག་ཁུར་ནས་སློབ་གྲྭར་ཕྱིན། དབྱངས་སྒྲོན་གྱི་འདུག་གནས་ནི་སྒེའུ་ཁུང་གི་འགྲམ་དུ་ཡོད་པ་དང་། སློབ་ཁང་གི་སྒེའུ་ཁུང་ནི་དབྱངས་སྒྲོན་ལ་མཚོན་ན་ཧ་ཅང་བཟང་སྟེ། སྒེའུ་ཁུང་གི་མདུན་དུ་སྒྲིབ་བྱེད་གཞན་ཅི་ཡང་མེད་པས། མགོ་བོ་ཡར་བཏེགས་མ་ཐག་སྒེའུ་ཁུང་ལས་ཐད་ཀར་རི་ལྡེབས་ཀྱི་ཤུག་སྡོང་ཁེར་སྐྱེས་དེ་མཐོང་ཐུབ། མོས་གོམས་ལོབས་ལྟར་ཁོམ་སྐབས་རེ་བྱུང་ཚེ། སློབ་ཁང་གི་སྒེའུ་ཁུང་ལས་གྲོགས་མེད་ཁེར་རྐྱང་དུ་ལུས་པའི་ཤུག་སྡོང་དེར་བལྟས་ནས་སྡོད་པ་ཡིན། མོས་མཚམས་རེར་དེར་ལྟ་བཞིན་ལྟ་བཞིན་ལུད་འཇོག་ཆུ་གཏོར་གྱི་བྱམས་སྐྱོང་བྱེད་མཁན་མེད་ཀྱང་། ད་དུང་སྲ་འཐས་ཀྱི་མགོ་བོ་ཡར་བཏེགས་ནས་རི་ལྡེབས་སུ་ཀྲོང་ངེར་འགྲེང་ཐུབ་པའི་ཤུག་སྡོང་ཁེར་སྐྱེས་དེ་ཡིན་ན་ཅི་མ་རུང་སྙམ་པ་དང་། དེ་ཡིན་ཚེ་དགའ་སྐྱོའི་ཚོར་བ་ཡང་ཡོད་མི་སྲིད་སྙམ། ཨ་མ་དྲིན་མོ་ཆེ་དབྱངས་སྒྲོན་གྱི་འཇིག་རྟེན་ཆུང་ཆུང་དེ་དང་ཁ་བྲལ་བ་ནས་བཟུང་། དབྱངས་སྒྲོན་ལ་སློབ་ཁྲིད་སྐབས་སུ་ལུས་སེམས་གཉིས་ཀ་སོ་སོར་དགར་ཐུབ་པའི་ནུས་པ་ཞིག་འཕེལ། རྩིས་རིག་དགེ་རྒན་གྱིས་ཁྲིད་སྟེགས་སྟེང་ཁ་ལྕེ་བསྐམས་རག་བར་ཅི་ཞིག་འཆད་ཀྱིན་འདུག་མོད། མོའི་རྣ་བར་ཡིད་ལ་འཛིན་དགོས་པའི་དགེ་རྒན་གྱི་སྐད་ཆ་ཚིག་གཅིག་ཀྱང་ལྷུང་མ་བྱུང་། སློབ་ཁྲིད་སྐབས་སུའང་། མོས་སློབ་ཁང་གི་སྒེའུ་ཁུང་ལས་ཤུག་སྡོང་ཁེར་སྐྱེས་དེར་ལྟ་བཞིན། སེམས་པ་ནི་རང་ཉིད་ཀྱིས་ཚོད་འཛིན་བྱེད་མི་ཐུབ་པར་གང་སར་འཁྱམས་འགྲོ། མོ་ཉིན་རྒྱུན་སློབ་གྲྭར་འགྲོ་བ་ནི་ཤེས་བྱའི་ནམ་འཕང་གཅོད་དུ་འོང་བ་མིན་པར། སྒེའུ་ཁུང་འགྲམ་དུ་བསྡད་དེ། རྒྱང་རིང་གི་ཤུག་སྡོང་ཁེར་སྐྱེས་དེར་ལྟ་བཞིན་སེམས་པ་གང་སར་མྱུལ་ཆེད་ཡིན་པ་དང་མཚུངས། དེ་ལྟར་མོའི་ཡིག་ཚད་ཀྱི་སྐར་གྲངས་ནི་ཇེ་དམའ་ནས་ཇེ་དམའ་རུ་གྱུར་ཅིང་། དགེ་རྒན་རྣམས་ཀྱི་སློབ་མ་མདངས་ཅན་ཞིག་ནས་མདངས་མེད་ཅིག་ཏུ་གྱུར། མོ་ལའང་རང་ཉིད་ནི་སློབ་གྲོགས་གཞན་དང་མི་འདྲ་བར། སློབ་ཁང་གྲུ་བཞི་འདིའི་ནང་གཞན་གྱིས་ཟུར་དུ་ཕུད་པའི་ཚོར་སྣང་མག་མོག་ཅིག་སྐྱེས། སྔ་དྲོའི་སློབ་ཐུན་བཞི་པ་གྲོལ་བའི་རོལ་དབྱངས་གྲག་བྱུང་། ད་ནི་གུང་ཟས་ཀྱི་དུས་སུ་སླེབས། ཡིན་ནའང་དབྱངས་སྒྲོན་གྱིས་ཟ་ཁང་གི་ཟ་མ་དེ་དག་ཡིད་ལ་དྲན་མ་ཐག་ཡི་ག་འཆུས་ཏེ་ཟ་འདོད་མེད་པར་གྱུར། མོ་གཅིག་པུ་རྩལ་སྦྱོང་ར་བར་ཕྱིན། ཁོད་ཡངས་པའི་རྩལ་སྦྱོང་ར་བའི་ནང་མི་གཅིག་ཀྱང་མེད་པར་སྟོང་ལྷང་ངེར་འདུག་ཅིང་། ཉིན་གུང་གི་ཉི་འོད་ཀྱང་མོའི་སྤྱི་གཙུག་ཏུ་ཚ་དྲོད་རྒྱས་ཅི་ཐུབ་བྱེད་པ་དང་འདྲ་བས། མོའི་གོམ་ཁ་དབང་མེད་དུ་ལྕང་སྡོང་གི་གྲིབ་བསིལ་འོག་ཏུ་བསྒྱུར། གྲོག་ཚང་ཞིག་མཐོང་བ་དང་དེའི་འཁྲིས་དུ་བསྡད་དེ། གྲོག་མ་རྣམས་བྲེལ་འཚུབ་ངང་ཡར་རྒྱུག་མར་རྒྱུག་བྱེད་པར་བལྟས་ནས་བསྡད། དེ་རིང་གྲོག་མ་གཉིས་ཀྱིས་འབུ་རོ་ཞིག་གྲོག་ཚང་དུ་སྐྱེལ་བཞིན་ཡོད་པས་ལྟད་མོ་ཤིན་ཏུ་ཆེ། དབྱངས་སྒྲོན་གྱིས་ཉིན་དེའི་ཉིན་གུང་གི་ངལ་གསོའི་དུས་ཚོད་གཉིས་ཙམ་གྲོག་མ་དང་མཉམ་དུ་སྐྱེལ། ཕྱི་དྲོར་སློབ་གྲྭ་གྲོལ་དུས། སློབ་གྲྭའི་སྒོ་ཁར་གྲོག་ཚང་བརྡོལ་བ་ལྟ་བུའི་ཁྱིམ་བདག་མང་པོའི་ཁྲོད་ན། དབྱངས་སྒྲོན་སྒུག་མཁན་གཅིག་ཀྱང་མེད། མོ་སློབ་གྲོགས་རྣམས་དང་མཉམ་དུ་པང་བསྒྲིགས་ནས་སློབ་གྲྭའི་སྒོ་ཆེན་བརྒལ་མ་ཐག རང་ཉིད་ཀྱིས་ནོར་འཁྲུལ་ཞིག་བཟོས་པ་ལྟར་མགོ་བོ་བསྒུར་ཞིང་ལག་ཟུང་གིས་དཔེ་ཁུག་གི་འཁུར་ཐག་ལ་འཇུས་ཏེ། གོམ་པ་མགྱོགས་པོར་སྤོས་ནས་གཞུང་ལམ་ཁ་གཏད་ཀྱི་རང་ཁྱིམ་ཕྱོགས་སུ་སོང་། ཐོག་ཁར་སླེབས་རྗེས། མོས་སྐེ་རུ་བཏགས་པའི་ལྡེ་མིག་བླངས་ཏེ། སྒོ་ཕྱེ་ནས་ཁང་པའི་ནང་དུ་ཕྱིན་པ་ན། ཁང་ཧྲི་ཧྥུ་རྟགས་ཅན་གྱི་སྟབས་བདེ་ཐུག་ཕོར་ཞིག་ཅོག་ཙེའི་སྟེང་བཞག་ཡོད་པ་མཐོང་། མོས་དེ་ནི་ཨ་ཕས་མོར་གྲ་སྒྲིག་བྱས་པའི་ནུབ་འཚལ་ཡིན་པ་ཤེས། ཚ་དེམ་ཡར་བཀྱག་ནས་ཆུ་ལྡུག་རྩིས་བྱས་པ་ན། ཚ་དེམ་ཤིན་ཏུ་ཡང་བས་སྟོང་པ་ཡིན་པ་བསྙོན་དུ་མེད། དུས་དེར་གུང་ཟས་ཀྱང་མ་རག་པའི་དབྱངས་སྒྲོན་གྱི་ཕོ་བས་ལྟོགས་སྐད་བར་མེད་དུ་འབྱིན། མོས་མྱུར་བར་གློག་དེམ་ནང་ཆུ་བླུགས་རྗེས་གློག་སྒོ་མནན་ནས་ཆུ་བསྐོལ་བ་དང་། སྟབས་བདེའི་ཐུག་ཕོར་གྱི་ཁ་ཕྱེ་ནས། བྲོ་རྫས་གསུམ་ག་ནང་དུ་བཏབ་པ་ན་ཆུ་ཡང་ཁོལ་བྱུང་བས། འགྱིག་ཕོར་ནང་དུ་ཆུ་ཁོལ་བླུགས་པ་དང་། དེའི་ཁར་དཔེ་དེབ་ཅིག་བཞག་ནས་ཁ་གཅོད་མནན། དུས་ཡུན་རིང་པོ་ཞིག་ལ་ཁྱིམ་གྱི་ཐབ་ཚང་དུ་ཟས་ཐུན་གཅིག་ཀྱང་ཟོས་མྱོང་མེད་པའི་དབྱངས་སྒྲོན་ལ་མཚོན་ན། སྟབས་བདེ་ཐུག་པ་ནི་ཟ་ཐེངས་མང་ཤོས་དང་བྲོ་བ་ཞིམ་ཤོས་ཀྱི་ཟ་མ་ཞིག་རེད།
༦
ལོ་གསུམ་གྱི་སྔོན་ལ། དབྱངས་སྒྲོན་རྫོང་སློབ་ཆུང་འདིར་ཞུགས་པ་ནས་བཟུང་། ཉིན་རེའི་འཆར་ཅན་གྱི་དུས་ཚོད་ནང་སློབ་གྲྭར་བསུ་སྐྱེལ་བྱེད་པར་སྟབས་བདེ་ཡོང་ཆེད། ཨ་མས་སློབ་གྲྭའི་ཁ་གཏད་དུ་ཡོད་པའི་ཉིས་ཐོག་ཅན་གྱི་ཁང་པ་འདི་གླས། དེ་དུས་ཁེར་ཐོག་ནི་ཨ་མས་གཉེར་བའི་ཇ་ཁང་ཡིན་པ་དང་། ཉིས་ཐོག་གི་ཁང་པ་འདི་ནི་ཁོ་ཚོ་བཟའ་མི་གསུམ་ག་སྡོད་ས་ཡིན། སྐབས་དེར། ཉིན་རེའི་སྔ་དྲོའི་སློབ་ཚན་བཞི་པ་གྲོལ་བ་ན། སློབ་གྲོགས་མང་ཆེ་བ་ཞིག་ཉབ་བེ་ཉོབ་བེའི་ངང་སློབ་གྲྭའི་ཟ་ཁང་གི་ཕྱོགས་སུ་གོམ་པ་སྤོ་བ་དང་། ཡིད་སྨོན་གྱི་མིག་མདའ་ཡང་ཁྱིམ་དུ་ལོག་ཆོག་པའི་སློབ་གྲོགས་ཚོའི་ཕྱོགས་སུ་འཕེན་པར་བྱེད། དེ་དུས་དབྱངས་སྒྲོན་ནི་དགའ་དགའ་སྤྲོ་སྤྲོའི་ངང་བརྒྱུགས་ཏེ་དབུགས་ཐེངས་གཅིག་གིས་སློབ་གྲྭའི་སྒོ་ཁར་སླེབ་པར་བྱེད། སྐབས་དེའི་དབྱངས་སྒྲོན་གྱི་མྱུར་ཚད་ནི་དངོས་གནས་གཞན་གྱིས་འགྲན་དུ་མེད། ཨ་མ་ནི་ག་དུས་ཡིན་ཡང་ཁྱིམ་བདག་ཚོའི་གྲས་སུ་འགྲེང་ནས་འཛུམ་དམུལ་དམུལ་ངང་དབྱངས་སྒྲོན་ལ་ལག་བརྡ་གཏོང་བཞིན་ཡོད། དབྱངས་སྒྲོན་འཁྲིས་སུ་སླེབས་མ་ཐག ཨ་མས་མགྱོགས་པོར་དབྱངས་སྒྲོན་གྱི་དཔེ་ཁུག་བླངས་ནས་རང་གིས་འཁུར་སྲིད་ལ། བྱམས་བརྩེའི་ལག་ཟུང་གིས་མོའི་མགོ་བོར་བྱིལ་བྱིལ་ཡང་བྱེད་སྲིད། མོའི་ཨ་མ་ཡང་དབྱངས་སྒྲོན་གྱིས་བཤད་པའི་ཉིན་རེའི་སློབ་གྲྭའི་ནང་གི་གསར་འགྱུར་ལ་ཉན་པར་ཧ་ཅང་དགའ་ལ། དབྱངས་སྒྲོན་གྱི་སྐད་ཆ་ལའང་རྫོགས་དུས་ཤིག་མེད། ཇ་ཁང་གི་སྒོ་ཡོལ་བཀྱགས་མ་ཐག དབྱངས་སྒྲོན་གྱི་སྣ་ལམ་དུའང་མོ་ཟ་བར་དགའ་བའི་ཞོག་ཁོག་སྣུམ་བསྲེགས་དང་ཤ་བརྔོས་མའི་དྲི་ཞིམ་ཞིག་འཐུལ་འོང་ངེས། ལག་པ་བཀྲུས་རྗེས་བརྙན་འཕྲིན་ལ་ལྟ་ཞོར་ཟ་མ་ཟ་ཆོག་པ་ནི། སྐབས་དེའི་དབྱངས་སྒྲོན་ལ་མཚོན་ན་བདེ་སྐྱིད་ཀྱི་ལོངས་སྤྱོད་ཆེན་པོ་ཞིག་ཡིན། ཟ་མ་ཟོས་རྗེས་སྦྱོང་ཚན་འབྲི་དུས་ཀྱང་། ཨ་མས་ཤིང་ཏོག་འདྲ་མིན་ཁྱེར་ཡོང་ནས་མོའི་མདུན་དུ་འཇོག་སྲིད། ཤིང་ཏོག་ཟ་བཞིན་སྦྱོང་ཚན་འབྲི་བའི་དབྱངས་སྒྲོན་གྱི་ལག་པ་ལའང་། མཐུ་ནུས་ཆེན་པོ་ཞིག་ལྡན་པ་ལྟར་ཅུང་ཙམ་ལས་མ་འགོར་བར་སྦྱོང་ཚན་ཡོད་ཚད་བྲིས་ཚར་འགྲོ་ལ། དགེ་རྒན་གྱིས་ཀྱང་སློབ་ཁྲིད་སྐབས་སུ་དབྱངས་སྒྲོན་གྱི་སྦྱོང་ཚན་ཡག་པོ་བྲིས་འདུག་ཅེས་བསྟོད་པ་གང་མང་མཛད་མྱོང་། དེ་དུས་དབྱངས་སྒྲོན་གྱི་སྦྱང་འབྲས་ཤིན་ཏུ་ལེགས་ལ། དབྱངས་སྒྲོན་ནི་འཛིན་གྲྭའི་སློབ་གྲོགས་ཀུན་གྱི་མིག་དཔེ་ལྟ་སའང་ཡིན། མཚན་མོ་འཕྱིས་པོ་ཆགས་ཏེ། ཨ་སྔོན་དབྱིངས་སུ་སྐར་ཚོགས་ལྷམ་མེར་བཀྲ་ཡང་། ཨ་ཕ་ད་དུང་ཁྱིམ་དུ་མི་ལོག་དུས། ཨ་མས་ཇ་ཁང་གི་སྒོ་བརྒྱབ་པ་དང་། མ་བུ་གཉིས་ཀ་མལ་ཁྲི་ཆུང་ཆུང་སྟེང་མལ་ཐུལ་གཅིག་གི་ནང་ཉལ་ཏེ། ཨ་མས་དབྱངས་སྒྲོན་གྱི་མགོ་སྐྲར་བྱིལ་བྱིལ་བྱེད་བཞིན་གནའ་གཏམ་བཤད་མགོ་རྩོམ་སྲིད། སྐབས་དེར་དབྱངས་སྒྲོན་གྱིས་མིག་ཟུང་བཙུམས་ཡོད་ཀྱང་ངོ་གདོང་དུ་འཛུམ་མདངས་ཤིག་འཁྱིལ་ཡོད། མོས་མཚན་གང་བོར་གཉིད་དུ་མི་ཡུར་བར་འདི་ལྟར་འདུག་རྒྱུ་བྱུང་ན་ཅི་མ་རུང་སྙམ། ཡིན་ནའང་། ཨ་མས་བཤད་པའི་གཏམ་རྒྱུད་ནི་གཉིད་འགུགས་སྤྱད་ཅིག་དང་འདྲ་བར། དབྱངས་སྒྲོན་ཡང་ཤེས་མེད་ཚོར་མེད་ངང་གཉིད་ཀྱི་ཞིང་ཁམས་སུ་ཁྲིད་འགྲོ།
༧
ནུབ་ཕྱོགས་ཀྱི་གནམ་སའི་འབྲེལ་མཚམས་སུ་མཚམས་སྤྲིན་ནི་མེ་དཔུང་བཞིན་དམར་ལམ་ལམ་བྱེད། དབྱངས་སྒྲོན་གྱིས་ཁང་པའི་རྒྱབ་ཀྱི་སྒེའུ་ཁུང་ལས་མཚམས་སྤྲིན་དམར་པོས་ཁ་དོག་བསྒྱུར་ཟིན་པའི་ཤུག་སྡོང་ཁེར་སྐྱེས་དེར་ལྟ་བཞིན། སྐྱེ་བ་ཕྱི་མར་རང་ཉིད་ཀྱང་ཤུག་སྡོང་ཞིག་ཏུ་སྐྱེ་བ་ལེན་ཐུབ་ན་ཅི་མ་རུང་སྙམ། ཨ་མའི་བྱམས་བརྩེ་བོར་བའི་ཉིན་ནས་བཟུང་། མོ་ནི་ཉིན་རེའི་ཉིན་གཅིག་གི་ཕྲེང་ཐག་ཆད་ལ་ཉེ་བའི་དུས་སུ། མོའི་ནང་སེམས་ཀྱི་འཇིག་རྟེན་དུ་མྱ་ངམ་ཐང་ཞིག་མཆིས་ཏེ། སྐྱ་ཐེར་རེར་དང་སྟོང་སང་ངེར། ཁེར་རྐྱང་གི་བུ་ཡུག་ཀྱང་ཤིན་ཏུ་རྒོད། མུན་ད་དུང་རུབ་མེད་ཀྱང་། དབྱངས་སྒྲོན་གྱིས་གློག་བཀར་རྗེས། དྲ་ཡོལ་སྔོན་པོ་དེ་ཤུགས་གྱིས་འཐེན་པ་དང་། མོ་མལ་ཁྲིའི་སྟེང་གན་རྐྱལ་དུ་ཉལ་བ་ན། མིག་ཆུའང་དབང་མེད་དུ་བཞུར་བར་བྱེད། ངུས་ནས་ཐང་ཆད་པ་ན། མོ་ཤེས་མེད་ཚོར་མེད་ངང་རྨི་ལམ་གྱི་ཞིང་ཁམས་མྱུལ་འགྲོ། རྨི་ལམ་དུ་དབྱངས་སྒྲོན་ནི་ཡུན་རིང་གྱེས་པའི་ཨ་མ་དང་མཇལ་འཛོམས་བྱུང་། ཨ་མའི་ངོ་གདོང་ནི་དེ་འདྲའི་གསལ་བོ་ཞིག་སྟེ། སྐྱེ་གཟུགས་ཚིག་དྲུག་སྨྱུག་མ་ལྟ་བུའི་ལུས་ལ། ལུས་རྩལ་པའི་གྱོན་གོས་མདོག་ཁམ་པ་ཆ་ཚང་ཞིག་གྱོན་པ་དང་། གནག་སྣུམ་གྱི་ལན་བུ་རིང་བོ་དཀྲིས་ནས་གཉའ་གོང་དུ་སྐྲ་འཛེར་གྱིས་བཏེགས་ཡོད་པས། གྲུང་ཤ་དོད་ཅིང་ཟོར་ཡང་བ་ནི་ལུས་རྩལ་པ་ཞིག་དང་འདྲ། ངོ་གདོང་དཀར་ཞིང་མཆུ་སྒྲོས་དམར་བས། དབྱངས་སྒྲོན་གྱི་ཡིད་ངོའི་ཨ་མ་དང་བསྡུར་ན་གཞོན་ཤ་ཤིན་ཏུ་དོད་པར་སྣང་། རྨི་ལམ་ནང་གི་ཨ་མས་འཛུམ་དམུལ་དམུལ་ངང་དབྱངས་སྒྲོན་གྱི་མགོ་བོར་བྱིལ་བྱིལ་བྱས་བྱུང་། མགོ་བོར་བྱིལ་བྱིལ་བྱེད་ཀྱིན་ཨ་མའི་ལག་པ་ལའང་རྫུ་འཕྲུལ་ལྡན་པ་དང་མཚུངས་ཏེ། མོ་ནི་དངོས་གནས་རི་ལྡེབས་ཀྱི་ཤུག་སྡོང་ཁེར་སྐྱེས་དེར་གྱུར་སོང་། དབྱངས་སྒྲོན་གཉིད་ལས་སད་དུས། སྔས་འབོལ་ཕྱེད་ཀ་བརླན་པར་བྱས་འདུག མུན་ནག་ནང་མོས་ཨ་ཕ་འཁྲིས་ཀྱི་བོད་ལུགས་མལ་ཁྲིའི་སྟེང་མགོ་བོ་བཏུམས་ནས་ཉལ་ཡོད་པ་མཐོང་། “ཨ་ཕ་ནི་ག་དུས་ཁྱིམ་དུ་ལོག་པ་ཡིན་ནམ།” མོས་ཨ་ཕའི་འགྱུར་ཁུགས་ལྡན་པའི་དབུགས་ཀྱི་འབྱིན་རྔུབ་དེར་ཉན་བཞིན། མིག་བཙུམས་ནས་སླར་ཡང་གཉིད་དུ་ཡུར་བར་རེ་བ་བྱས་མོད། རྨི་ལམ་ནང་གི་ཨ་མའི་ངོ་གདོང་དང་རི་ལྡེབས་ཀྱི་ཤུག་སྡོང་ཁེར་སྐྱེས་གཉིས་རེས་མོས་ངང་ཡིད་ལ་འཆར་བར་བྱེད།རྩོམ་ཁུངས། ༢༠༢༤ལོའི«སྦྲང་ཆར»དེབ་བཞི་པ།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注